Snying rje mkha' khyab sogs khyung po'i zhal gzigs kyi chos bskor rnams
Resource ID | SCv10p365 |
---|---|
Title | khyung po'i zhal gzigs kyi chos bskor rnams |
Alt. title | skye med rnam pa gsum gyi gdams ngag bdud rtsi bum pa'i tshe sgrub snying rje mkha' khyab kyi gdams ngag gnod sbyin shing rta'i gdams ngaggnod sbyin srog gi snying po'i sgrub thabs gnod sbyin yid bzhin nor bu'i sgrub thabs srid gsum g.yo 'gul gyis man ngag |
Topics | Bodhicitta |
Author | Khyungpo Neljor |
Link | BDRC W23922 |
Notes | Source-texts concerning bodhicitta. |
༄༅། །སྙིང་རྗེ་མཁའ་ཁྱབ་སོགས་ཁྱུང་པོའི་ཞལ་གཟིགས་ཀྱི་ཆོས་བསྐོར་རྣམས་བཞུགས་སོ།།
The instructions concerning the three aspects of the Innate
ཨོཾ་སྭ་སྟི།
།དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མ་མཆིས་པ། ཁྱུང་པོ་རྫོ་ཀི་ལ་ཕྱག་འཚལ་ལོ།
།ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཉམས་ལེན་སྐྱེ་མེད་རྣམ་པ་གསུམ་གྱིས་གདམས་ངག་ཏུ་འདུས་ཏེ།
དེ་ཡང་། ཡན་ལག་བདུན་པ་དང་། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ལ། སྔར་འདས་པའི་ཡུལ་ལ་ཆགས་སྡང་རྨོངས་གསུམ་གྱི་རྣམ་རྟོག་ཇི་སྙེད་པ་ཞིག་འབྱུང་སྟེ། སྔོན་གྱི་ཡུལ་དྲན་ནས་རེས་དགའ། རེས་མི་དགའ། བསྡུལ་བ་དང་། གཡང་ཟ་བ་དང་། ངོ་ཚ་བ་དང་། ཞུམ་པ་དང་། སེར་སྣ་དང་། ཞེ་སྡང་དང་། བག་ཚ་བ་དང་། འཁྱོད་པ་ལ་སོགས་པ་མཐོ་དམན་སྐྱེ་བའི་ཡུལ་སྟེ་ཆེད་དུ་དམིགས་ནས་ཡིད་ཡུལ་དུ་ལམ་གྱིས་དྲན་དུ་འཇུག
།དྲན་པའི་དུས་དེ་ཉིད་ན་ངོ་ཤེས་ཀྱི་བརྡ་སྦྱར་བས། ཆགས་སྡང་མཐོ་དམན་སྐྱེ་བའི་ཡུལ་དེ། ད་ལྟའི་དུས་ནི་རི་བོང་རྭ་དང་མཚུངས། ཅི་ཡང་ཡོད་པ་མ་ཡིན་ན། དེ་ལ་མཐོ་དམན་འབྱུང་རྒྱུད་ག་ལ་ཡོད། མཐོ་དམན་བར་གསུམ་གྱི་སེམས་ཁོ་རང་གི་ངོ་བོ་ལ་ལྟས་ཀྱང་ངོས་བཟུང་གང་ཡང་མེད་དེ། སྣང་བ་མ་འགག་ཀྱང་། ཅི་ཡང་མ་གྲུབ་པ་ནས་མཁའ་ལྟ་བུ་ལ་མཉམ་པར་བཞག །ཐུན་མཚམས་སུ་འདས་པའི་རྣམ་རྟོག་ཡུལ་དང་བཅས་པ་ཡིད་ཀྱི་ཡུལ་དུ་སྣང་ནི་སྣང་། བདེན་ནི་མི་བདེན། བདེན་མེད་སྒྱུ་མ་ལྟ་བུའོ། །ཞེས་འདུན་པ་སྦྱངས། འདས་པ་སྐྱེ་མེད་དུ་ངོ་སྤྲད་པའོ།
།དེས་རིགས་འགྲེས་ཏེ། མ་འོངས་པའི་ཡུལ་དང་། བྱ་བ་ལ་མཐོ་དམན་སྣ་ཚོགས་འབྱུང་། མ་འོངས་པའི་དངོས་པོ་ད་ལྟ་མེད་པའི་ཕྱིར། དེ་ལྟའི་དུས་ན་རི་བོང་རྭ་དང་མཚུངས་པ་སོགས་གོང་དང་འདྲ། རྗེས་ཐོབ་ཏུ་མ་འོངས་པ་རེ་དོགས་འཆར་བའི་ཡུལ་ལམ་ལམ་དྲན་པ་སྒྱུ་མ་ལྟར་ཤེས་པར་བྱ། །མ་འོངས་པ་སྐྱེ་མེད་དུ་ངོ་སྤྲད་པའོ།
