Khyung po rnal 'byor lugs kyi bde mchog lha lnga'i mngon rtogs

From Shangpa Resource Center








Resource ID SCv7p377
Title khyung po rnal 'byor lugs kyi bde mchog lha lnga'i mngon rtogs
Topics Chakrasamvara
Sub-Topics Canonical description
Author Khyungpo Neljor
Associated Person Niguma
Link BDRC W23922
BDRC W3CN18508 (v2p.376)

༄༅། །ཁྱུང་པོ་རྣལ་འབྱོར་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་བཞུགས།།

ན་མོ་གུ་རུ།
བླ་མ་དམ་པའི་ཞབས་བཏུད་ནས། །བཅོམ་ལྡན་བདེ་མཆོག་ལྷ་ལྔ་ཡི། །མངོན་རྟོགས་ཌཱ་ཀིས་གསུང་བཞིན་དུ། །རང་སེམས་གསལ་འདེབས་དོན་དུ་བྲི།
།དེ་ལ་དཔལ་བདེ་མཆོག་གི་སྒྲུབ་ཐབས་འདི་ལ་དོན་ལྔ་སྟེ། གང་གིས་བསྒྲུབ་པའི་གང་ཟག །གང་དུ་བསྒྲུབ་པའི་གནས། །གང་དང་འགྲོགས་པའི་གྲོགས། །གང་དགོས་སྒྲུབ་པའི་རྫས། །ཇི་ལྟར་སྒྲུབ་པའི་ཐབས་སོ།

།དང་པོ་ལ་གཉིས་ཏེ། གང་ལ་བརྟེན་པ། གང་གིས་བསྒྲུབ་པའོ།
།དང་པོ་ནི། བླ་མ་དམ་ཚིག་བཞི་དང་ལྡན་པ་དགོས་ཏེ། བླ་མ་བརྒྱུད་པ་དང་ལྡན་ཞིང་ཡང་དག་པའི་དོན་རྟོགས་པ། དམ་ཚིག་དང་ལྡན་ཞིང་བྱིན་རླབས་འབྱུང་བ། རྒྱུད་སྡེ་ལ་མཁས་ཤིང་ཆོ་གའི་ཁ་སྐོང་ཤེས་པ། སྙིང་རྗེ་ཆེ་ཞིང་ཆགས་པ་མེད་པའོ།
།གཉིས་པ་སློབ་མའང་མཚན་ཉིད་བཞི་ལྡན་ཏེ། །དད་པ་བརྩོན་འགྲུས་དང་ལྡན་པ། རྒྱུད་གཞན་དང་འདིའི་དབང་བསྐུར་དང་ལྡན་པ། སྙིང་རྗེ་དང་ཤེས་རབ་དང་ལྡན་པ། རྗེས་གནང་དང་སྒྲུབ་ཐབས་སུ་མཁས་པར་བསྟན་པའོ།

།གཉིས་པ་ལ་གསུམ་སྟེ། རྒྱུད་སྡེ་དང་མཐུན་པ། བར་ཆད་ལས་དབེན་པ། བཀྲ་ཤིས་པའི་གནས་སོ།
།དང་པོ་ནི། རྡོ་རྗེ་གདན་གྱི་ཕྱོགས་མཚམས་ཀྱི་དུར་ཁྲོད་ཆེན་པོ་བརྒྱད་དམ། གནས་ཉི་ཤུ་རྩ་བཞི་འམ། སུམ་ཅུ་རྩ་གཉིས་ལ་སོགས་པའོ།
།གཉིས་པ་ལ་གསུམ་སྟེ། མི་ཡིས་དབེན་པ། གདོན་གྱིས་དབེན་པ། འབྱུང་བཞིས་དབེན་པའོ།
།དང་པོ་ནི། ཆོམ་རྐུན་དང་། མིའི་འདུ་འཛི་སྣ་ཚོགས་ཀྱི་བར་ཆད་མེད་པའོ།
།གཉིས་པ་ནི། ཀླུ་དང་། ས་བདག །རྒྱལ་སྲིན་དམ་སྲི་ལ་སོགས་གདོན་གདུག་པ་ཅན་གྱིས་དབེན་པའོ།
།གསུམ་པ་ནི། འབྱུང་བཞིས་དགེ་སྦྱོར་དང་། སྲོག་གི་བར་ཆད་དུ་འགྲོ་བས་དབེན་པའོ།
།གསུམ་པ་ནི། སངས་རྒྱས་དང་གྲུབ་ཐོབ་རྣམས་ཀྱི་བཞུགས་གནས་ཏེ། མདོར་ན་ཉམས་དགའ་བཀྲ་ཤིས་གནས་སོ།

