Lha sku dang sngags kyi spro bsdu bya ba

From Shangpa Resource Center








Resource ID SCv8p724
Title lha sku dang sngags kyi spro bsdu bya ba
Alt. title snyen brgyud
Topics Mahamudra Gauma
Sub-Topics Instructions
Link BDRC W23922
BDRC W23922
BDRC W3CN18508 (v2p.9)
BDRC W22103 (p.121+261)

༄༅། །ལྷ་སྐུ་དང་སྔགས་ཀྱི་སྤྲོ་བསྡུ་བྱ་བ་བཞུགས་སོ།། ༼སྙན་བརྒྱུད།༽
ན་མོ་གུ་རུ།
དང་པོ་ནི། རང་ལུས་ལྷར་གསལ་བའི་ངང་ལས་རླུང་བཟུང་ལ། ལྷ་སྐུ་དང་སྔགས་ཀྱི་སྤྲོ་བསྡུ་བྱ་བ་ནི། བསྐྱེད་རིམ་དང་རླུང་བསྲེ་བ་སྟེ། རྟོག་པ་ཐམས་ཅད་རང་འགག་ལ་འགག་པར་འགྱུར་རོ།
།གཉིས་པ་ནི། ལུས་སེམས་རང་བབས་སུ་བཞག་ལ། སེམས་མ་བཅོས་ཐ་མལ་གྱི་ཤེས་པའི་འོད་གསལ་རླུང་དང་བསྲེས་པས། སྣང་སེམས་དབྱེར་མེད་གསལ་ལ་རྟོག་མེད་དུ་འཆར་བ་ནི། ཕྱག་རྒྱ་ཆེན་པོ་རླུང་དང་བསྲེ་བ་སྟེ། རྟོགས་པ་ཡར་༼ལོ་ཟླ་བ་༽ངོ་བཞིན་དུ་༼རྒྱས་པར་༽འགྱུར་རོ།
།གསུམ་པ་ནི། ༼གསལ་ལ་རྟོག་པ་མེད་པའི།༽ ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་ནས་རླུང་བཟུང་བས། ཡུལ་སྣང་སྟོང་ཟུང་འཇུག །ལུས་བདེ་སྟོང་ཟུང་འཇུག །སེམས་གསལ་སྟོང་ཟུང་འཇུག་ཏུ་འཆར་ཏེ། དེ་ལས་མ་ཡེངས་པར་ཉམས་སུ་ལེན་པ་ནི། རབ་ཟུང་འཇུག་རླུང་དང་བསྲེ་བའོ།
།དེས་རབ་ཟླ་བ་གཅིག་གཾ ༼།འབྲིང་༽གསུམ་མཾ། ༼ཐ་མ་༽དྲུག་གཾ །ཐ་མའི་ཐ་མ་བདུན་གྱིས་སངས་མི་རྒྱ་མི་སྲིད་དོ།
གསང་སྔགས་མངོན་སུམ་ལམ་པ་འདི། ཨེ་མ་ཌཱ་ཀིའི་སྲོག་སྙིང་ངོ་། འདི་མེད་ངལ་བ་དོན་མེད་དེ། དཔེར་ན་ཆུ་སྲུབས་མར་བཞིན་ནོ། ཨྀཐི

སྔོན་འགྲོའི་ཚད། མ་བཅོས་ཐ་མལ་གྱི་ཤེས་པ་རང་ཤར། དེ་བརྟན་པའི་ཚད་ལུས་ངག་གི་བྱ་བས་མི་འཕྲོག་པའོ།
།དངོས་གཞིའི་ཚད། སྣང་སེམས་དབྱེར་མེད་ཡིད་ལ་མི་བྱེད་པར་རང་ཤར་བའོ། དེ་བརྟན་པའི་ཚད་མཉམ་རྗེས་དང་བྲལ་བའི་ཁོར་མའོ།
༼W22103: །འབྲས་བུའི་ཚད། བློ་འདས་ཟུང་འཇུག་རང་ཤར། དེ་མཐར་ཕྱིན་པའི་ཚེ། ཕྲིན་ལས་ཕྱོགས་མེད་ལྷུན་གྲུབ་རང་ཤར་རོ།༽
།རྗེས་ཀྱི་ཚད། མེད་སྙིང་རྗེ་རང་ཤར། དེ་བརྟན་པའི་ཚད་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་ལས་མི་གཡོ་བའོ།
དེ་ལྟར་ཟུང་འཇུག་སྨོན་ལམ་གྱི་བརྒྱན་ནས། དམིགས་མེད་ཀྱིས་ཡོངས་སུ་བསྔོ་བ་ནི། རྗེས་ཀྱི་མན་ངག་དམ་པའོ། ཨྀཐིཿ །།

༈ སྐྱེ་འགྲོའི་ངག་འགྲོལ་ལ། སྟོང་པའི་ངང་ལས། རང་གི་ལྕེ་དེ་རལ་གྲི་སོར་བཞི་པ་གཅིག་ཏུ་བསམ། དེའི་ཆང་ཟུང་གི་ནང་དུ་ཡི་གེ་ཏྲྃ་ལྗང་ཁུ་གཅིག་བསམ། དེ་ལས་འོད་ལྗང་ཁུ་འཕྲོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བསྡུས་ནས་ཏྲཾ་ལ་ཐིམ་པར་བསམ་ལ། ངག་ཏུ། ཨོཾ་ཏྲཾ་ཧྲཱིཿཀ་པཱ་ལ་རཀྲ་རཀྲ་སྭཱ་ཧཱ། ཞེས་ཉིན་རེ་ལ་ལན་བདུན་རེ་བཟླས་པས། ངག་གི་ནུས་པ་ཆེན་པོར་འགྱུར་རོ། སངས་རྒྱས་གཉན་སྟོན་གྱི་ཕྱག་ལེན་ནོ།། ཤུ་བྷཾ།།