།ད་ལྟར་གྱི་སྣང་བ་འདི་རྣམས་ཀྱི་སྟེང་དུ་སེམས་འགྲོར་བཅུག་པས། འདི་ཡིན་འདི་མིན་གྱིས་འཛིན་པ་དང་། བྱ་མི་བྱ་སོགས་ཀྱི་འདུ་བྱེད་དང་། ཆགས་སྡང་སོགས་སེམས་ཀྱི་མཐོ་དམན་སྣ་ཚོགས་འབྱུང་། དེ་དག་གི་ཚེ་སྣང་བ་འདི་ཐམས་ཅད་འཁྲུལ་པའི་ལོག་སྣང་ཡིན། འདི་ཕན་ཡུལ་དང་། འདི་ཕན་སེམས་ཀྱི་དབྱེ་བ་མེད། མཐོང་རྒྱུ་དང་མཐོང་མཁན་གཉིས་ཁ་ལ་ལྟས་པའི་ཚེ། ངོས་བཟུངས་ཐམས་ཅད་དང་བྲལ་བ་སྣང་བ་མ་འགགས་པ་ལ་མཉམ་པར་བཞག །དེ་ཡང་གསལ་བར་མཚོན་ན། ཁ་དོག་ལེགས་པོ་ཞིག་མཐོང་། དེ་ལ་དགའ་ཡལ་གྱི་ཆགས་སེམས་སྐྱེ། དེ་ཉིད་དུ་བརྟགས་པས། མིག་ཤེས་ཀྱི་ཕར་ཕྱིན་པ་ཡང་མེད། ཁ་དོག་གིས་ཚུར་འོངས་པ་ཡང་མེད། ཁ་དོག་གི་སྟེང་ན་དགའ་བ་ཡང་མི་འདུག །མིག་ཤེས་ཀྱི་སྟེང་ན་དགའ་བ་ཡང་མི་འདུག །བར་ན་དགའ་བ་ཡང་མི་འདུག །དགའ་བའི་ངོ་བོ་ལ་འདི་ཡིན་ཀྱང་མི་འདུག་སྟེ། དགའ་བྱ་དགའ་བྱེད་ཁུངས་སྟོངས། དགའ་བར་སྣང་ཙམ་ལ་འགགས། དེ་ཀ་སྒྱུ་མ་ལྟ་བུའི་དོན་ཡིན་པས་དེ་ཉིད་ལ་མཉམ་པར་བཞག །ཡང་ཡིད་ཀྱི་ཡུལ་དུ་དགྲ་བོ་ཞིག་དྲན། ཞེ་སྡང་ལྷང་གི་སྐྱེས། སེམས་ལ་དགྲ་བོར་ཤར་བ་དེ་རང་སེམས་ཡིན། དགྲ་མེད་པ་ལ་ཞེ་སྡང་རྒྱུ་མེད་པར་ཐག་བཅད། ད་ལྟར་བ་སྐྱེ་མེད་དུ་ངོ་སྤྲད་པའོ།
།རྗེས་བསྔོ་བས་རྒྱས་ཐེབས་པ་གལ་ཆེ། སྐྱེ་མེད་དུ་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྒོམས།
སྐྱེ་མེད་རྣམ་པ་གསུམ་གྱི་གདམས་ངག། ཨྀཐི།།
The long-life practice of the bumpa of amrita (Amitayus)
ན་མོ་གུ་རུ།
བདུད་རྩི་བུམ་པའི་ཚེ་སྒྲུབ་ནི། རང་གི་མདུན་དུ། བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་དགེ་སློང་གི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་མཉམ་བཞག་ན་ཚོའི་བུམ་པ། པད་ཟླ་ལ་སྐྱིལ་ཀྲུང་གི་བཞུགས་པ་ཞིག་བསྒོམ། མཐའ་སྐོར་དུ། སྤྱན་རས་གཟིགས་དང་། རྟ་མགྲིན། ཕྱག་རྡོར་ལ་སོགས་པ་དཔག་ཏུ་མེད་པས་སྐོར་བ། བྱང་ཆུབ་ཀྱི་ཤིང་ཤིན་ཏུ་ཆེ་བ་ལ་རྒྱབ་བརྟེན་པ་ཞིག་བསྒོམས་ལ། མཆོད་པ་བཞི་ཚོགས་སུ་སྤྲུལ་ནས་ཕུལ། ཛམ་བུ་གླིང་པའི་སེམས་ཅན་ཚེ་ཐུང་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་གསོལ་བ་དྲག་ཏུ་བཏབ། ཡན་ལག་བདུན་པ་བྱ། ཕྱག་གི་ཚེ་བུམ་རང་གི་སྤྱི་བོ་ནས་བླུག་ཅིང་བྱིན་གྱིས་རླབས། ཚེ་དཔག་མེད་འཁོར་བཅས་རང་ཉིད་ལ་ཐིམ་སྟེ་ཅུང་ཟད་མཉམ་པར་བཞག
།སྟོང་པའི་ངང་ལས་རང་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པ། ལྟེ་བར་རང་སེམས་ཧཱུྃ་དམར་པོ། རྡོ་རྗེའི་སྟེང་གི་རྭ་དབུས་མ་ལ་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོས་མཚན་པ། ཧྲཱིཿདེ་ལ་མོས་གུས་པས་ཨོཾ་བཛྲ་ཨ་ཡུ་ཥེ་བི་ཤུདྡྷ་ཧྲཱིཿཧཱུྃ་ཕཊ། །ཞེས་པ་ལན་གསུམ་བརྗོད་པས། ཧྲཱིཿལས་བདུད་རྩིའི་རྒྱུན་བྱུང་། རང་སེམས་ཧཱུྃ་ཡིག་ལ་ཐིམ་པས། ཧཱུྃ་དེ་ཇེ་དྭངས་ཇེ་གསལ་ལ་སོང་། བདུད་རྩིས་རྡོ་རྗེའི་ནང་ཐམས་ཅད་ཁེངས་པར་བསམས་ལ། རླུང་བུམ་པ་ཅན་ཚར་བདུན་བཟུང་། དེ་ནས་དམིགས་པ་དེ་ལ་གནས་པའི་སྒོ་ནས། ཨོཾ་བཛྲ་ཨ་ཡུཿཥེ་ཧཱུྃ་ཧྲཱིཿབྷྲུཾ་ཎི་ཛཿ ཅེས་ཅི་ནུས་བཟླའོ། །མཐར་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག །སླར་ཡང་བདེ་བ་ཅན་ན་རྒྱལ་བ་ཚེ་དཔག་མེད་བཞུགས་པ་ལ་འདུན་པ་གཏད་དེ། །ཚེ་རིང་བའི་འདོད་དོན་ལ་གསོལ་འདེབས་དྲག་ཏུ་བྱ། །དགེ་བ་བསྔོ། ཚེ་སྒྲུབ་ཤིན་ཏུ་ཟབ་པའོ།། ཨྀཐི།།
Instructions on Omnipresent Compassion (Chenrezi)
༈ ན་མོ་གུ་རུ།
སྙིང་རྗེ་མཁའ་ཁྱབ་ཀྱི་གདམས་པ་ནི། བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབྱེར་མ་མཆིས་པ་སྟེ། གཙོ་བོ་སྤྱན་རས་གཟིགས་ཕྱག་བཞི་པ་ཡི་གེ་དྲུག་པ། གཡས་སུ་སྲས་ནོར་བུ་འཛིན་པ། གཡོན་དུ་ཡུམ་ཡི་གེ་དྲུག་མ། དེ་གཉིས་ཀྱང་གཙོ་བོ་དང་འདྲ་བར་བསྒོམ་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་སྐྱེ་བར་མཛད་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་བཏབ། འོད་དུ་ཞུ་ནས་རང་ལ་ཐིམ།
དངོས་གཞི་ལ། སྙིང་རྗེ་རྒྱུ་ཅན་དང་། རྒྱུ་མེད་གཉིས་ཡོད་པ་ལས།
དང་པོ་ནི། ཐོག་མར་རང་གི་མ་ལྟ་བུ་གང་སྐྱེ་སླ་བ་ཞིག་བསམ། དེས་ཕན་བརྟགས་ཚུལ་དང་། དྲིན་ཆེ་ཚུལ་བསམ་པས། དེ་སྐྱིད་ན་བསམ་པའི་བྱང་སེམས་གདུང་གདུང་པ་སྐྱེད། དེ་ནས་དེའི་ཚེ་འདིའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྣམས། ཤི་ནས་འཁོར་བ་མཐའ་མེད་དུ་ངན་སོང་གི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཚུལ་བསམས་པས་མི་བཟོད་པའི་སྙིང་རྗེ་ལྷག་པར་བསྐྱེད། འདི་སྡུག་བསྔལ་མྱོང་བ་སྙིང་རེ་རང་རྗེན། ཞེས་ངག་ཏུ་ཡང་བརྗོད། དེ་ལྟར་ཡང་ཡང་བསྒོམ་པས་དེ་ལ་སྙིང་རྗེ་བསྐྱེད། དེ་ནས་སྐྱེ་སླ་བ་ཐམས་ཅད་ལ་བསྒོམ། དེ་ནས་དགྲ་རྣམས་ལའང་བསྒོམས་ནས། ཕ་མ་དང་དགྲ་ལ་ཁྱད་པར་མེད་ཚུལ་བསམ་གྱིན་ཡང་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ལ་ཚུལ་དེས་བསྒོམས་ནས་སྙིང་རྗེ་མཁའ་ཁྱབ་ཅེས་བྱའོ།
།གཉིས་པ་ནི། རང་གཞན་སྣོད་བཅུད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་འདུག་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ནམ་མཁའ་ཁེངས་པ་ཙམ་དུ་མང་བ་འདི་རྣམས་སྙིང་རེ་རྗེ། ཞེས་ངག་ཏུ་ཡང་བརྗོད་ཅིང་ཡིད་ལ་དྲག་ཏུ་བསམ་མོ། །ཡང་དེ་རྒྱུ་མཚན་ཅིས་སྙིང་རྗེ་ཞེ་ན། རང་གི་ཤེས་ཤིང་རྟོགས་ན་སྡུག་བསྔལ་ཞེས་བྱ་བ་ཡོད་རྒྱུ་མི་འདུག་པ་ལ། དེ་ལྟར་མ་རྟོགས་པས་ཡོད་པ་དང་ཁྱད་པར་མེད་པར་སྡུག་བསྔལ་མྱོང་བ་རྣམས་སྙིང་རེ་རྗེ་ན་ཞེས་བརྗོད་ཅིང་བསམ། ཡང་ཅིས་སྙིང་རེ་རྗེ་ན། སེམས་ཅན་འདི་རྣམས་རང་སེམས་ཆོས་སྐུ་སྤྲོས་བྲལ་གྱིས་ངོ་བོར་འདུག་པ་ལ། མ་རྟོགས་པས་ཡོད་ཀྱང་མ་ཕན་འཁོར་བར་འཁྱམས་པ་སྙིང་རེ་རྗེ་ན། ཞེས་བརྗོད་ཅིང་བསམ། དེ་ནས་སྙིང་རྗེའི་ངོ་བོ་ལ་ལྟས་པས། སྙིང་རྗེ་ངོས་བཟུང་དང་བྲལ། དེས་མཚོན་ནས་རང་གི་ལུས་སེམས་སྣང་གྲགས་ཐམས་ཅད་ཆེ་ཆེར་ལྟས་པས། ངོས་བཟུང་དང་ཐམས་ཅད་དང་བྲལ་བའི་ངང་ལ་དེར་མཉམ་པར་བཞག །སླར་ཡང་གནས་ཚུལ་འདི་བཞིན་དུ་འདུག་པ་དེ་ལྟར་མ་རྟོགས་པས་སྙིང་རྗེ་བསམ་གོང་བཞིན་བསྒོམ། འདིས་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་མདངས་སྙིང་རྗེ་འཆར་རོ།