།གསུམ་པ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ།
།དང་པོ་ལ་གསུམ་སྟེ། བཟང་བ། མཐུནབ་པ། ཤེས་པའོ།
།དང་པོ་ནི། གྲོགས་མི་གཤིས་བཟང་བ། བརྟན་པ། འདུལ་བའོ།
།གཉིས་པ་ནི། ལྷ་དང་བླ་མ་ལྟ་སྤྱོད་ཐམས་ཅད་མཐུན་པའོ།
།གསུམ་པ་ནི། སྒྲུབ་ཐབས་དུ་མ་དང་། སྨན་དཔྱད་ལ་སོགས་པའི་རིགས་བྱེད། འདི་ཉིད་ཀྱི་ལག་ལེན་ལ་མཁས་པར་བྱའོ།
།གཉིས་པ་ལ་བཞི་སྟེ། ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས། མཐར་སྐྱེས་པ།
།དང་པོ་ནི། སྐྱེ་བ་སྔ་མ་ཡང་སྔགས་གཞན་དང་འདི་ཉིད་ལྷན་ཅིག་བསྒྲུབ་པས་འདིར་ཡང་ལྷ་དང་བླ་མ་གཅིག་པས་མཚུངས་ལྡན་དུ་བསྒྲུབ་པའོ།
།གཉིས་པ་ནི། སྔ་མ་དང་། འདིར་པ་མ་གཉིས་ཀྱིས་སྔགས་གྲུབ་པ་ལས་སྐྱེས་པའི་བུ་མོ་སྔགས་གཞན་དང་། འདི་ཉིད་ལས་རྒྱུད་སྦྱངས་ཤིང་འདོད་འདུན་དང་ལྡན་པ་དད་པ་ཅན་ནོ།
།གསུམ་པ་ནི། ཞིང་དང་། ཉེ་བའི་ཞིང་ལ་སོགས་པར་སྐྱེས་པ། ཌཱ་ཀིའི་རིགས་བུ་མོས་གྲོགས་བྱེད་པའོ།
།གཞི་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོས་རིགས་མ་ངེས་པའི་བུད་མེད་ཀྱི་གཟུགས་བཟུང་ནས། བས་མཐའ་ལ་སོགས་པར་བདག་གིས་སྒྲུབ་གྲོགས་བྱས་བས་གྲོལ་བར་བྱེད་པའོ།

།བཞི་པ་ལ་གསུམ་སྟེ། རྟེན་རྫས། མཆོད་རྫས། འཚོ་བའི་རྫས་སོ།
།དང་པོ་ནི། བདེ་མཆོག་གི་དཀྱིལ་འཁོར་གྱི་དམ་ཚིག་པ་རབ་གནས་བྱས་པའོ།
།གཉིས་པ་ནི། ཕྱི་ནང་གསང་གསུམ་གྱི་མཆོད་པའི་མཆོད་རྫས་རྣམས་སོ།
།གསུམ་པ་ནི། བསྒྲུབ་པ་ལ་ཞུགས་ནས། མཐོན་གྱི་བར་གྱི་ཟས་གོས་དང་། སྨན་ལ་སོགས་པའི་མཐུན་རྫས་གཉིས་ལྡན་དུ་བསགས་པའོ།

།ལྔ་པ་ལ་གཉིས། དངོས་གྲུབ་བསྒྲུབ་པ་དང་།
།དང་པོ་ལ་གཉིས་ཏེ། འབྱོར་པའི་ཚོགས་བསགས་པ་དང་། གདམས་པའི་ཚོགས་བསགས་པའོ།
།དང་པོ་ལ་གཉིས་ཏེ། ཕར་ཕྱིན་དང་། གསང་སྔགས་སོ།
།དང་པོ་ལ་གཉིས་ཏེ། རྟེན་གོང་མ་དང་། རྟེན་འོག་མའོ།
།དང་པོ་བསྒྲུབ་པ་ལ་འཇུག་པའི་གོང་དུ། དཀོན་མཆོག་གསུམ་ལ་མཆོད་པ་ བླ་མ་དང་ དགེ་འདུན་དང་ ཕ་མ་ལ་བསྙེན་བཀུར་བྱ། རྒྱལ་པོ་ལ་གསེར་དངུལ བྲམ་ཟེ་ལ་ཚངས་སྐུད་དོ།
།གཉིས་པ་ནི། རྒྱུད་ཚོད་དང་མཐུན་པའི་ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པ་དང་ ཆོས་དང་ བྱམས་པའི་སྦྱིན་པའོ།
།གཉིས་པ་ནི། བསྒྲུབ་པ་ལ་འཇུག་པའི་ཚེ། རབ་ཀྱི་དབང་བསྐུར འབྲིང་ཚོགས་འཁོར། ཐ་མ་དཔའ་བོའི་སྟོན་མོ་བྱའོ།

།གཉིས་པ་གདམས་པའི་ཚོགས་བསགས་པ་ནི་དྲུག །བསྲུང་བའི་འཁོར་ལོ་བྱ་བ། རྟེན་དཔང་པོར་བཞུགས་པ། སེམས་གསུམ་ལྷར་བསྐྱེད་པ། འདུན་རྣམ་དག་བྱ་བ། ཚད་མེད་པ་བཞི་བསྒོམ་པ། བཏང་སྙོམས་ཡེ་ཤེས།

