Chos drug gi zhal shes gnad kyi lde mig

From Shangpa Resource Center








Resource ID SCv7p669
Title chos drug gi zhal shes gnad kyi lde mig
Topics Six doctrines of Niguma
Sub-Topics Instructions
Author Sangyé Sengé
Link BDRC W23922

༄༅། །ཆོས་དྲུག་གི་ཞལ་ཤེས་གནད་ཀྱི་ལྡེ་མིག་བཞུགས་སོ།། །།

བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།
།དཔལ་རྡོ་རྗེ་འཆང་གིས་ནི་གུ་མ་ལ་གསུངས་པའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་དོན། ཞལ་གྱི་གདམས་པ་ཅུང་ཟད་ཅིག་བྲི་བར་བྱའོ།
།དེ་ལ་ཆོས་དྲུག་གི་གནད་དྲུག་ནི། གཏུམ་མོ་འབད་རྩོལ་གྱི་གནད། སྒྱུ་ལུས་བདེན་མེད་ཀྱི་གནད། རྨི་ལམ་འདུན་པའི་གནད། འོད་གསལ་མོས་གུས་ཀྱི་གནད། འཕོ་བ་མ་ཆགས་པའི་གནད། བར་དོ་མ་འཁྲུལ་པའི་གནད་དོ།
།དེ་ལ་གེགས་དྲུག་ནི། གཏུམ་མོ་ལ་འདྲེད་པ། སྒྱུ་ལུས་ལ་འཐས་པ། རྨི་ལམ་ལ་འབྱམས་པ། འོད་གསལ་ལ་སྡུགས་པ། འཕོ་བ་མ་ལ་འཕྲོས་པ། བར་དོ་ལ་འཁྲུལ་པའོ།
།གཏུམ་མོ་ལམ་གྱི་བཞུང་ཞིང་། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་འབྲས་བུ་འཆར་བྱེད་དོ། །ཅེས་གསུངས་སོ།
།སྐྱོན་གྱི་གནད་ཤེས་པར་བྱའོ། །སྤྱིར་གསོལ་འདེབས་ལ་མང་དུ་གསུངས་ཀྱང་། །ཁྱད་པར་དུ་འདི་ལྟར་གདབ་སོ། །དེ་ལ་བླ་མའི་རྣལ་འབྱོར་རྫོགས་པར་བསྒོམས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསོལ་བ་གདབ། ཁྱད་པར་དུ་བདེ་དྲོད་འབར་བར་བྱིན་གྱིས་བརླབ་ཏུ་གསོལ། །སྒྱུ་ལུས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ། འོད་གསལ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་འཛིན་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པས་གསོལ་བ་འདེབས་པའོ།