།སྙིང་རྗེ་མཁའ་ཁྱབ་ཀྱི་གདམས་ངག་ཨྀཐི།།
The instructions of Yaksha chariot (Vajrapani)
༈ ན་མོ་གུ་རུ།
གནོད་སྦྱིན་ཤིང་རྟའི་གདམས་ངག་ནི། རང་སྐད་ཅིག་གིས། ཕྱག་ན་རྡོ་རྗེ་གསལ་བཏབ་ལ། སྔགས་དྲག་ཏུ་བཟླའོ། །རང་གི་མདུན་དུ་མཎྜལ་ཚོམ་བུ་དང་བཅས་པ་མཆོད་གཏོར་གྱིས་སྐོར། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས།
སྟོང་པའི་ངང་ལས་གཞན་ཡས་ཁང་སོག་ཁའི་དབུས་སུ། པདྨ་འདབ་བརྒྱད་ཀྱི་ཀྟེ་བར་བཻ་ལས་རྣམ་ཐོས་སྲས་སེར་པོ། གཡས་བེ་ཅོན་དང་། གཡོན་ནེའུ་ལེ་འཛིན་པ། ཤར་དུ་ནོར་སྦྱིན་དམར་པོ། ཞགས་པ་དང་། མཆོད་རྟེན། ལྷོར་ནོར་བུ་བཟང་པོ་དཀར་པོ། ཏྲི་ཤུ་ལ་དང་། གསེར་འཕྲེང་། ནུབ་ཏུ་གང་བ་བཟང་པོ་ལྗང་ཁུ། བུམ་པ་མདའ་གཞུ། བྱང་དུ་པི་ཙི་ཀུཎྜ་ལི་དམར་པོ། དབྱུག་ཐོ་དང་པི་ཝང་། ཤར་ལྷོར་ཀི་ལི་མི་ལི་སེར་པོ། རལ་གྲི་དང་ཞགས་པ། ལྷོ་ནུབ་ཏུ་སྤྱོད་པའི་དབང་པོ་སེར་པོ། བ་དན་དང་ལྕགས་ཀྱུ། ནུབ་བྱང་དུ་ཞལ་གྱི་དབང་པོ་སེར་པོ། བེ་ཅོན་དང་རྒྱལ་མཚན། བྱང་ཤར་དུ་ཛམ་བྷ་ལ་སེར་པོ་ཨ་རུ་ར་དང་། བི་ཛ་པུ་ར་འཛིན་པ། དེ་ཐམས་ཅད་ཀྱི་མཆན་ཁུང་དུ་ནཻའུ་ལེ་ནོར་སྐྱུག་རེ། དེ་ལྟ་བུའི་གནས་གསུམ་བྱིན་གྱིས་རླབས་ལ། ལྕང་ལོ་ཅན་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་བཀུག་ནས་བསྟིམ། དབང་བསྐུར་ཏེ། རིགས་བདག་ཕྱག་ན་རྡོ་རྗེས་རྒྱས་གདབ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་འཕྲེང་བ་གསལ་བཏབ་ལ། ཨོཾ་བཻ་ཤྲ་མ་ཎ་ཡ་བྷྲུཾ་སརྦ་སིདྡྷི་ཕ་ལ་ན་སུ་དྷ་ར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཅེས་ཅི་འགྲུབ་ཏུ་བཟླ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གཏོར་མ་ཤིང་འབྲས་དང་འབྲུ་སྣ་ཚོགས། རྨིགས་ཟླུམ་ལ་སོགས་པའི་ཤ་མི་གཙང་བ་སྤང་པའི་ཟས་བཟང་པོ་དགུས་བརྒྱན་པ་བཤམས་ལ། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ། ཧཱུྃ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་མོས་ལ། ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད། །ན་མོ་རཏྣ་ཏྲ་ཡཱ་ཡ་བཻ་ཤྲ་མ་ཎཱ་ཡ་མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོཾ་སི་མི་སི་མི། སུ་མུ་སུ་མུ། ཙནྡྲ་ཙནྡྲ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སནྡྷ་ཡ། ཨཏྨ་ནཾ། ནིདྱ་ཏདྱ། ཨནྡྷ་ར་ད་དུ་མེ། རཏྣ་སིདྡྷི་སྭཱ་ཧཱ། །ཞེས་པ་ལན་བདུན་གྱི་འགྲུབ།