།དང་པོ་ལ་གཉིས་ཏེ། བདག་བསྲུང་བ་དང་། གནས་བསྲུང་བའོ།
།དང་པོ་ལ་གསུམ། ལུས་བསྲུང་བ་དང་། ངག་བསྲུང་བ་དང་། ཡིད་བསྲུང་བའོ།
།དང་པོ་ནི། ཐོ་རངས་ནམ་གྱི་ཆ་བརྒྱད་ལ་ལངས་ཏེ། ནམ་མཁར་རིགས་ལྔའི་ལྷ་ཚོགས་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པས་དབང་བཞིས་ཁྲུས་བྱས་པ་དང་། རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟར་གྱུར་པར་བསམ་ལ་ཁྲུས་བྱའོ།
།གཉིས་པ་ནི། བདུད་རྩིའི་རིལ་བུ་ལྕེ་ཐོག་ཏུ་བཞག་ནས། ཨོཾ་ཨ་མྲྀ་ཝཱ་ཀ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པས་ངག་དག་པའོ།
།གསུམ་པ་ནི། སེམས་རིག་སྟོང་འཛིན་མེད་དུ་བཞག་པའོ།
།གཉིས་པ་ནི། རང་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་བསམ་ཞིང་རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས། ཐུགས་ཀའི་ཧཱུྃ་ལས་རཾ་གཅིག་དབུ་མ་ནས་མདུན་དུ་ཆད་པ་ལས་ཉི་མའི་དཀྱིལ་འཁོར་སྟོང་གསུམ་ཙམ་དུ་གྱུར། །ཡང་ཧཱུྃ་ཅིག་ཉི་མའི་སྟེང་དུ་ཆད་པ་ལས། རྡོ་རྗེ་རྒྱ་གྲམ་ལྟེ་བ་མཐིང་ག་ཤར་གྱི་རྭ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། རྒྱ་ཆེ་བས་ས་གཞི། འཕངས་མཐོ་བ་རྡོ་རྗེའི་རྭ་རྣམས་སྟེང་དུ་འདུ་བས་བླ་རེའོ།
།རྡོ་རྗེའི་སྟེང་དང་ཕྱོགས་བཞི་ནས་ཧཱུྃ་ཁ་དོག་ལྔ་འཕྲོས་པས། རྡོ་རྗེ་རྩེ་དགུ་པ་དང་། བདུན་པ་དང་། ལྔ་པ་དང་། གསུམ་པ། རྩེ་གཅིག་པ་སྲན་མ་དང་། ནས་ཙམ་ཡན་ཆད་ཀྱིས་གཏམས་པ་དང་། འོག་གི་ཉི་མ་ལ་མེ་འབར་བས། ཕྱིའི་རྡོ་རྗེ་རྣམས་ཁྲོ་ཆུ་ལྟར་ཞུ་ནས་སྲིད་པའི་རླུང་གིས་ཀྱང་མི་ཐར་བའི་བསྲུང་འཁོར་སྟོང་གསུམ་ཙམ་དུ་གྱུར་པར་བལྟའོ།
།དེས་བདུད་བཞི་བཅོམ་སྟེ། ཤར་གྱི་རྭས་ལྷ། ལྷོའི་ཕུང་པོའི། ནུབ་ཀྱིས་ཉོན་མོངས་པའི། བྱང་གིས་འཆི་བདག་གི་བདུད་བཅོམ། ཡང་དྲྭ་གུར་ཁ་དོག་ལྔས་ཕུང་པོའི། དེ་རིགས་ལྷ་ལྔའི་བུའི། དེས་ཡེ་ཤེས་ལྔས་ཉོན་མོངས་པའི། དྲྭ་གུར་སྟོང་པས་འཆི་བདག་གི་བདུད་བཅོམ་མོ།