།དེ་ནས་སྦྱོར་བའི་སྐབས་སུ་སྟོང་ར་སྒོམ་པ་ཞལ་ལས་ཤེས་པ་ནི། འཁྲུལ་འཁོར་སྐྱིལ་ཀྲུང་བཅའ། ལག་མཉམ་བཞག་གམ་ས་གནོན་གང་བདེ་བྱ། སྐེད་པ་དྲང་པོར་བསྲང་། ཨོས་ཀོས་ཨོལ་མདུད་མནན། ཐོང་ཁ་ཡངས་པར་བཞག །མིག་སྣ་རྩེར་ཕབ་ལ། དམིགས་པ་ནི། རང་རྗེ་བཙུན་མར་བསྒོམས་པའི་ཕྱི་ཡི་དམ་གྱི་རྣམ་པ་ལ། ནང་ཕྲུ་མ་ཕུས་བཏབ་བཞིན་སྲབ་སང་ངེ་བ། སོར་མོའི་རྩེ་མོ་རྣ་མཆོག་གི་ཏོར་ཏོ་ཚུན་ཆད་སྦུ་གུ་སྲབ་སང་ཡོད་པར་བསམ། དེའི་སྟོང་པའི་ངང་ལྟེ་འོག་ཏུ་རིག་པ་ཁབ་མིག་ཏུ་སྐུད་པ་འཛུད་པ་བཞིན་གཏད་ལ་མ་ཡེངས་པར་བསྒོམ་མོ། །དེ་ལ་ཡོན་ཏན་མང་དུ་ཡོད་པས་ཡུན་རིང་དུ་བྱའོ། །དེ་ལ་གོམས་ན་རྩའི་སྟོང་ར་བསྒོམས་ཏེ། ལུས་གནད་འདྲ། དམིགས་པའི་སྟོང་རའི་ནང་དུ། རྩ་དབུ་མ་གྲོ་སོག་གི་སྦུ་གུ་ཙམ་ཏིལ་གྱི་མར་མེ་ལྟར་གསལ། རྒྱ་སྐེགས་ཀྱི་མེ་ཏོག་ལྟར་དམར། ཆུ་ཤིང་གི་སྡོང་པོ་ལྟར་དྲང་། པདྨའི་རྣལ་མ་ལྟར་ཕྲ་བའི་དབུ་མ་ཆོས་བཞི་དང་ལྡན་པ་ཡར་རྩེ་སྤྱི་གཙུག་ཏུ་ཟུག་པ། མར་རྩེ་གསང་གནས་སུ་ཟུག་པ་ཅིག་བསམ། དེ་ཇེ་ཆེ་ཇེ་ཆེ་ལ་སོང་ནས་མདའ་སྙུག་ཙམ། ཨུ་བྷི་ཙམ། ཞོ་དོ་ཙམ། དེ་ནས་ལུས་ཐམས་ཅད་དབུ་མའི་རང་བཞིན་སྲབ་སང་བའི་ལྟེ་འོག་ཏུ་རིག་པ་ཧྲིལ་གཏད་ལ་བསྒོམ། དེས་ནི་རླུང་སེམས་གང་དུ་ཟིན་ཀྱང་དབུ་མའི་ཡོན་ཏན་བསྐྱེད་པ་ལས་སྐྱོན་གང་ཡང་མི་འབྱུང་བས། རྩའི་སྟོང་ར་གནད་ཆེ་བ་ཡིན་པས། སློབ་མ་སྙིང་འདྲ་མ་གཏོགས་པ་མི་སྟེར་བའི་བཀའ་རྒྱ་ངེས་པ་ཅན་ཡིན་ནོ། །སྟོང་ར་འདི་ཉིད་ཀྱིས་གེགས་སེལ་ཅིང་ཡོན་ཏན་མྱུར་དུ་སྐྱེ་བའི་སྟོང་ར་ཡིན་ནོ། །གསང་ངོ་།
།རྩ་ལམ་སྦྱངས་ནས། རླུང་ལམ་སྦྱང་བ་ལ། ལུས་གནད་འདྲ། རླུང་རོ་ལན་གསུམ་འབུད། དེ་ན་འོག་རླུང་སོར་བཞག །སྟེང་རླུང་འཇམ་ལ་རིང་བར་རྔུབས་ལ་ཐུབ་ཚད་ཅིག་བཟུང་མི་ཐུབ་བཞིན་མི་བཟུང་བར་མི་ཐུབ་བ་སངས་བུས་ཤིང་ཅུང་ཟད་རེ་ངལ་གསོ། །དེ་ལྟར་བསྒོམས་པ་རླུང་རྐྱང་ཞག་རེ་ལ་བརྒྱ་བརྒྱ་བསྒོམ། སྤྱོད་ལམ་ལ་སོགས་པ་གཏུམ་མོའི་དམ་ཚིག་བཞིན་བསྲུང་ངོ་།