གཞན་ཡང་མཆོད་པ་ཅི་ཡོད་སྔགས་འདིས་ཕུལ་བས་ཆོག །དེ་ནས་འདོད་དོན་གསོལ་བ་བཏབ། བརྟེན་ཡོད་ན་རབ་གནས་བྱ། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། སྨོན་ལམ་དང་བཀྲ་ཤིས་བརྗོད། གནོད་སྦྱིན་ཤིང་རྟའི་སྒྲུབ་ཐབས་སོ།།
The practice of Yaksha life essence (kro bo’i rgyal po)
༈ ན་མོ་གུ་རུ།
གནོད་སྦྱིན་སྲོག་གི་སྙིང་པོའི་སྒྲུབ་ཐབས་ནི། རང་ཉིད་ཡི་དམ་ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བ་ཞིག་ལ་རྟེན་ཏེ། རང་གི་མདུན་དུ། སྐད་ཅིག་གིས་ཕོ་བྲང་ཤིན་ཏུ་ཡངས་པའི་དབུས་སུ། པད་ཉི་ལ་ཙ་ཡིག་ལས་སེང་གེའི་སྟེང་དུ་བཻ་ལས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ངལ་སོས་པོ་དམར་པོ། རིན་པོ་ཆེའི་ཁྲབ་དང་རྨོག་ཞུ་གསོལ་བ་ལྷ་རྗས་ཀྱི་བརྒྱན་དང་ན་བཟའ་ཅན། ཞབས་ལ་སག་ཏིའི་ལྷྭམ་གྱོན་པ། ཞལ་ཁྲོ་ལ་འཛུམ་ཤིན་ཏུ་ཆགས་པའི་ཉམས་ཅན། ཕྱག་གཡས་པ་ན་མདུང་དམར་དར་འཕྱངས་ཅན་དང་། གཡོན་པས་གཏེར་གྱིས་ནེའུ་ལ་འཛིན་པ་རོལ་པའི་སྟབས་ཀྱི་བཞུགས་པའི་བརླ་གཡོན་པའི་སྟེང་ན། མ་ལས་ལྷ་མོ་དཔལ་ཆེན་མོ་སྐུ་མདོག་དམར་སྐྱ། གཡས་པས་ནོར་བུའི་རྒྱལ་མཚན་འཛིན་པས་ཡབ་ལ་མཁྱུད་པ། གཡོན་པས་དབང་དུ་བསྡུད་པའི་ལྕགས་ཀྱུ་བསྣམས་པ། དར་དང་རིན་པོ་ཆེའི་བརྒྱན་གྱིས་བརྒྱན་པ། དེ་ཡང་ལྷའི་རྣམ་པ་ཅན་དུ་བྱས་ན་ལས་བུལ། རྟགས་མཚན་ཆེ། མེའི་རྣམ་པ་ཅན་དུ་བྱས་ནས། ལས་མྱུར་ལ་ཅུང་ཟད་ཁུ་ཟློག་ཆེན་པོ་ཡང་གསུང་། ཕྱོགས་མཚམས་བརྒྱད་དུ། ཛམ་བྷ་ལ་ལ་སོགས་པ་གནོད་སྦྱིན་བརྒྱད་པོ་རྣམས་ཕོ་རྐྱང་རྟ་ལ་ཞོན་པ། རྣམ་པ་གཙོ་བོ་དང་མཚུངས་པ། དེའི་ཕྱི་རོལ་དུ་གནོད་སྦྱིན་བྱེ་བའི་ཚོགས་དང་། མཐའ་སྐོར་དུ་ལག་ན་རྡོ་རྗེ་ལྔ་བརྒྱ་གནས་པར་བསམས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལྕང་ལོ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ལ། ཨོཾ་བཻ་ར་ཛ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་དང་། གཞན་ཡང་དྲག་སྔགས་ཀྱི་དྲག་ཏུ་བཅུན་ལ་བགེགས་བསྐྲད། ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། །རིན་ཆེན་མཛེས་པའི་ཕོ་བྲང་ནས། །རྒྱལ་པོ་ཆེན་པོ་ངལ་སོས་བུ། །ལྷ་སྐུ་གནོད་སྦྱིན་གཏེར་བདག་གཙོ། །སྔོན་གྱི་དམ་ཚིག་རྗེས་བསྐུལ་ནས། །འཁོར་དང་བཅས་པ་གནས་འདིར་བྱོན། །ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཕྱག་ན་རྡོ་རྗེ་སོགས་ཁྲོ་བོའི་སྙིང་པོའི་མཐར། བཛྲ་ས་མཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་བཏགས་པས། རྡོ་རྗེ་སྤྱི་བོར་བཞག་པར་མོས་ཏེ། དམ་བཞག་དབང་བསྐུར་དུས་གཅིག་ཏུ་བྱས་པར་བསམ། སླར་ཡང་གོང་བཞིན་མཆོད་བསྟོད་བྱ། །ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡེ་བཻ་ཤྲ་མ་ཎ་ཡ། སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་ཅི་འགྲུབ་ཏུ་བཟླས། ཐུན་འཇོག་ཁར། གཏོར་མ་གྲུ་གསུམ་གྱི་བརྒྱན་པ་བྱིན་གྱིས་རླབས་ནས། སྔར་གྱིས་སྙིང་པོའི་མཐར། ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པུ་ཛ་ཧོཿ ཞེས་པ་ལན་གསུམ་མམ་བདུན་གྱིས་འབུལ། གོང་བཞིན་མཆོད་ལ། ཡིད་ལ་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་བཏབ། ཡིག་བརྒྱ་བཟླས། བཟོད་པར་གསོལ། བརྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ། ཚུལ་དེས་བཟླས་པ་འབུམ་ཙམ་བྱའོ།
དེ་ནས་སྲོག་གི་སྙིང་པོ་དངོས་ཀྱི་གདམས་ངག་ནི། སླར་ཡང་ཁྲོ་བོའི་བསྙེན་པ་སྐྱར་དེ་བྱ། བགེགས་གཏོར་མང་དུ་གཏོང་ཞིང་། གནོད་སྦྱིན་ཉིད་ལའང་གཏོར་མ་ཕུལ་ལ། ཕྱི་འབྲེང་གི་བགེགས་འོང་དུ་མ་གཞུག་ཅེས་ཡང་ཡང་གསོལ་བ་འདེབས་པ་གནད་ཡིན་ནོ།
།དེ་ནས་མདུན་བསྐྱེད་ཀྱི་བཟླས་པ་བོར་ཞིང་། མཆོད་པའི་ཆོ་ག་ཚར་གཅིག་པོ་དེ་བྱས་ལ། རང་ཡི་དམ་དུ་གསལ་བའི་སྙིང་གི་རྩེ་མོར། བླ་མ་དང་གསང་བའི་བདག་པོ་དབྱེར་མེད་པའི་ཧཱུཾ་སྔོན་པོ་བརྗིད་ཆགས་པ་གཅིག་བསམས། འཁོར་ལོའི་ལྟེ་བ། སྙིང་དཀར་ནག་གི་ཕྱི་མཚམས་ལ་རིག་པའི་འཁོར་ལོ་དམར་པོ་རྩིབས་བཞི་པ་ཞིག་བསྒོམ། སྙིང་གི་དབུས་སུ་རྣམ་ཐོས་སྲས་དང་། རྩིབས་བཞི་ལ། ཡི་གེ་ཏྲག་དམར་པོ་བཞི་ཡོངས་སུ་གྱུར་པ་ལས། ཤར་དུ་ནོར་རྒྱུན་མ། ལྷོར་དབྱངས་ཅན་མ། ནུབ་ཏུ་ཀླུ་མོ་ནོར་སྐྱོང་། བྱང་དུ་ཝ་ར་ལི་སྟེ། མཁའ་འགྲོ་བཞི་ཅར་ཡང་། སྐུ་མདོག་དམར་མོ། ཞི་མ་ཁྲོ། རུས་པ་དང་། རིན་པོ་ཆེས་བརྒྱན་པ། ལྕགས་ཀྱུ་དང་འཁོར་ལོ་འཛིན་པར་མོས། ཨོཾ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲིཾ་ཛཿ བཻ་ཤྲ་མ་ཎ་ཧྲིཾ། ཧ་རི་ནི་ས་ཧྲིཾ། སརྦ་འགུལ་འགུལ། ཡེང་ཡེང་། དུང་དུང་། བསྡུས་བསྡུས། ཛ་ཛཿ ཞེས་དྲག་ཏུ་བཟླས་ལ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཁའ་འགྲོ་མའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་དང་། ཕོ་ཉ་མོ་ལྕགས་ཀྱུ་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། འཁོར་ལོ་གཡས་སུ་འཁོར་བས་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་བྱུང་། འཇིག་རྟེན་ཁམས་ཀྱི་འགྲོ་བ་ཕོ་མོ་ཐམས་ཅད་འོད་ཟེར་དམར་པོས་ཆགས་པར་བྱས། དེ་དག་ཟས་ནོར་ལོངས་སྤྱོད་དང་བཅས་པ་ཐམས་ཅད། ཞགས་པ་དང་། ལྕགས་ཀྱུས་བཀུག་སྟེ་རང་ལ་ཐིམ་པར་བསམས། སྔགས་འདི་འབུམ་བཟླའོ། །དེ་ཙམ་གྱིས་མ་འགྲུབ་ྣ། ཤིན་ཏུ་གནད་ལ་འབེབས་པ་ནི། མདུན་བསྐྱེད་ཀྱི་གཙོ་བོའི་སྙིང་གི་ནང་དུ། ཕྱག་ན་རྡོ་རྗེ་དང་། འཁོར་ལོ་སྔར་བཞིན་གསལ་བའི་རྩིབས་ལ་མཁའ་འགྲོ་བཞི་བསྒོམ། བཞི་པོའི་ཐུགས་ཀར་ཛཿདམར་པོ་བཞི། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