།གཉིས་པ་ནི། རང་གི་ས་བོན་གྱི་འོད་ཀྱིས་བླ་མ་ཡི་དམ་དྲྭ་གུར་གྱི་ནང་དུ་བཞུགས་པར་བལྟ་ལ་སྐྱབས་འགྲོ་བྱའོ།
།གསུམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་སྙིང་རྗེ་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བའི་དགའ་བ། ཧེ་རུ་ཀའི་གོ་འཕང་ལ་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་ལ། བཅོམ་ལྡན་འདས་ཐུགས་རྗེའི་དབང་གིས་མདུན་དུ་བྱོན་ཏེ། དེའི་འོད་ཟེར་བདག་གི་ལུས་ལ་ཕོག་པས་ཕུང་པོ་དང་ ཁམས་སྐྱེ་མཆེད་ཀྱིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས། མེ་ལོང་གསལ་བ་ལ་གཟུགས་བརྙན་ཤར་བ་ལྟར་མདུན་གྱི་ལྷ་དང་རང་ཉིད་དབྱེར་མེད་པའི་བདེ་མཆོག་གི་སྐུར་གྱུར་པ་ནི།
།བསྲུང་བ་ནི། ཚོགས་བསགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ།
།གཞི་པ་ལ་བདུན་ཏེ། རྟེན་སྤྱན་དྲངས་པ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། སྐྱབས་སུ་འགྲོ་བ། ལམ་མཆོག་བརྟེན་པ། བསྔོ་བ་བྱའོ།
།དང་པོ་ནི། ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་ལྷ་ལྔའི་དཀྱིལ་འཁོར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ། རང་གི་གནས་གསུམ་དུ་ཐལ་མོ་སྦྱར་ཏེ། ཨོཾ་ན་མཿཏེ་ཧཱུྃ། ཨོཾ་ན་མཿམི་ཧཱུྃ། ཨོཾ་ན་མཿན་མ་ཧཱུྃ། ཞེས་པས་རྟེན་གྱི་ཞགས་ལ་གཏུགས་པའི་ཕྱག་བྱ།
།གཉིས་པ་ལ་བཞི། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ནའོ།
།དང་པོ་ནི། སྙིང་གའི་ཧཱུྃ་ལས་མེ་ཏོག་མ་སེར་མོ། ཡོན་ཆབ་མ་དཀར་མོ། བདུག་སྤོས་མ་སྔོན་མོ། མར་མེ་མ་དམར་སྐྱ། ཞལ་ཟས་མ་དཀར་མོ་དཔག་ཏུ་མེད་པས་མཆོད་དོ།
།གཉིས་པ་ནི། ཧཱུྃ་ལས་ཌཱ་ཀི་མ་མཐིང་ག་ལཱ་མ་ལྗང་གུ་ཁཎྜ་རོ་ཧི་དམར་མོ། རཱུ་པི་ནི་སེར་མོ་རྣམས་ཤ་ལྔ་བདུད་རྩི་ལྔ་ཐོགས་པ་དཔག་ཏུ་མེད་པས་མཆོད་དོ།
།གསུམ་པ་ནི། བདེ་བ་རྒྱས་པའི་ལྷ་མོ་ཡུམ་བཞི་ལ་ཐིམ་པའི་སྙོམས་འཇུག་གི་བདེ་བས་མཆོད་པའོ།
།གཞི་པ་ནི། མཆོད་བྱ་ མཆོད་བྱེད་ མཆོད་པ་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ།
།དེ་རྣམས་ཀྱང་དབང་བཞིའི་ཚུལ་དུ་མཆོད་དེ། །བུམ་དབང་ལ་སོགས་པ་བཞིས་མཆོད་པའི་རིམ་པ་བཞིན་ནོ།
།གསུམ་པ་ནི། སྔར་བྱས་པའི་སྡིག་ལ་འགྱོད། ཕྱིས་མི་བྱེད་པའི་སྡོམ་སེམས། ད་ལྟར་གྱི་ལ་རང་བཞིན་མེད་པར་བཤགས་པར་བྱའོ།
།གཞི་པ་ནི། སྤྱིར་བསྟན་པ་དང་སྔགས་ཕྱི་ནང་། ཁྱེད་པར་བདེ་མཆོག་གི་བསྒྲུབ་སྒོར་ཞུགས་པ་ལ་རྗེས་སུ་ཡི་རང་བའོ།
།ལྔ་པ་ནི། སངས་རྒྱས་གཙོ་བོ་ཡབ་ཡུམ། ཆོས་སྔགས་གྲགས་སྟོང་། ལྷ་མོ་བཞི་ དགེ་འདུན་ལ་སྐྱབས་འགྲོ་བྱའོ།
།དྲུག་པ་ནི། ལམ་རྣམས་ཀྱི་རབ་མཆོག་བདེ་བའི་མཆོག་འདི་རང་གི་རྒྱུད་ལ་བརྟེན་པའོ།
།བདུན་པ་ནི། དགེ་བའི་རྩ་བ་རྣམས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཆེན་པོར་བསྔོ་བའོ།
དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱའོ།
།ལྔ་པ་ནི། ཚད་མེད་པ་བཞིའི་འོད་ཟེར་འཕྲོས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ། སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ། །བདེ་བ་དང་མི་འབྲལ་བའི་སྤྲོ་དགའ། ཀུན་ལ་སེམས་བཏང་སྙོམས་བསྒོམ་པར་བྱའོ།
།དྲུག་པ་བཏང་སྙོམས་ཡེ་ཤེས་ཀྱི་ཚོགས་ལ་བཞི། བཏང་སྙོམས་སྟོང་ཉིད་དང་ཤེས་རབ་ཀྱིས་མཆོད་པ་མན་ངག་གིས་བཞག་པ་སྔགས་བརྗོད་པས་གྲུབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ། །ཕྱི་བཟུང་བའི་ཡུལ་ལམ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསམ་མོ།
ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། །ཞེས་པས་ནང་འཛིན་བྱེད་ཀྱི་སེམས་སམ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ།

།གཉིས་པ་འབྲས་བུ་བསྒྲུབ་པ་ལ་གཉིས། རྟེན་དང་ བརྟེན་པའོ།
།དང་པོ་ནི། སྟོང་པའི་ངང་ལས་པྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི། སུམ་ལས་རིའི་རྒྱལ་པོ་རི་རབ་གྲུ་བཞི། རིན་ཆེན་བཞི་ལས་གྲུབ་པ་ལྕོག་བརྒྱད་ཀྱིས་རྣམ་པར་མཛེས་པའོ།