བླ་མའི་གཏུམ་མོ་ཞལ་ལས་ཤེས་པ་ནི། ལུས་གནད་ཐབ་འགལ་གྱི་དྲུག་ཆིངས་བྱས་ལ། དམིགས་པ་ལྟེ་འོག་རྩ་གསུམ་འཛོམ་སར། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བླ་མ་སྐུ་གཅེར་བུ་དྲོད་དང་བཅས་པ་མེའི་རང་བཞིན་ལྕགས་ཚམ་འདྲ་བ་ལ་རེག་མི་བཟོད་པ་བཞུགས་པར་བསམ། དེ་ནས་རང་གི་སྤྱི་གཙུག་ཏུ་བུག་པ་འཕང་ལོ་ཙམ་ཅིག་བསམ། བླ་མའི་ཐུགས་ཀ་ནས་འོད་ཟེར་དཔར་པོ་འཕྲོས། ཧཾ་ཞུ་ཟེད་ཀྱི་བདུད་རྩི་ཁ་དོག་དཀར་པོ་དངུལ་ཆུའི་ཧོག་མ་ལྟ་བུ་དཀར་ན་ར་ར་དབུ་མའི་ནང་ན་མར་བྱོན་པ་བླ་མའི་སྐུ་ལ་ཕོག་པས། ལྕགས་ཚན་གྱི་ནང་དུ་མར་བླུགས་པ་བཞིན་སོར་སྒྲ་དང་བཅས་ནས་མེ་འབར་བས། ལུས་ཐམས་ཅད་མེའི་རང་བཞིན་དུ་འབར་བར་བསམ། བླ་མ་ཡེ་ཤེས་ཀྱི་མེའི་རང་བཞིན་དུ་བཞུགས་པ་ལ་རིག་པ་གཏད་ནས། རླུང་ཁ་སྦྱར་བསྒོམས་པས་བདེ་དྲོད་མྱུར་དུ་སྐྱེ་བར་བྱེད་པས་བླ་མའི་གཏུམ་མོ་ཞེས་བྱའོ།
།དེའི་ཆ་ལག་ཏུ་སྲིད་པའི་དབང་ཞུ་བ་ཞལ་ལས་ཤེས་པ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། བླ་མ་ཧེ་རུ་ཀ་ཡབ་ཡུམ་དུ་བསམ་ལ། གསོལ་བ་བཏབ་ནས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ལ། ལུས་ལོངས་སྤྱོད་ཀྱི་མཆོད་པ་ཕུལ་ནས། བླ་མ་ལ་ཐིམ། བླ་མ་ཧེ་རུ་ཡབ་ཡུམ་གྱི་གནས་གསུམ་ནས།
འོད་ཟེར་ཁ་དོག་དཀར་དམར་མཐིང་གསུམ་བྱུང་ནས་རང་གི་གནས་གསུམ་དུ་རིམ་གྱིས་བྱུང་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། དབང་གསུམ་ཐོབ། ལམ་གསུམ་སྒོམ་པ་ལ་དབང་། དེ་ནས་དབང་བཞི་པའི་དོན་ལ་བཞག །རྗེས་བསྔོ་བའི་རྒྱས་གདབ་སོ། །དེ་ལྟར་མ་ཆག་པར་བསྒོམས་ན། དམ་ཚིག་རྣམས་གསོར་ཆུད། གེགས་སེལ། བོགས་ཐོན། ཡོན་ཏན་མྱུར་དུ་སྐྱེ་བའི་གནད་དོ།