་གནས་པའི་གསང་བདག་གི་ཐུགས་བརྒྱུད་བསྐུལ། དེས་རྒྱལ་པོ་འཁོར་བཅས་ཀྱི་ཐུགས་བརྒྱུད་བསྐུལ། དེ་རྣམས་ཀྱི་འགྲོ་བ་དང་། ཟས་ནོར་དབང་དུ་བསྡུས་ནས་བདག་ཉིད་ལ་སྟིམ་པར་བསྒོམས་ལ། སྔགས་གོང་བཞིན་བཟླའོ། །ཐུན་གྱི་འཇུག་ཏུ། བསྒྲུབ་བྱ། མཁའ་འགྲོ་མ་བཞིའི་ཐུགས་ཀའི་ཛཿབཞི་ལ་ཐིམ། དེ་རྣམས་ཐུགས་ཀའི་གསང་བདག་ལ་ཐིམ། དེ་རང་ལ་ཐིམ། རང་ཡང་ཐུགས་ཀའི་ལྷ་ལྔ་ལ། དེ་ཡང་། དབུས་ཀྱི་རྒྱལ་པོ་ལ། དེ་ཡང་ཡལ་བ་ལ་མཉམ་པར་བཞག །འདི་དག་གི་བཟླས་པའི་བར་བར་ལ། མཆོད་བསྟོད་བྱ་བ་དང་། གཏོར་མ་ཐུན་བཞིར་མཆག་པ་དང་། རང་ཉིད་ཁྲོ་བོར་གསལ་བའི་བགེགས་ལ་ཕུར་བུས་འདེབས་པ་དང་། བསྐྲད་པའི་དམིགས་པ་ཡང་ཡང་བྱེད་པ་གནད་ཡིན་ནོ། །ཤིན་ཏུ་གནད་ལ་ཕེབས་པ་འདི་ཞག་བདུན་གྱི་འགྲུབ་གསུང་ངོ་། །འདིས་སྤྱིར་ལོངས་སྤྱོད་འཕེལ་ཞིང་། སྣང་སྲིད་དབང་དུ་འདུ་བ་ཡིན་ལ། འོན་ཀྱང་ཆོ་ལ་ཅུང་ཟད་གནོད་སྲིད་ན། རང་ཚེ་སྒྲུབ་ཀྱི་ལྷ་གང་ཡིན་པ་ཞིག་ཏུ་བསྒོམ་པའི་སྙིང་གར་སྔར་བཞིན་ལྷ་ལྔ་བསྐྱེད། ཚེ་བཀུག་པར་མོས་པ། ཨོཾ་པུཎྱ་པུཎྱ་བེ་ར་ཛ་ཨ་ཡུར་པུཎྱ་ཛ་ཨ་ཨཿ ཨཾ་ཨཿ ཨ་ཧཱུཾ་ཛཿ ཞེས་བཟླས་པ། རབ་ཟླ་གཅིག །འབྲིང་ཞག་ཉེར་གཅིག །ཐ་མ་ཡང་ཞག་བདུན་བྱའོ། །འདི་ལ་ལྷ་མོ་རྣམས་ལ་རྗེས་སུ་ཆགས་པའི་གནད་ཅེས་བྱ་བ། རང་ངམ་མདུན་བསྐྱེད་ཀྱི་ཐུགས་ཀའི་གསང་བདག་གི་ཐུགས་ཁའི་ཧཱུཾ་ལས་བྱང་ཆུབ་སེམས་ཀྱི་འོད་ཟེར་དཀར་པོ་བྱུང་། གསང་བའི་རྡོ་རྗེ་ནས་སྤྲོས། དེ་རྣམས་ཀྱི་པདྨར་ཐིམ། བདེ་བ་རྒྱས་པར་བསམ། མཆོད་བསྟོད་ལན་མང་དུ་བྱ། འདིས་ཁུ་བཟློག་མི་འབྱུང་། གལ་ཏེ་གནོད་སྦྱིན་འཁུ་བཟློག་བྱེད་ན། སྒྱུ་མ་ལྟར་ཤེས་པའི་སྒོ་ནས། ཡི་དམ་གྱི་སྔགས་བཟླ་ཞིང་། མཆོད་གཏོར་རེ་འབུལ་ལ། ཨོཾ་ར་ར་ར་ར། ཀུ་ནོ་ཀུ་ནོ། ཁུ་ནོ་ཁུ་ནོ། རྒྱུ་ནོ་རྒྱུ་ནོ། ས་ས་ས་ས། ཀ་ར་ཀ་ར། མ་ཧཱ་བི་ཀ་ར། མ་ཧཱ་ཀ་ལོ། མ་ཧཱ་རཱ་ཛ། རཀྵ་རཀྵ། དུ་མ་ན་ས་རྦ་སྭཱ་ཧཱ། ཞེས་མང་དུ་བཟླས་ཤིང་། །སྔགས་མདུད་དཀར་པོ་ལུས་ལ་བཏགས་པས་སེལ་ལོ། །འདི་ཤིན་ཏུ་བཀའ་གཉན་པས། མང་པོ་ལ་སྤེལ་དུ་མི་བ་ཏུ་བ་གསུང་སྟེ། མེད་པར་སྣང་ངོ་།
གནོད་སྦྱིན་སྲོག་གི་སྙིང་པོའི་སྒྲུབ་ཐབས་ཨྀཐི།།
The practice of the All Fulfilling Jewel of Yaksha (Jambhala)
༈ ན་མོ་གུ་རུ།
གནོད་སྦྱིན་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ནི། མདུན་བསྐྱེད་པདྨ་འདབ་དྲུག ལྟེ་བ་དང་། ཧྲཱིཿལས། ཛམ་བྷ་ལ་ལྗང་ཁུ། བིལ་བ་དང་། ནེའུ་ལེ་འཛིན་པ། གྲུ་ལས་རྣམ་ཐོས་བུ་སྔོན་པོ་མདའ་གཞུ་དང་། ནེའུ་ལེ་འཛིན་པ། ཧ་ལས་གཞན་གྱིས་མི་ཐུབ་པ་དཀར་པོ་བུམ་པ་འཛིན་པ། གཾ་ལས་ཚོགས་བདག་དཀར་པོ། ལ་ཕུག་དང་། ལ་དུ་འཛིན་པ། ལི་ལས་ནོར་རྒྱུན་མ་སེར་མོ། ཤིང་ཐག་དང་། སྙེ་མ་བསྣམས་པ། ཀི་ལས་ཙཎྜ་ལི་ཀ་དམར་པོ་གྲི་ཐོད་འཛིན་པར་བསམ་ལ། ཨོཾ་ཧྲཱིཿགྲུ་ཧ་གཾ་ལི་ཀི་ཟས་ནོར་སིདྡྷི་ཧཱུཾ། །ཞག་ཉི་ཤུ་རྩ་གཅིག་བཟླའོ།