།གཉིས་པ་ལ་བཞི་སྟེ། བསྐྱེད་རིམ། རྫོགས་རིམ། བཟླས་པ། གཏོར་མའོ།
།དང་པོ་ལ་ལྔ་སྟེ། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་གཞུག་པ། གནས་གསུམ་གྱི་་བྱིན་གྱིས་བརླབས་པ། དབང་བསྐུར་རྒྱས་གདབ་པ། བདུད་རྩི་མཆོད་ཅིང་མྱོང་བའོ།
།དང་པོ་ནི། རི་རབ་ཀྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དང་། གེ་སར་དུ་ལྡན་པའོ། །དེའི་དབུས་སུ་པྃ་ལས་པདྨ་རྃ་ལས་ཉི་མ། འཇིགས་བྱེད་དུས་མཚན་ནོ། དེའི་སྟེང་དུ་རང་གི་སེམས་ཧཱུྃ་དུ་གྱུར་པ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས། དོན་གཉིས་བྱས་ཚུར་འདུས་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་གཡོན་པས་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་པས་བཞུགས་པའོ། །དེའི་ཡུམ་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་པས་གྲི་གུག་འཕྱར་བ། གཡོན་པས་ཐོད་ཁྲག་སྟོབས་པ་ལང་ཚོ་ལྡན་པས་མཛེས་ཤིང་སྒེག་པ། བདེ་བའི་ཉམས་དང་ལྡན་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་སྤྱན་གསུམ་གསུམ་པ། མཆེ་བ་གཅིགས་པ། ཐོར་གཙུག་ཉི་ཟླས་མཛེས་པའོ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། འཁོར་ལོ་དང་། རྣ་རྒྱན་དང་། སེ་མོ་དོ། དཔུང་རྒྱན། ཕྱག་གདུབ། དོ་ཤལ། སྐེ་རགས། ཕྱག་རྒྱ་དྲུག་གམ། ལྔས་བརྒྱན་པ། མི་མགོའི་དོ་ཤལ་ཅན། མཚན་དཔེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། མེ་དཔུང་གི་ཀློང་ན་བཞུགས་པའོ། ཤར་གྱི་པད་འདབ་ལ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་རྣམས་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ། སྤྱན་གསུམ་པ། སྐྲ་གྲོལ་བ། མཆེ་བ་གཅིགས་པ་གཅེར་བུ་རུས་པ་དང་། མི་མགོས་བརྒྱན་པ་རོའི་སྟེང་ན་ཞབས་གཡས་བརྐྱང་བས་བཞུགས་པའོ།
།གཉིས་པ་ནི། སྙིང་གའི་ཧཱུྃ་གི་འོད་ཀྱིས་འོག་མིན་ནས་ཡེ་ཤེས་པ་ལྷ་ལྔ་སྤྱན་དྲངས་ལ། མཆོད་ཅིང་། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བཅིངས། དགྱེས་པར་བསྟིམ་མོ།
།གསུམ་པ་ནི། ཡབ་ཀྱི་དཔྲལ་བར་པད་ཟླའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ་བསམ་མོ།
།གཞི་པ་ནི། ཧཱུྃ་གི་འོད་ཟེར་གྱིས་རིགས་ལྔ་སྤྱན་དྲངས་ལ་མཆོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཅིང་ཅི་ལྟར་གསོལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩ་ཏུ་མཾ། །ཞེས་གསོལ་བ་བཏབ་པ་དང་། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔས་བདུད་རྩིའི་བུམ་པ་ཐོགས་ནས། ཧཱུྃ་ཅི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུྃ། ཞེས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །དབང་བཞི་ཐོབ་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པའོ།
།ལྔ་པ་ནི། ཀ་པཱ་ལར་མ་ད་ན་བླུགས། །ཤ་ལྔ་བདུད་རྩི་ལྔར་སྦྱངས། ཀ་པཱ་ལར་ལྷ་ལྔ་བསྐྱེད། བཟླས་པ་བྱས་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས་པས་ཐོད་པ་ཁེངས་ནས། ཡབ་ཡུམ་ཡང་ཞུ་ནས་ཐིམ་པས། དེས་ལྷ་ཚོགས་རྣམས་མཆོད་ནས། ལྕེ་ཐོག་ཏུ་བཞག་པས་བདེ་སྟོང་གཉིས་སུ་མེད་པར་བསྒོམ།