ནད་གདོན་སྒྱུ་མའི་ལམ་ཁྱེར་ཞལ་ལས་ཤེས་པ་ནི། ལྟེ་འོག་གི་ཆོས་འབྱུང་ལས་འོད་ཟེར་སྣ་བུག་ལས་འཕྲོས་པས། རང་ལ་གནོད་པའི་གདོན་དང་དེས་བསྐྱེད་པའི་ནད་བཀུག་ནས། སྣ་བུག་གཡས་ནས་ཞུགས་ཆོས་འབྱུང་དུ་ཚུད་པས་འུབ་འདུས་ནས་ཡོད་པ་ལ། གནོད་བྱེད་ཀྱིས་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་རྣམས། ང་མེད་པ་ལ་ང་དང་། བདག་མེད་པ་ལ་བདྒ་ཏུ་བཟུང་བས་ན་གདོན་དུ་ཁ་དང་བཅས་པ་ལ། སྙིང་རྗེ་སྒོམ་ཞིང་ད་དཀྲུག་འཁོར་བྱས་པས། དེ་རྣམས་རིགས་དྲུག་ཏུ་སླེབ་པས་སྔོན་གནས་རྗེས་སུ་དྲན་ཞིང་དུ་ཁ་ཉམས་སུ་མྱོང་བས། སྔར་གནོད་པ་བྱས་པ་ལ་འགྱོད་པ་སྐྱེས། ཕྱིས་མི་བྱེད་པར་བསམ་ལ་དེ་རྣམས་གནོད་སེམས་དང་བྲལ། བདེན་མེད་དུ་བསམ་ལོ། །རྗེས་ལ་སྣ་བུག་གཡོན་ནས་ཐོན་པ་ལ། ཆུ་གཏོར་ལ་སོགས་སྦྱིན་ནས། ལན་ཆགས་དག་པར་བསམ་ལ། མཐར་རླུང་གིས་རྒྱ་མཚོའི་ཕྱི་རོལ་དུ་བསྐྲད་ལ་བདེན་མེད་དུ་བསྒོམ་མོ།

།ཡུལ་སྣང་ལ་སོགས་པ་ཞལ་ལས་ཤེས་པ་ནི། རང་གི་སྙིང་གར་ཧཱུྃ་དཀར་པོ་ཅིག་བསམ། དེ་ལས་འོད་ཟེར་བ་ཐག་ལྟ་བུ་བྱུང་ནས། གང་བལྟ་བར་འདོད་པའི་ཡུལ་ལམ་སྙིང་གར་ཐིམ་པར་བསམ་ནས། གཉིད་དུ་མ་སོང་རིང་ལ་སེམས་བཟུང་ན། རྨི་ལམ་ཟིན་ཅིང་ཡུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ། །རྨི་ལམ་སྒྱུ་ལུས་འབྱོངས་ན་བསམ་གྱིས་མི་ཁྱབ་པ་མཐོང་བར་འགྱུར་རོ། །སད་འབྱམས་ལ་མགྲིན་པར་རྩ་འདབ་བཞིའི་ལྟེ་བར་ཨ་ཅིག་བསམ། དེ་ལས་འོད་སྐུད་པ་དམར་པོ་བྱུང་སྟེ། དེས་སྙིང་ཁའི་འཁོར་ལོ་འདབ་མ་བཞི་ལ་ཐིག་ལེ་ཧཱུྃ་དཀར་པོ་ཅིག་བསམ་ལ། དེ་ལ་སྐུད་པ་དེས་ཁྲིས་གསུམ་གསུམ་དཀྲིས་པ་སྙིང་གའི་ཧཱུྃ་ལ་ཤེས་པ་བསྡུས་ལ་གཉིད་ལོག །འཁྲུལ་འབྱམས་ལ། ཡང་མགྲིན་པའི་ཨ་ལས་འོད་ཀྱི་སྐུད་པ་སྔར་བཞིན་བྱུང་། སྤྱི་བོའི་འཁོར་ལོའི་ཧཾ་གིས་ཐིག་ལེ་དཀར་པོ་གསུམ་ལ་དཀྲིས་ནས་སླར་ཨ་ལ་ཐིམ་པར་བསམ་ནས་ཧཱུྃ་ངམ་ཐིག་ལེ་ལ་རེག་པས་བསྡུས་ཏེ་ཉལ་ལོ།
།ཨ་ནུ་ཏ་རའི་དམིགས་པ་ཞལ་ལས་ཤེས་པ་ནི། མགྲིན་པར་འདབ་མ་བཞི་ལ། མདུན་དུ་ཨ། རྒྱབ་ཏུ་ཏ། གཡས་སུ་ནུ། གཡོན་དུ་ར། དབུས་སུ་ཨོཾ་བསམ་ལ། གཉིད་དུ་ཧྲིག་འགྲོ་བ་བཞིན་ཨ་ལ་རིག་པ་གཏད་ལ་འདུན་པ་བཏང་། དེས་འགྲེ། མཐར་ཨོཾ་ལ་གཏད་ཅིང་འདུན་པ་བཏང་། གཉིད་དུ་ཐུམས་འགྲོ་ཁར་ཨོཾ་ཡང་ཡལ་བའི་ངང་ལ་གཉིད་ལོག་པར་བྱའོ།
