Mkha' 'gro sde lnga'i sgrub thabs rjes gnang

From Shangpa Resource Center
(Redirected from Five dakini sadhana)








Resource ID SCv2p755
Title shangs lugs mkha' 'gro sde lnga'i sgrub thabs rjes gnang dang bcas pa
Topics Five dakini
Sub-Topics Sadhana, Initiation
Author Jamgön Kongtrül Lodrö Thayé
Link BDRC W23922
BDRC W23605
BDRC W8LS16295 (p.1041+1103)

༄༅། །ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།

ཨོཾ་སྭ་སྟི།
བླ་མ་ཡི་དམ་སངས་རྒྱས་ལ། །བཏུད་ནས་སྔགས་རིགས་ཐམས་ཅད་ཀྱིས། །ལེགས་པར་སྒྲུབ་ལ་ཉེར་མཁོ་བའི། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི།
།བདག་ཉིད་གསང་སྔགས་ནང་གི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་ལ་གནས་པས།
རང་གི་མདུན་གྱི་ནམ་མཁའ་ཧཱུྃ་ལས་བྱུང་བའི་སྲུང་འཁོར་དང་། ཆོས་འབྱུང་ནམ་མཁའི་ཁམས་ཀྱི་དབུས་སུ་གཞལ་མེད་ཁང་དངོས་གྲུབ་འབྱུང་བའི་དུར་ཁྲོད་དང་བཅས་པའི་དབུས་སུ་པདྨའི་གདན་ལྔ་ཚོམ།
དབུས་སུ་ཟླ་བ་ལ་ཨོཾ་ལས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞི་བའི་ཉམས་ལྡན། ཤར་དུ་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོའི་ཉམས་ལྡན། ལྷོ་རུ་ཟླ་བ་སེར་པོ་ལ་ཏྲཱྃ་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། དགྱེས་པའི་ཉམས་ལྡན། ནུབ་ཏུ་ཉི་མ་དམར་མོ་ཟེར་དང་བྲལ་བ་ལ་ཧྲཱིཿལས་པདྨ་མཁའ་འགྲོ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཆགས་པའི་ཉམས་ལྡན། བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཨཱཿལས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་དོན་གྲུབ་ཀྱི་དབུ་རྒྱན་ཅན་ཁྲོ་ཞིང་བཞད་པ་སོགས་ཉམས་སྣ་ཚོགས་པ། ཐམས་ཅད་ཀྱང་གཡས་ཅང་ཏེའུ་འཁྲོལ་ཞིང་། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔ་དང་བཅས་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་སུ་གནས་པ། མཆན་ཁུང་གཡོན་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་ལ་རིམ་པ་བཞིན་དུ་འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི་རྣམས་ཀྱིས་མཚན་པ། འོད་ཟེར་སྣ་ལྔ་འབར་བའི་དབུས་ན་བཞུགས་ཤིང་། རང་མཚུངས་ཀྱི་མཁའ་འགྲོ་མ་གཙོ་མོ་འབུམ་འབུམ་དང་འཁོར་མཁའ་འགྲོ་གྲངས་མེད་པས་ཡོངས་སུ་བསྐོར་བའོ།
།དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་མཚམས་ཐམས་ཅད་ནས་གཙོ་མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་བཛྲ་ས་མཱ་ཛ།
རྡོ་རྗེ་རྩེ་ལྔ་པས་ཕྱག་རྒྱས་གཡབ་ཅིང་།
ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྷ་ཡ། ཨཱ་ཀ་ཌྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་ཌཱ་ཀི་ནཱཾ། ཧྲྀ་ད་ཡཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ལན་གསུམ་གྱིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ལན་ལྔ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤློ་ཀ་གཉིས་ཀྱིས་བསྟོད།
ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲིཿཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲིཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿཧྲིཿཏྲཱྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲིཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཀརྨ་ཌཱ་ཀི་ནཱི་ཨཱཿཧྲི་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།
སྤྱི་དྲིལ་གྱི་སྔགས་ནི། ཨོཾ་ཨཱཿཨོཾ་ཧཱུྃ་སྭཱ་ཧཱ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་རྣམས་བཟླ་བར་བྱའོ། །མཆོད་གཏོར་བདག་བསྐྱེད་དང་མཐུན་པར་བྱིན་གྱིས་བརླབས་ནས། ཕུད་ཀྱི་དང་པོའི་གཏོར་མ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧཱུྃ་ཕཊ། ལན་བདུན་གྱིས་ཕུལ།
དེ་ནས་མཁའ་འགྲོ་ལ་འབུལ་བ་ནི། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏྲཱིཙྪ་ཨི་མཾ་བཱ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧཱུྃ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪཨི་མཾ་བཱ་ལིཾ་ཏྲཱྃ་ཕཊཿ ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧྲཱིཿཕཊཿ ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧོཿཕཊ། ཅེས་ལན་གསུམ་སོགས་ཀྱིས་ཕུལ། རྒྱས་པར་ན་ཚིགས་བཅད་དང་བཅས་པ་དང་། བསྡུ་ན་སྔགས་ཙམ་གྱིས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ནས་སངས་རྒྱས་རིགས་སུ་སྐྱེ། །ཞེས་པའི་བར་བརྗོད། མཆོས་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ། བདག་བསྲུང་། སྨོན་ལམ། བཀྲ་ཤིས་རྣམས་བྱའོ།

།གོང་གི་གཏོར་ཆོག་དེ་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་འབུལ་བ་དང་། ལྔ་ཚན་ལྔ་པའི་གཏོར་མ་ཐུན་བཞིར་འབུལ་བ་གཏོར་མ་བརྒྱ་པ་དང་། བཞི་ཚན་བཅུ་དྲུག་ཏུ་འབུལ་བ་དབྱུག་གུའི་གཏོར་མ་སྟེ། རྒྱས་པ་དང་། ཞི་བ་དང་། དབང་དྲག་གི་ལས་ལ་བསྔགས་སོ། །དེ་དག་གི་ལག་ལེན་དང་། ལས་བྱང་གཞན་དུ་ཤེས་པར་བྱའོ།
།འདིའི་གཏོར་དབང་ནི། ཆོས་འབྱུང་གི་དབུས་སུ་ཚོམ་བུ་ལྔ་བཀོད། དེའི་སྟེང་དུ་གཏོར་མ་ལྔ་ལ་མཁའ་འགྲོ་སྡེ་ལྔའི་གཟུགས་སམ། སྔགས་བྱང་འཛུགས། སྟེགས་བུ་མཐོ་བ་ཞིག་ལ་ཕུད་གཏོར་ཆུང་བ་ཞིག་བཤམ། མཆོད་པ་རྣམས་ཅི་བདེར་བསྒྲིགས་ནས་གོང་བཞིན་བདག་མདུན་བཟླས་པ། གཏོར་འབུལ་འདོད་གསོལ་གྱི་བར་བྱས་ནས། སློབ་མ་ལ་ཆབ་བཏང་། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ།
དེའང་ལམ་ཟབ་མོ་གསང་སྔགས་ཀྱི་ཐེག་པ་འདིར་རྒྱུད་སྡེ་བཞིར་བཞུགས་པའི་ནང་ནས་རྒྱུད་སྡེ་གོང་མ་མཆོག་ཏུ་གྱུར་པ་རྣལ་འབྱོར་བླ་མེད། དེ་ལ་ཐབས་ཤེས་ཀྱིས་ཕྱེ་བའམ་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བའི་རྣལ་འབྱོར་ཕ་མ་གཉིས་མཐར་ཐུག་དགོངས་པ་གཅིག་ཀྱང་། དངོས་བསྟན་སྟོན་ཚུལ་གྱི་དབང་དུ་བྱས་ན། ཕ་རྒྱུད་ཀྱི་ཁྱད་ཆོས་ཟབ་གནད་ཐམས་ཅད་རྣལ་འབྱོར་མའི་རྒྱུད་ལ་ཚང་ཞིང་། ཕ་རྒྱུད་དུ་མི་གསལ་བའི་ཟབ་གནད་མང་པོ་ཡང་མ་རྒྱུད་ལ་ལྷག་པོར་ཡོད་པས་རྣལ་འབྱོར་མའི་རྒྱུད་ཉིད་མཆོག་ཏུ་ཟབ་ཅིང་མྱུར་བ་ཡིན། དེས་ན་རྣལ་འབྱོར་མ་རྒྱུད་ལ། རྣལ་འབྱོར་མའི་ཐབས་དང་དངོས་གྲུབ་གཙོ་བོར་སྟོན་པའི་ཕྱིར། དངོས་གྲུབ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་གཙོ་བོར་སྩོལ་བའི་ཕྱིར་གང་ཞིག་སྒྲུབ་པ་སྔགས་ལམ་ཟབ་མོར་འཇུག་པ་རྣམས་ཀྱིས་ཡེ་ཤེས་མཁའ་འགྲོ་མ་རྣམས་རྟག་ཏུ་མཉེས་པའི་ཐབས་ལ་འབད་པ་གལ་ཆེའོ། །དེ་ལྟར་འབད་པས་ནི་རིག་སྔགས་མྱུར་དུ་འགྲུབ་པ་དང་། ཉམས་ཆག་སྐོང་ཞིང་། ལས་བཞིའི་དངོས་གྲུབ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཆོག་འགྲུབ་པ་གདོན་མི་ཟ་བས། འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཁྱུང་པོ་ལོ་ཙཱ་བའི་མན་ངག་ལས་བྱུང་བའི་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་བཀའ་གཏད་གཏོར་དབང་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག
།ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས།
ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །ཅེས་ལན་གསུམ།
རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་ལྔ་པ་འདིའི་རྗེས་ཟློས། བདག་གིས་སྡིག་པ་བགྱིས་པ་དང་། །སོགས་ལན་གསུམ།
དེ་ནས་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་སྙིང་ཁའི་ནང་དུ་པདྨའི་གདན་ལྔ་ཚོམ་སོགས་མངོན་རྟོགས་ལྟར་བསྐྱེད། ཡེ་ཤེས་བཀུག་ཅིང་བསྟིམ། མཆོད་བསྟོད་ཀྱི་བར་སོང་ནས། གཏོར་མ་ཁ་གསོས་བྱིན་རླབས་བྱས་ལ་གཏོར་ཆོག་བསྔོ། འདོད་དོན་གསོལ་བ་གདབ་པར་བྱ། དེ་ནས་གཏོར་མ་ཐོགས་ལ།
གཏོར་མ་འདི་ཉིད་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྟན་ཐོག་འདི་ཉིད་དུ་སྩོལ་བར་མོས་ཤིང་། བཅོམ་ལྡན་འདས་མ་སེང་གེའི་གདོང་པ་ཅན། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ནས་རིམ་པར་བྱོན་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་དབང་བསྐུར་བ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདི་རྣམས་ཀྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་ཐམས་ཅད་རྒྱས་པར་མཛད་དུ་གསོལ། རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། བདག་འཛིན་ཉོན་མོངས་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་གནས་སྐབས་དང་མཐར་ཐུག་གི་འདོད་དོན་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ།
སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་སྦྱིན་པར་བྱ། །ཞེས་གོང་གི་སྔགས་རྣམས་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག །རྗེས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་བྱ།
།ཀུན་ནས་ཉམས་ཆག་བསྐང་བ་དང་། །ལས་སྒྲུབ་གང་ལའང་ཤིས་ཤིང་དགའ། །སྒྲུབ་པོ་ཀུན་ལ་མཁོ་བ་འདི། །སྙིང་ནས་བརྩེ་བས་མྱུར་པོར་བྲིས། །མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།
།ཞེས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཁོལ་དུ་དབྱུང་ཏེ་རྗེས་གནང་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།