Dbang sdud kyi 'khor lo'i man ngag zab mo

From Shangpa Resource Center








Resource ID Gönkar11
Title dbang sdud kyi 'khor lo'i man ngag zab mo
Alt. title dbang bsdud 'khor lo'i bri yig
Topics White protector
Sub-Topics dbang sdud kyi 'khor lo
Link BDRC W23681 (p. 242)
Notes Same text as dbang bsdud 'khor lo'i bri yig + gtor ma'i man ngag

༄༅། །དབང་སྡུད་ཀྱི་འཁོར་ལོའི་མན་ངག་ཟབ་མོ་བཞུགས།

དབང་སྡུད་ཀྱི་འཁོར་ལོ་བྲི་བ་ནི། བྲི་བའི་གཞི་དར་དང་རས་དམར་པོ། གྲོ་ག་དང་ཤོག་བུ་གང་ཡང་རུང་བའོ། །དུས་ནི་སྐར་མ་རྒྱལ་འཛོམ་པའི་ཡར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་སྔ་དྲོར། ཁ་ནུབ་ལ་བལྟས་ཏེ། རང་ཉིད་མགོན་པོ་ཡིད་བཞིན་ནོར་བུའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་བསྒོམ་ལ། ཡེ་ཤེས་པ་སྤྱན་དྲངས་ནས་བཅུག་སྟེ། བཟླས་པ་ཅུང་ཞིག་བྱ། མགོན་པོའི་ང་རྒྱལ་ལ་གནས་པས་བྲི་བར་བྱའོ།
།རྫས་ནི་གུར་གུམ། གི་ཧཾ། སིནྡྷུ་ར་རང་བྱུང༌། རྒྱ་སྐྱེགས། ཙནྡན་དམར་པོ་རྣམས་ཀྱི་ཁུ་བ་བསྲེས་པའི་མཚལ་གྱིས་བྲི་བར་བྱ་སྟེ། དེའང་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཧྲཱིཿ དེའི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཆེ་གེ་མོ་ མིང་ཡིག་བྲི ཝཱ་ཤཾ་ཀུ་རུ་ཧོཿཞེས་པ་བྲི། རྩིབས་བརྒྱད་ལ་ཧྲཱིཿ ཤོང་ན་སྔགས་དེ་ཉིད་ཁ་ནང་དུ་བསྟན་པ་བྲི། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་གཡས་སྐོར་དུ་བྲི། མདུན་དུ་བཞག་སྟེ་མཆོད་གཏོར་བཤམ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དང་བཅས་པ་གཞུང་བཞིན་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་གཞུག །མཆོད་གཏོར་བཤམས་པ་ཕུལ་ནས། ཐུགས་ཀའི་མཁའ་འགྲོ་མ་མགོན་པོའི་བཤང་ལམ་མམ། ཤངས་བུག་གཡས་ནས་ཐོན་ཏེ། འཁོར་ལོ་ཡིག་འབྲུ་རྣམས་དང་དབྱེར་མེད་དུ་འདྲེས་པར་མོས་ནས། སྔགས་སྤེལ་ཚིག་མེད་པ་སྟོང་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་བཟླས་པའི་མེ་ཏོག་གཏོར། བརྟན་བཞུགས། བསྒྲུབ་བྱའི་རྣམ་ཤེས་བཀུག་ནས་འཁོར་ལོའི་མིང་ཡིག་ལ་བསྟིམ་པ་ལན་མང་དུ་བྱས་ནས་འཁོར་ལོ་དྲིལ་ཏེ། གཞོན་ནུ་མ་མ་ཉམས་པས་བཀལ་བའི་སྐུད་པ་དམར་པོས་འཁོར་ལོ་མི་མཐོང་བར་དཀྲིས་ནས་ལུས་ལ་བཅང་བའམ། འཛིན་གཏོར་གྱི་མདའ་དར་ལ་གདགས། ཞག་རེ་བཞིན་སྤེལ་ཚིག་དང་བཅས་པའི་བཟླས་པ་མ་ཆག་པར་བྱའོ།
།ཆེས་ཟབ་པའི་མན་ངག་གོ །གསང་ངོ༌། །རྒྱ་རྒྱ་རྒྱ། ས་མ་ཡ།

།ས་མ་ཡ་མ་ཏི་ཀྲ་མ་ན་མོ།
།དང་པོར་བྱིན་གྱིས་བརླབ་པའི་ནག་པོ་ཆེན་པོའི་བསྙེན་པ་གྲངས་ཚད་རྫོགས་པར་བྱའོ། །དེ་ནས་མགོན་པོ་ཡིད་བཞིན་ནོར་བུའི་བསྙེན་སྔགས་སིདྡྷི་མ་བསྙེན་པ་གྲངས་ཐམས་ཅད་ཚང་བ། དངོས་སམ་རྨི་ལམ་གྱི་རྟགས་གང་ཡང་རུང་བ་ཐོན་ངེས་པར་བྱ། དེ་ནས་མགོན་པོ་གཟི་ལྡན་དང༌། བསྙེན་སྔགས་གྷ་ས་ཏ་དང༌། རྫས་བུམ་པ་དང༌། འཁོར་ལོ་ལ་སོགས་པ་ལ་བརྟེན་པའི་སྒྲུབ་པ་དང་ལས་སྦྱོར་རྣམས་ཉམས་སུ་ལེན་པ་ལ་འཇུག་པ་ཡིན་ནོ། །གཏོར་མ་ལྷ་རུ་བསྐྱེད་པ་ཡིན་ན། གཏོར་མའི་ལོགས་ལ་མར་གྱིས་ཧཱུྃ་བྲི། ལྷ་རུ་མི་བསྐྱེད་པའི་འཛིན་གཏོར་ནར་མ་སོགས་ལ་མར་དང་བུ་རམ་གྱིས་ནོར་བུ་བྱེད་ཀྱི། ཧཱུྃ་བྲི་བ་མ་ཡིན་ནོ།
།ས་མ་པ་ཐཱ་མི་ཐི།།