Lha bzhi dril sgrub kyi nyams len ye shes rang gsal
Resource ID | SCv4p93 |
---|---|
Title | dpal ldan shangs pa bka' brgyud kyi zab chos lha bzhi dril sgrub kyi nyams len ye shes rang gsal |
Topics | Combined Accomplishment of the Four Deities |
Sub-Topics | Practice |
Author | Jamgön Kongtrül Lodrö Thayé |
Link | BDRC W23922 BDRC W23605 BDRC W00KG01617 BDRC W8LS16295 (p.1077) BUDA MW3CN2837 (p.993) |
༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ་ཞེས་བྱ་བ་བཞུགས་སོ།།
།ན་མོ་གུ་རུ་བེ།
སུ་ཁ་སིདྡྷི་རཱ་ཧུ་ལ། །བརྒྱུད་ནས་བརྒྱུད་པར་བྱིན་བརླབས་པ། །ལྷ་བཞིའི་ཞབས་ལ་བཏུད་ནས་འདིར། །རྒྱུན་གྱི་ཉམས་ལེན་ཁྱེར་བདེ་འཆད། །འདི་ཉིད་ཀྱི་བཀའ་དང་ཁྲིད་རིམ་ཐོབ་པའི་སྐལ་པ་ཅན་དག་གིས་ཉམས་ལེན་སྙིང་པོར་དྲིལ་བ་ནི་འདི་ལྟ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ།
།དང་པོ་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྟེ།
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ། །ལན་གསུམ།
སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ལྷ་བཞི་དྲིལ་སྒྲུབ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ།
གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་བཟླས་དང་། ཐུན་མོང་མ་ཡིན་པའི་དབང་ལེན་པའོ།
།དང་པོ་ནི། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་དབུས། །རང་ཉིད་དཔལ་ལྡན་འཁོར་ལོ་སྡོམ་པའི་སྐུ། །གསལ་བའི་སྤྱི་བོར་ཆོས་འབྱུང་བདེ་བ་ཆེ། །ཕྱི་དཀར་ནང་དམར་འོད་ཀྱི་རང་བཞིན་དབུས། །པདྨ་འདབ་བཞིའི་ལྟེ་བར་ཉི་ཟླའི་སྟེང་། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་མཚན་ཡོངས་སུ་གྱུར། །བླ་མ་རྡོ་རྗེ་འཆང་ཆེན་ནམ་མཁའི་མདངས། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རང་འོད་དབྱིངས་ཕྱུག་གྲི་ཐོད་འཛིན་མར་འཁྱུད། །དར་དང་རུས་པ་རིན་པོ་ཆེ་ཡིས་བརྒྱན། །བྱིན་རླབས་ཡེ་ཤེས་འོད་ཟེར་མུ་མེད་ཀློང་། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་མདུན་ཉི་མར་ཚོགས་བདག་བསྒྱེལ་བའི་གདན། །ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས། །ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ། །ཆར་སྤྲིན་མདོག་ཅན་སྤྱན་གསུམ་མཆེ་བཞི་གཙིགས། །སྨར་སྨིན་དབུ་སྐྲ་དམར་སེར་གྱེན་དུ་འབར། །གཡས་གསུམ་གྲི་གུག་ཐོད་ཕྲེང་ཌཱ་མ་རུ། །གཡོན་གསུམ་ཐོད་ཁྲག་རྩེ་གསུམ་ཞགས་པ་བསྣམས། །ཐོད་པ་སྐམ་རློན་རུས་པ་སྦྲུལ་རིགས་དང་། །ལི་ཁྲིའི་ཐིག་ལེ་དྲིལ་བུ་གཡེར་ཁས་བརྒྱན། །སྤྱི་བོར་མི་བསྐྱོད་རྒྱལ་པོའི་ཅོད་པན་མཛེས། །གླང་ཀོའི་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་ཅན། །མེ་ཕུང་དབུས་ན་བཞེངས་པའི་སྟབས་ཀྱིས་རོལ། །གཡས་སུ་ཉི་སྟེང་ཧྲཱིཿདམར་གྲི་གུག་ཧྲཱིཿས། །མཚན་པ་ཡོངས་གྱུར་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གཞོན་ཚུལ་ཞལ་འཛུམ་བཞད་པའི་ཉམས། །སྤྱན་གསུམ་གཡོན་གཟིགས་ལྕང་ལོ་སིལ་བུར་འཕྱངས། །ཕྱག་གཡས་གྲི་གུག་ཐུར་སྡིགས་གཡོན་པ་ཡིས། །བདུད་རྩིས་གང་བའི་ཐོད་པ་སྟེང་ནས་གསོལ། །ཁ་ཊྭཱཾ་ག་འཆང་ཕྱག་རྒྱ་ལྔ་ཡིས་སྤྲས། །གཡས་བརྐྱང་སྟབས་ཀྱིས་འཇིགས་དུས་མནན་པའོ།།རྒྱབ་ཏུ་ཟླ་བའི་གདན་ལ་ཧྲཱིཿཡིག་ལས། །པད་དཀར་ཧྲཱིཿས་མཚན་ཡོངས་གྱུར་སྤྱན་རས་གཟིགས། །དཀར་གསལ་ཕྱག་གཡས་སྐྱབས་སྦྱིན་བུམ་པས་མཚན། །གཡོན་པས་པད་དཀར་སྡོང་བུ་ཐུགས་ཀར་བསྣམས། །དབུ་སྐྲ་སིལ་བུ་འོད་དཔག་མེད་པས་མཚན། །ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །གཡོན་ཕྱོགས་ཟླ་སྟེང་ཏཱྃ་ལས་ཨུཏྤ་ལ། །ཏཱྃ་མཚན་ཡོངས་གྱུར་ཨཱཪྻཱ་ཏཱ་རེ་ལྗང་། །བཅུ་དྲུག་སྒེག་ཉམས་དོན་གྲུབ་དབུ་རྒྱན་ཅན། །གཡས་གཡོན་སྐྱབས་སྦྱིན་ཨུཏྤལ་རབ་རྒྱས་འཛིན། །རྒྱན་ལྡན་གཡས་བརྐྱང་གཡོན་བསྐུམ་རོལ་པས་འགྱིང་། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་རྩ་གསུམ་དཀོན་མཆོག་གསུམ། །བླ་མ་ལྷ་བཞིའི་རྣམ་པར་སྤྱན་དྲངས་ཐིམ། །ཛཿཧཱུྃ་བྃ་ཧོཿ སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །བླ་མ་རིན་པོ་ཆེ་ལྷ་བཞིའི་ཚོགས་ལ་བདག་གིས་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་སོགས་པ་མཆོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་མཉེས་པར་བགྱིའོ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།
བྱིན་རླབས་མ་ལུས་འབྱུང་བའི་སྒོ། །དངོས་གྲུབ་མ་ལུས་ཐོབ་པའི་གནས། །བར་ཆད་མ་ལུས་སེལ་བའི་ལྷ། །བླ་མ་ལྷ་བཞིའི་ཚོགས་ལ་འདུད།
།དམ་པ་ཁ་ཅིག་གིས་མཆོད་བསྟོད་འདིའི་ཚབ་ཏུ་ཡན་ལག་བདུན་པ་དང་མཎྜལ་འབུལ་བའང་བཞེད། དེ་ནས་དབུས་ཀྱི་བླ་མ་ལ་དམིགས་པའི་མོས་གུས་བཅས།
ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རི་ཎཱི། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷ་བོ་དྷི་ས་ཏྭཱ་ཡ་ཤ་ར་ཎཾ་གཙྪཱ་མི་ཀྱཻ། ཞེས་བཟླས།
བླ་མའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།མདུན་གྱི་མགོན་པོ་ལ་དམིགས་ཏེ།
ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས།
མགོན་པོའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །མགོན་པོའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།གཡས་ཀྱི་རྣལ་འབྱོར་མ་ལ་དམིགས་ཏེ།
ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་ཡིག་རྙིང་གི་དངོས་བསྟན་ཡིན་ལ། ཕྱིས་ཀྱི་ཕྱག་ལེན་ཁ་ཅིག་ཏུ་འདི་ལ་ཨོཾ་གསུམ་མ་བཟླ་བར་གསུངས།
རྣལ་འབྱོར་མ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །ཕག་མོའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།རྒྱབ་ཀྱི་སྤྱན་རས་གཟིགས་ལ་དམིགས་ཏེ།
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་རཀྵ་ན་མཿས་མནྟ་ཧཱུྃ་ཕཊ། ཅེས་བཟླ།
འཕགས་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །འཕགས་པའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།གཡོན་གྱི་སྒྲོལ་མ་ལ་དམིགས་ཏེ།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླ།
སྒྲོལ་མའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །སྒྲོལ་མའི་གསང་གསུམ་བྱིན་རླབས་ཐོབ་པར་གྱུར།