།གཉིས་པ་རྫོགས་རིམ་ནི། ལུས་གནད་ཙོག་པུ་བྱས་ལག་པས་པུས་འཁྱུད་བསྡམས། སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་དགུག །ལུས་ཡི་དམ་དུ་གསལ་བའི་རྩ་གསུམ། འཁོར་ལོ་བཞི་ཡི་ཡི་གེ་དང་བཅས་པ་གསལ་བར་བལྟ་སྟེ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་རྩེ་ཚངས་བུག །མར་སྣེ་གསང་གནས་སུ་ཟུག་པ། རྩ་རོ་རྐྱང་གཉིས་ཡར་རྩེ་སྣ་བུག །མར་རྩེ་ལྟེ་འོག་སོར་བཞིར་ཟུག་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབས་སུམ་ཅུ་རྩ་བཞིའི་ལྟེ་བར་ཧཾ་དཀར་པོ། མགྲིན་པར་རྩ་འདབ་ཅུ་དྲུག་གི་ལྟེ་བར་ཨོཾ་སེར་པོ། སྙིང་གར་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར་ཨཱཿདཀར་པོ། རྩ་དབུ་མའི་ནང་ལྟེ་འོག་སོར་བཞིར་ཨཱཿདམར་པོ་མཚལ་ཤད་ལྟ་བུ་ཅིག་བསམ། སྲོག་རྩོལ་གྱི་སྦྱོར་བས། རླུང་གཉིས་ཁ་སྦྱར་ནས་ཨཱཿལས་ཡེ་ཤེས་ཀྱི་མེ་འབར་ཏེ། དབུ་མ་ན་ཡར་སོང་བས། ལྟེ་བ་ལ་སོགས་པའི་ཡི་གེ་རྣམས་རིམ་གྱིས་བསྲེགས་ཏེ། སྤྱི་བོའི་ཧཾ་ལས་མེ་ཕོག་པས་བདུད་རྩི་བབས་ནས། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བའི་རྩ་འདབ་རྣམས་ཁེངས་པས་ཡི་གེ་རྣམས་གསོས་ནས། དྲོད་དང་། བདེ་བ། གསལ་བ། མི་རྟོག་པ་འཆར་བར་འགྱུར་རོ། །དེ་ལྟར་མེ་སྦར། བདུད་རྩི་འཛག་པའི་འབར་འཛག་པ་རྩེ་གཅིག་ཏུ་འབད་པས་དུ་བ་ལ་སོགས་པའི་རྟགས་ལྔ་རྙེད་ནས། སྤྲིལ་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་འགྱུར་རོ། དེ་ནས་ཡས་བརྟན་པའི་དགའ་བ་བཞི་གསལ་བ། མས་བརྟན་གྱི་དགའ་བ་བཞི་བརྟེན་པར་བྱེད་པའོ། །བཞི་པ་ངོ་བོ་ཉིད་ཀྱི་རྫོགས་རིམ་ནི། སྣང་སྟོང་། རིག་སྟོང་། དབྱེར་མེད་མཐའ་བྲལ་ཟུང་འཇུག་གོ