།དེ་ནས། བསྒོམ་པ་དང་འདྲ་བའི། དལ་མདུན་དུ་བྲིས་ལ། སྟེང་དུ་མཉྫིའི་ཁར། ཀ་ཏོ་རའི་ནང་དུ་འབྲུ་སྣ་ཟས་སྣ། ཤིང་ཐོག་སྣ་ཚོགས། སྨན་དང་། རིན་པོ་ཆེ་སོགས་ཀྱི་བཀང་། མཐའ་མཆོད་གཏོར་གྱིས་བསྐོར། གོང་བཞིན་བཟླས་པས། སྲིད་པ་གསུམ་གྱི་བཅུད་ཐམས་ཅད། ཀ་ཏོ་རའི་རྫས་ལ་ཐིམ་པར་བསམ། ཞག་བདུན་བཟླ་གསུང་སྟེ། ཉེར་གཅིག་གོ །དེ་ནས་ཆ་གཅིག་མཎྜལ་གྱི་ཤུལ་དེར། ནོར་ལྷ་རྣམས་ལ། སྦྱིན་བསྲེགས་དུ་འབུལ། ཆ་གཅིག་བུམ་པར་བླུགས་ཏེ་གཏེར་དུ་སྦ། ཆ་གཅིག་རང་གི་ལོངས་སྤྱོད། དེ་ནས། འབྲེལ་མེད་པའི་ས་ནས། ཟས་ནོར་གཏེར་བ་བྱུང་ན། ཆ་གཅིག་བླ་མ་དང་དཀོན་མཆོག་ལ་འབུལ། ཆ་གཅིག་འབུལ་འཕོངས་སོགས་ལ་བྱིན། ཆ་གཅིག་ལོངས་སྤྱོད། ལོངས་སྤྱོད་ཐམས་ཅད་རྗེ་འཕེལ་དུ་འགྲོ། འདི་ལ་མཆོད་གཏོར་འབུལ་ལུགས་སྤྱི་དང་མཐུན།
གནོད་སྦྱིན་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཤིན་ཏུ་ཟབ་པ་ཨྀཐི།།
The instructions concerning the illusions of the Three Worlds
༈ ན་མོ་གུ་རུ།
སྲིད་གསུམ་གཡོ་འགུལ་གྱིས་མན་ངག་ནི། བསྙེན་པ་དང་བསྒྲུབ་པ་གཅིག་ཏུ་འདུས་པ་སྟེ། དང་པོ་ནི། བྲག་དམར་པོ་བྱ་ཐལ་མེད་པའམ། ཕུག་པ་ཁ་ནུབ་བསྟན་པདྨའི་དབྱིབས་ཅན་དུ། སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས། ཤུ་ནྱ་ཏས་སྦྱངས།
སྟོང་པའི་ངང་ལས། བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ། པདྨ་འདབ་བཞིའི་ལྟེ་བར། རང་སྐད་ཅིག་གི་ཡེ་ཤེས་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སེང་གེའི་གདོང་། གར་སྟབས་ཀྱི་བཞུགས་ཤིང་། གྲི་ཐོད་ཁ་ཊཾ་ག་ཐོགས་པ། གཅེར་མོ་རུས་རྒྱན་མགོ་བོའི་ཕྲེང་བ་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་སྐྱ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ། ཐམས་ཅད་ཀྱང་གཙོ་མོ་ཉིད་དང་མཚུངས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་ཕེཾ་ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཡང་ཧྲཱིཿ འདབ་མ་བཞི་ལ། ཧ་རི་ནི་ས། ཞེས་པ་གསལ་བཏབ་ལ། ཨོཾ་ཧྲཱིཿཧ་རི་ནི་ས་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་དྲག་ཏུ་བཟླས་ཤིང་། འོད་ཟེར་སྤྲོ་བསྡུའི་དམིགས་པ་བྱ། བཟླས་པའི་ཐོག་མཐར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་སོགས་ཀྱི་བསྟོད་པ་བྱ། རྗེས་མི་དམིགས་པར་བཞག །དགེ་བ་བསྔོ། རྟགས་ཀྱིས་བསྙེན་པ་ནི། བུད་མེད་བཟང་མོས་ཟས་གཏེར་བ་དང་། ནུ་མ་འདུད་པ། ཕྱག་འཚན་བ། མེ་ལོང་སྟོན་པ་སོགས་འབྱུང་། གྲངས་བསྙེན་ནི། །འབུས་ཕྲག་བཅུ། དུས་བསྙེན་ནི། ཟླ་གཅིག་གོ
།སྣང་སྲིད་གཡོ་འགུལ་གྱིས་མན་ངག་ཟབ་མོ་མཁའ་འགྲོ་ཉིད་ཀྱི་ཐུགས་བཅུད་དོ།། མངྒ་ལཾ།།