།འདིའི་བསྙེན་པ་ཆེད་དུ་བྱེད་ན། ན་མོ་བུདྡྷ་ཅུང་ཟད་མང་བ་དང་། གཞན་བཞི་པོ་ཆ་སྙོམས་ནས་བཟླ། མགོན་པོའི་བསྙེན་པའི་ཐོག་མར་འདི་ཉིད་བཏང་སྐབས་མགོན་བསྙེན་ཉིད་བུངས་བསྐྱེད་པར་གསུངས་པ་དང་། ཁྲིད་རྒྱུན་དུ་རྣལ་འབྱོར་མའི་ཨོཾ་གསུམ་མ་གཙོ་བོར་བཟླ་བར་གསུངས་པ་དེ་དག་གི་རྣལ་འབྱོར་གཙོར་བཏོན་པ་ལ་དགོངས་པར་མངོན་ཞིང་། འདིར་རྒྱུན་གྱི་བཟླས་པར་བརྒྱའམ་བདུན་ལ་སོགས་པ་ཆ་སྙོམས་པ་ཁོ་ན་བཟླ་བ་དང་། སྤྲོས་པས་མི་ལྕོགས་པའི་སྐབས་སུ་སོ་སོའི་དམིགས་པའི་ཚིག་བཅད་རྣམས་དོར་ཏེ་བསྟོད་པའི་རྗེས་ཁོ་ནར་སྔགས་རྣམས་ཚར་གསུམ་གསུམ་བཟླ་བའི་ཚེ།
བླ་མ་ལྷ་ལས་བདུད་རྩིའི་ཆུ་རྒྱུན་བབ། །རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་དག །བླ་མ་ལྷ་བཞིའི་གསང་གསུམ་བྱིན་ཐོབ་གྱུར། །ཞེས་སོ།
།གཉིས་པ་ནི། རྒྱས་བསྡུས་གང་ལྟར་བཟླས་སྒོམ་གྲུབ་པའི་ཐུན་མཐར་སྔགས་ཚན་ལྔ་སྤེལ་བའམ།
ན་མོ་བུ་དྡྷ་ལན་གསུམ་གྱིས་གསོལ་བ་བཏབ་པས།
བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །ལྷ་བཞི་ཚུར་བསྡུས་སྤྱི་བོར་སྤྱན་རས་གཟིགས། །མགྲིན་པར་སྒྲོལ་མ་ཐུགས་ཀར་ནག་པོ་ཆེ། །ལྟེ་བར་རྣལ་འབྱོར་མ་བཞུགས་སླར་ཡང་འོད། །འཕྲོས་པས་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། །བླ་མའི་སྐུ་ལུས་ཡོངས་སུ་བཏམས་པར་གྱུར།
།འོག་རླུང་བསྐུམ། རླུང་བུམ་ཅན་ནམ་བར་རླུང་བཟུང་ལ།
གསང་གནས་རླུང་གཡོས་ལྟེ་བའི་གཏུམ་མོ་འབར། །ཚངས་བུག་ནས་ཐོན་ཆོས་འབྱུང་དྲོས་པ་ཡིས། །བླ་མའི་སྐུར་ཕོག་ལྷ་རྣམས་བདེ་བར་ཞུ། །བདུད་རྩིའི་རྒྱུན་བྱུང་རང་གི་སྤྱི་བོ་ནས། །མགྲིན་པ་ཡན་གང་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །སྙིང་ག་ཡན་གང་ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །ལྟེ་བ་ཡན་གང་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་དབང་ཐོབ་ཐུགས་ཀྱི་བྱིན་རླབས་ཞུགས། །ལུས་ཀུན་གང་བས་སྒོ་གསུམ་སྡིག་སྒྲིབ་དག །བཞི་པའི་དབང་ཐོབ་བྱིན་རླབས་ཡོངས་སུ་རྫོགས། །ཆོས་འབྱུང་འོད་ཡལ་བླ་མ་རང་ལ་ཐིམ། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར།
།གསུམ་པ་རྗེས་ལ་གཉིས། མཉམ་པར་བཞག་པ་དང་། ཐུན་མཚམས་ཀྱི་བྱ་བའོ།
།དང་པོ་ནི། བླ་མ་རང་སེམས་དབྱེར་མེད་དུ་འདྲེས་པ་དེ་ཀའི་རང་ངོ་ལ་བཟོ་བཅོས་དགག་སྒྲུབ་མེད་པར་རང་ངོ་ཤེས་ཙམ་གྱི་ངང་ཅི་གནས་སུ་བསྐྱང་ངོ་།
གཉིས་པ་ནི། །དེ་ལས་སྡངས་པ་ན་ཤེས་བཞིན་གྱི་དྲན་པའི་རང་སོ་མ་ཉམས་པར་བཞག
ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་གི་དགེ་བ་འདིས་ཐོབ་སྟེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེས་བསྔགས་པ་ཡི། །སྤྱོད་པ་དེ་གཉིས་ཀའང་བདག་སྤྱོད་ཤོག
།ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་སྟེ་སྤྱོད་ལམ་ལ་འཇུག་གོ །གེགས་སེལ་བོགས་འདོན་མཆོག་དངོས་ཀྱི། །གྲུབ་པ་ལོ་ཟླས་སྟེར་བྱེད་པ། །ཆེས་ཟབ་རྣལ་འབྱོར་འདི་བསྒོམས་ནས། །ཞིང་རྡུལ་སྙེད་ཀྱི་འགྲོ་སྒྲོལ་ཤོག །ཅེས་པའང་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་བཞེས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བླ་མའི་གསུང་རྒྱུན་བཞིན་བྲིས་པ་དགེ་ལེགས་འཕེལ།། །།