།གསུམ་པ་བཟླས་པ་ལ་གཉིས། རང་དོན་དང་ གཞན་དོན་ནོ།
།དང་པོ་ལ་གསུམ། རྡོ་རྗེའི་བཟླས་པ། བསམ་གཏན་གྱི། ཕྲེང་བའི་བཟླས་པའོ།
།དང་པོ་ནི། རླུང་ཕྱིར་འགྲོ་བ་དེ་ཧཱུྃ་མང་པོའམ། ཐུགས་རྡོ་རྗེ་དཔག་ཏུ་མེད་པར་གྱུར་ནས། རང་གཞན་གྱི་དོན་བྱས་པ་ནི་ཐུགས་ཀྱི་གསང་བའོ། རླུང་ནང་དུ་འཇུག་པ་ཨོཾ་མང་པོ་འམ། སྐུ་རྡོ་རྗེར་གྱུར་ནས་རང་གཞན་གྱི་དོན་བྱས་པ་ནི་སྐུའི་གསང་བའོ། །རླུང་བར་དུ་གནས་པ་ཨཱ་མང་པོར་རྒྱུར་པའམ། གསུང་རྡོ་རྗེ་དཔག་ཏུ་མེད་པས་རང་གཞན་གྱི་དོན་བྱས་པ་ནི། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། དེ་ལྟར་རླུང་འགྲོ་འོང་གནས་གསུམ་སྟེ། རྡོ་རྗེའི་བཟླས་པ་ཡི་གེ་ཨཱར་འདུས་པས་ན། ཨཱ་གསལ་ལ་རྟོག་མེད་བདེ་བ་ཆེན་པོའི་རང་བཞིན་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱའོ། དེ་མ་ཡེངས་པ་ཟླ་བ་གཉིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ།
།གཉིས་པ་ནི། གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལ་ཡི་གེ་བདུན་པས་བསྐོར་བའོ། ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་བྃ་ལ་བཻ་རོ་ཙ་ནས་བསྐོར་བར་བསམ། དེ་ལྟར་ས་བོན་ཡི་གེ་མི་འཁོར་བ་ལ་གསལ་བར་བལྟས་ནས། ཡིད་ཀྱིས་བཟླས་པ་བྱས་པའི་རྐྱེན་གྱིས་ཡིག་འབྲུ་ལས་འོད་ཟེར་བྱུང་ནས་ཁོང་པའི་ནང་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་སངས་དག་པར་བསམ་མོ། མ་ཡེངས་པ་ཟླ་བ་གསུམ་གྱིས་འགྲུབ་པར་འགྱུར་རོ།
།གསུམ་པ་ནི། རང་ཉིད་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན། སྙིང་པོ་དང་ཉེ་སྙིང་གིས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱས་པས། ཡབ་ཀྱི་ཐུགས་ཀའི་སྔགས་རྣམས་དབུ་མ་ནས་བརྒྱུད་དེ་རྡོ་རྗེ་ནས་ཡུམ་གྱི་པདྨ་དང་དབུ་མ་ནས་ཡར་སོང་། ཡུམ་གྱི་ཐུགས་ཀའི་སྔགས་རྣམས་དང་བཅས་ཏེ་ཞལ་དང་གསང་གནས་སུ་འཁོར་བར་བསམ་མོ།
།སྔགས་འཁོར་བ་དང་། འོད་ཟེར་རྣམས་བདེ་བའི་རང་བཞིན་དུ་བསམ་ལ་བཟླས་པ་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛྲ་ལ་སཾ་བ་ར་སྭཱ་ཧཱ། །སྙིང་པོའོ།
།ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལ་མ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧི་ཡཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་པི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ལྷ་མོ་བཞིའོ།
།གཉིས་པ་ལ་བཞི་སྟེ། ཞི་བ། རྒྱས་པ། དབང་། དྲག་པོའི་བཟླས་པའོ།
།དང་པོ་ལ། སྔགས་ཕྲེང་ལྷ་སྐུ་འོད་ཟེར་གྱི་སྤྲོ་བསྡུ་ཐམས་ཅད་དཀར་པོ་བྱའོ། སྔགས་ཀྱི་ཤམ་བུ་ལ། ཤིནྟཾ་ཀུ་རུ་སྭཱ་ཧཱ་བཏགས་སོ། སྒྲ་ལ་ཡམས་ནད་ཞི་བར་གྱུར་ཅིག་བྱའོ།
རྒྱས་པ་ལ་སེར་པོའི་སྤྲོ་བསྡུ་དང་། པུཥྚིང་ཀུ་རུ་ཨོཾ་དང་། མི་ནོར་ཟས་ལ་སོགས་པ་རྒྱས་པར་གྱུར་གཅིག་བྱའོ།
དབང་ལ་དམར་པོའི་སྤྲོ་བསྡུ་དང་། ཨ་ཀརྵ་ཡ་ཛ་ཛ་དང་། སྒྲ་ལ་སྣང་སྲིད་ཁམས་གསུམ་ཐམས་ཅད་དབང་དུ་གྱུར་ཅིག་པའོ།
།དྲག་པོ་ལ་མཐིང་གའི་སྤྲོ་བསྡུ་དང་། མཱ་ར་ཡ་ཕཊ་དང་། སྒྲ་ལ་དགྲ་བགེགས་ཐམས་ཅད་རྔུལ་དུ་རློག་ཅིག་པའོ།
།དེ་ལྟར་འཕྲིན་ལས་བཞི་ཀ་དུས་ཚོད་དང་། འདུག་སྟངས་དང་། ཁ་ལ་ལྟ་ཕྱོགས། དབྱིབས། ཁ་དོག་བསམ་པ། རླུང་སྦྱོར། ཕྲེང་བ། སོར་མོའི་བརྡ། ལྟ་སྟངས་ལྷ་མོ་བཞི་པོ་རྣམས་ཞིབ་པར་ཤེས་པར་བྱའོ།