།སྙིང་ཁའི་རྩ་འདབ་ལ་བརྟེན་པ་ཞལ་ལས་ཤེས་ཅེས་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བཞིའི་ལྟེ་བར་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་བསམ་ལ། རླུང་ཐུན་གསུམ་བསྒོམ། དེ་ནས་ཧཱུྃ་ལ་རིག་པ་གཏད་ལ་མིག་ཧྲིག་གེ་བ་ལ་བཙུམ་ནས། སེམས་འོད་གསལ་གྱི་ངང་ལ་བཞག་སྟེ་གཉིད་ལོག་གོ། །འོད་གསལ་ཟིན་པའི་རྟགས་ནི། བཟུང་འཛིན་གྱི་རྟོག་པ་རྒྱུན་ཆད་ནས། གཉིད་ཀྱི་དངོས་པོ་འོད་གསལ་སྟོང་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཡུལ་མེད་དུ་ལྷང་ཤར་ནས། གཉིད་རྨུགས་དང་རྨི་ལམ་གྱ་བར་མ་ཆོད་པར་སད་རྒྱུ་ཡོད་པ་རེ་ཡོང་ངོ་། །དེ་ལྟར་ཉིན་མོ་ལམ་གྱི་འོད་གསལ་རང་ངོ་ཤེས མཚན་མོ་གཉིད་ཀྱི་འོད་གསལ་རང་ངོ་ཤེས་པ་དེ་ལ། རྟོགས་ལྡན་གྱི་རྣལ་འབྱོར་པ་ཞེས་བྱའོ། །ཡང་ཉམས་ཀྱི་འོད་གསལ་འཛིན་ན། སྙིང་གའི་རྩ་འདབ་སྔོན་པོ་འདབ་མ་བཞི་པ་ལ། འོད་ཀྱི་དཀྱིལ་འཁོར་ཁ་དོག་ཅི་ཡང་མ་ཡིན་པ་སྒོ་ང་ཙམ་ལ་རིག་པ་གཏད་དེ་གཉིད་ལོག་པས་ཉམས་བཟང་བ་རྣམས་ལ་མཐོང་སྣང་རྒྱ་ཆེན་པོ་འབྱུང་ངོ་། །ཐ་ནའང་ཁྱིམ་གྱི་ནང་ས་ལེ་མཐོང་བ་ལ། གཉིད་དུ་མ་སོང་སྙམ་ན་སད་རྒྱུ་རེ་ཡོད། སོང་སྙམ་ན་ཁྱིམ་ནང་དང་དངོས་པོ་ཐམས་ཅད་མཐོང་བ་ཡིན་ནོ། དེའི་ཐོག་ཏུ་རྟོགས་པའི་འོད་གསལ་དགུག་དགོས་སོ། །གནས་སུ་ལུགས་རང་འོད་འགག་པ་ཡུལ་མེད་དུ་རང་གསལ་བ་ལ་འོད་གསལ་ཞེས་བྱའོ། །དེ་ལ་རང་གསལ་བ། ཡེ་གསལ་བ། གཏིང་གསལ་བའོ། །རང་གསལ་བས་ཡུལ་མེད་པ། ཡེ་གསལ་བས་གློར་བུར་དུ་མ་བྱུང་བ། གཏིང་གསལ་བས་གསལ་བྱ་གསལ་བྱེད་ཀྱི་རྐྱེན་ལ་མི་ལྟོས་པའོ། །དེ་ལ་གསུམ། རང་བཞིན་གྱི་འོད་གསལ། ལམ་གྱི་འོད་གསལ། ཟུང་འཇུག་གི་འོད་གསལ་ལོ།
།བུམ་པ་ཅན་ཞལ་ལས་ཤེས་པ་ནི། རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་བཞག་གི་ཕྱག་རྒྱ་ཅན། སྒལ་ཚིག་དྲང་པོར་བཅའ། མིག་སྣ་རྩེར་ཕབ་ལ། དེ་ནས་རླུང་འཇམ་ལ་རིང་བར་རྔུབས་ཏེ། ཐུབ་ཚད་དུ་མནན་ལ་བཞིལ་བ་དང་། །མི་ཐུབ་ན་སངས་ཀྱིས་བཏང་ངོ་། །དེ་ལྟར་རླུང་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པའི་ཡུན་ལ་ཕྲེང་རྡོག་རེ་སྒྱུར་བའམ། ཡང་སྐྱིལ་ཀྲུང་པུས་མོ་གཉིས་ལ་ལག་པ་མ་རེག་པར་མྱུར་བུལ་རན་པར་བསྐོར་ཞིང་སེ་གོལ་རེ་ཏོག་པ་དེ་ལ་ཕྲེང་རྡོག་རེ་བསྐྱུར་བར་དུ་འགྲོ་བལྟས་ལ། དེ་ནས་ཉིན་རེ་ལ་རེ་རེ་མནན་པས་སུམ་ཅུ་རྩ་དྲུག་ཁེགས་ན་བུམ་པ་ཅན་ཆུང་ངུའོ། །བདུན་ཅུ་རྩ་གཉིས་ལ་འབྲིང་། བརྒྱ་རྩ་བརྒྱད་ཁེགས་ན་རབ་འབྱོངས་པ་ཡིན་ནོ། །འཕོ་བ་ལས་ལ་སྦྱོར་བའི་དུས་སུའང་། ཐུན་གསུམ་དང་། གཉིས་དང་། གཅིག་གིས་འཕོ་བའོ། དེ་ལྟར་བུམ་ཅན་འབྱོངས་ནས་རྟགས་བྱུང་སྦྱང་ངོ་། །འབྱོངས་ན་དུས་སུ་འཕོ་ཡི། དུས་མིན་འཕོས་ན་ལྷ་བསད་པར་འགྱུར་བས་འཕོ་བར་མི་བྱའོ། །རྩ་ལམ་འབྱེད་པ།
འཕོ་བ་བསྡུས་པ་ཞལ་ལས་ཤེས་པ་ནི། དུས་ལ་བབ་ནས་འཆི་བའི་དུས་སུ་འཕོ་བ། འཕོ་བའི་སྔོན་དུ་རྩ་འབྱེད་པ་ལ། སྐྱེས་པ་བུད་མེད་ཐིག་ལེ་ཡིས། །རླུང་སེམས་གཉིས་པོ་ཡར་ལ་འདྲེན། །ཚ་ལས་རྩ་ཁ་འབྱེད་པར་བྱེད། །མི་ཡི་ཀླད་པས་བར་ཆད་སྲུང་། །ཅེས་བཤད་པས། དེ་ལྟར་རྫས་བཞི་པོ་དེ་ལག་མཐིལ་གཡས་སུ་བླུགས། སྲིན་ལག་གཡོན་པས་གཉེས་ལ། ཡི་དམ་གྱི་རྩ་སྔགས་མང་དུ་བཏབ་སྟེ། སྤྱི་བོར་བླུགས་ལ་འཕོ་བར་བྱའོ། །འཕོ་བ་བསྡུས་ཏེ་སྒོམ་ན། སྦྱོར་བའི་ཆོས་སྔོན་དུ་སོང་ནས། དངོས་གཞི་ལ། རང་ལྷར་བསྒོམས་པའི་ལྟེ་བར་ཆོས་འབྱུང་ནི་ནང་དུ་ཡི་གེ་ཨ་དཀར་པོ་འོད་དང་བཅས་པ་ཞིག་བསམ། དེ་ནས་རླུང་རོ་ལན་གསུམ་བུས། འོག་རླུང་འཐེན། སྟེང་རླུང་མནན་པས་ཨ་དེ་རང་དབང་མེད་པར་ཨ་ཝ་དྷཱུ་ཏཱིའི་ནང་ན་ཡར་ལ་བྱུང་ནས་སྤྱི་བོ་ན་ཡར་ལ་དཀར་རྒྱང་རྒྱངས་སོང་བ་དང་། །སྟོང་པ་ཉིད་ཀྱི་ངང་དུ་སོང་བར་བསམ་མོ། །རྗེས་ལ་ཨ་མས་ཡར་བྱུང་ཚངས་བུག་བཀག །ཨ་དང་ཧཾ་ལས་ཟག་མེད་ཀྱི་བདུད་རྩི་སྐྱ་ནར་བྱུང་། །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞི་སྐྱ་མེར་གྱིས་གང་། །ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ་ལ། མ་ཡེངས་པར་སྒོམ་པའོ། །ལས་སྦྱོར་གྱི་དུས་སུ་མདུན་གྱི་ནམ་མཁར་བླ་མ་བསམ་ལ། ཨ་བླ་མའི་ཐུགས་ཀར་ཐིམ་པའི་ངང་ལས་བཞག་གོ །འཕོ་བ་ཡེ་ཤེས་སྐར་ཁུང་མ་བསྡུས་པའོ། །འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། ཆོས་ཉིད་འོད་གསལ་གྱི་འཕོ་བ་ལ་སོགས་པ་མང་དུ་ཡོད་དེ་ལོགས་སུ་ཤེས་པར་བྱའོ། །འདིར་བླ་མའི་བྱིན་རླབས་གདམས་ངག་དང་འབྲེལ་བར་བྱའོ།

།ཆོས་དྲུག་གི་ཚར་ཆོས་ནི། གཏུམ་མོ་ལམ་གྱི་གཞུང་ཤིང་བྱ་བ་འདི་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན་པས་སྒོམ་པ་གལ་ཆེ། སྔོན་གྱི་རྒྱ་བོད་ཀྱི་གྲུབ་ཐོབ་རྣམས་ཀྱང་ཕལ་ཆ་བ་གཏུམ་མོ་བསྒོམས་པ་ལས་བྱུང་བ་ཡིན་ནོ། །ཕར་ཕྱིན་པའི་ལམ་གྱི་མཐར་ཐུག་འོད་གསལ་ཡིན། གསང་སྔགས་ཀྱི་ལམ་གྱི་མཐར་ཐུག་ཟུང་འཇུག་ཡིན། །དེ་ལ་ཟུང་འཇུག་མངོན་དུ་འགྱུར་བ་ལ་འོད་གསལ་སྐྱེ་དགོས་པས། འོད་གསལ་དང་ཟུང་འཇུག་ལ་སྦྱང་ངོ་། །འོད་གསལ་མངོན་དུ་མ་གྱུར་ན། ཉིན་པར་སྒྱུ་ལུས་སྦྱངས། མཚན་མོ་རྨི་ལམ་འབྲུང་། དེའང་སྒྱུ་ལུས་ཀྱི་བོགས་རྨི་ལམ་གྱིས་འདོན། རྨི་ལམ་གྱིས་བོགས་སྒྱུ་ལུས་ཀྱིས་འདོན་པས་དེ་གཉིས་འབྲེལ་པ་ཅན་དུ་སྒོམ་པ་ཡིན་གསུང་ངོ་། །འཕོ་བ་ལམ་གྱི་ཉན་སྐྱེལ་བྱ་བ་ནི། འཕོ་བ་འདི་རྟོགས་ལྡན་གྱི་རྣལ་འབྱོར་པ་ཚུན་ཆད་ཀྱིས་བྱས་ཏེ། འཆི་བ་སླ་བའང་བྱ་རིན་ཆོག་པའོ།
།འདི་བྲིས་དགེ་བ་ཅི་མཆིས་པ། །ཚེ་གཅིག་སངས་རྒྱས་མྱུར་ཐོབ་ཤོག

།ཆོ་དྲུག་རྡོ་རྗེའི་ཚིག་རྐང་གི་ཞལ་ཤེས་གནད་ཀྱི་ལྡེ་མིག་ཅེས་བྱ་བ་ཤཱ་ཀྱའི་སྤྲང་པོ་རི་ཁྲོད་པས་བྲིས་པའི། །ཨྀཐི།། །།