།བཞི་པ་ལ་དྲུག་སྟེ། གཏོར་མ་སྦྱང་བ། མགྲོན་ལ་འབུལ་བ། འཕྲིན་ལས་གཞོལ་བ། ཟོད་པར་གསོལ་བ། བཀྲ་ཤིས་བརྗོད་པ། གཤེགས་སུ་གསོལ་བའོ།
།དང་པོ་ནི། སུམྦྷ་ནིས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེ། ཀཾ་ལས་མི་མགོ །ཨ་ལས་ཐོད་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་དབུས་དང་། ཕྱོགས་བཞིར་ ན་ གོ་ ཀུ་ ད་ ཧ་ལས་ཤ་ལྔ་རི་རབ་ཙམ་མོ། དེ་རྣམས་ཀྱི་སྟེང་དུ་དབུས་དང་ལྔར། བི་ མུ་ ཤུ ར་ མ་ལས་བདུད་རྩིའི་རྒྱ་མཚོའོ། ཨོཾ་ ཧཱུྃ་ ཏྲཾ་ ཧྲཱིཿ ཨཱ་སྟེ་ས་བོན་ལྔའོ། །དེའི་སྟེང་དུ་ཡི་གེ་གསུམ་དང་བཅས་པའོ། །ཧཱུྃ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་མགོ་བོ་ཐུར་དུ་བལྟ་བ། བདུད་རྩིའི་རང་བཞིན་ཅན་ཧཱུྃ་གིས་མཚན་པར་བལྟའོ།
དེ་ནས་ཡྃ་ལས་རླུང་གཡོས། རཾ་ལས་མེ་སྦར་བས་རྫས་རྣམས་ཁོམ་བ་དང་། ཡི་གེ་གསུམ་བརྗོད་པས་ཧཱུྃ་གིས་སྦྱངས། ཨཱཿཡིག་དག་པར་བྱས། ཨོཾ་གྱིས་སྤེལ་ནས། ཁ་ཊྭཱཾ་ག་དང་། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་ཁ་ཊྭཱཾ་ག་ལ་ཐིམ་པ་དང་། དེས་དཀྲུགས་པ་དང་ཟླ་བ་དང་བཅས་པ་ཞུ་ནས་གཉིས་སུ་མེད་པར་བསམ།
།གཉིས་པ་ནི། མདུན་དུ་དམ་ཚིག་གི་ཙ་ཀྲ། འགོ་དྲུག་གི་སེམས་ཅན། དཔའ་བོ་དང་། དཔའ་མོ་བསྐྱེད་ནས། རྐང་པ་གཡས་པས། གཡོན་པའི་མཐེ་བོང་མནན་ཏེ། འབར་བའི་ཕྱག་རྒྱ་ཧཱུྃ་གི་འོད་ཟེར་དང་། ངག་ཏུ། ཨོཾ་བཛྲ་ཨ་ར་ལི་ཧོ། ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། ཏྲི་ཤྱ་ཧོས་ཡེ་ཤེས་པ་བསྟིམ་ལ་མཆོད་དོ།
།དེ་ནས་ལྷ་ཚོགས་རྡོ་རྗེའི་སྦུ་གུ་ཅན་རྣམས་ཀྱིས་གསོལ་བར་བསམ་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཨི་མཾ་བ་ལིང་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཌཱ་ཀི་ནི་ཡེ་ལ་སོགས་པའི་མཐར། ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མཾ་ལྔས་འབུལ་ལོ།
།དེ་ནས་དུར་ཁྲོད་ན་གནས་པ་དང་། འབྱུང་པོའི་ཚོགས་ཐམས་ཅད་ལ་འབུལ་ཏེ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་ རཀྵ་ སརྦ་བྷུ་ཏ། པྲེ་ཏ་ བི་ཤྩ་ ཨུད་མནྟེ། ཨུ་པ་སྨཱ་ར་ཌཱ་ཀི་ནྱ་དྷ་ཡ། ཨི་དཾ་བ་ལིང་། གྷྲིཧྣ་དུ། ས་མ་ཡ། རཀྵནྟུ། མ་མ་སརྦ་སིདྷི་མེ་པྲ་ཡད་ཙྪན་དྷུ། ཡ་ཐེ་བཾ། ཡ་ཐེ་སྟྭཾ། བྷུད་ཛ་ཛ། པི་པ་ཐཱ། ཛི་གྲ་ཐཱ་ མ་ཐཱི་ཀྲ། མ་ཐཱ། མ་མ་སརྦ་ཀ་ར་ཐཱ་ཡཱ། སད་སུ་ཁཾ། བི་ཤུད་རྡ་ཡེ་སྭཱ་ཧཱ། ཡི་ཀ་བྷ་ཝན་ཏུ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཞེས་པས་ཕུལ་བས་མཉེས་པར་བསམ་མོ།
།གསུམ་པ་ནི། རྐང་པ་བརྒྱད་ཀྱི་བསྟོད་པས་འཕྲིན་ལས་བཅོལ་ཏེ། བཅོམ་ལྡན་བདེ་མཆོག་འཁོར་བཅས་ཁྱེད་ལ་བསྟོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནེད་མེད་ཚེ་དང་དབང་ཕྱུག་དང་། །ཞེས་པ་ལ་སོགས་པ་བྱའོ།
།གཞི་པ་ནི། ཡི་གེ་བརྒྱ་པས་བཟོད་པར་གསོལ།
།ལྔ་པ་བཀྲ་ཤིས་བྱ།
དྲུག་པ། ཁྱེད་ཀྱིས། ཞེས་དང་། བཛྲ་མུཾཿགཤེགས་སུ་གསོལ། སྨོན་ལམ་དང་བསྔོ་བ་བྱའོ།
།དེ་ལྟར་གདན་བཞིའི་བཤད་རྒྱུད་ལས། དངོས་གྲུབ་འདོད་པའི་རྣལ་འབྱོར་པ། །ནན་ཏན་དུ་ནི་གཏོར་མ་སྦྱིན། །ཞེས་པས། ཐུན་མཚམས་སུ་གཏོར་མ་ལ་བརྩོན་པར་བྱའོ།
།དཔལ་ལྷ་ལྔའི་མངོན་པར་རྟོགས་པ་ཡེ་ཤེས་ཀྱི་ཌཱ་ཀི་མའི་གསུང་ཇི་ལྟ་བ་བཞིན་བཀོད་པའོ། །ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ།།
འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཌཱ་ཀི་ནི་གུ་མཁྱུང་པོ་རྣལ་འབྱོརརྨོག་ལྕོག་པསྐྱེར་སྒང་པ། ༼གཉན་སྟོན།༽ སངས་རྒྱས་སྟོན་པམཁས་གྲུབ་ཤངས་སྟོནམཁས་གྲུབ་རྒྱལ་མཚན་འབུམབྱམས་དཔལ་བཟང་པོཆོས་རྗེ་བློ་གྲོས་དཔལ་བཟང་པོ། རྟོགས་ལྡན་རིན་ཆེན་དཀོན་མཆོག་རྒྱལ་མཚན་ནོ།། །།