Lus 'chi med kyi 'khrul 'khor rtsa tshig 'chi med grub pa
Resource ID | SCv7p125 |
---|---|
Title | dpal ldan shangs pa'i chos skor las lus 'chi med kyi 'khrul 'khor rtsa tshig 'chi med grub pa'i bsdus don gyi 'grel tshul du bkod pa bde chen mchog sbyin |
Topics | Immortality |
Sub-Topics | Yantra |
Link | BDRC W23922 |
༄༅། །དཔལ་ལྡན་ཤངས་པའི་ཆོས་སྐོར་ལས་ལུས་འཆི་མེད་ཀྱི་འཁྲུལ་འཁོར་རྩ་ཚིག་འཆི་མེད་གྲུབ་པའི་བསྡུས་དོན་གྱི་འགྲེལ་ཚུལ་དུ་བཀོད་པ་བདེ་ཆེན་མཆོག་སྦྱིན་བཞུགས་སོ།།
།ན་མོ་བུདྷཱ་ཡ། །ལུས་འཆི་མེད་ཀྱི་འཁྲུལ་འཁོར་བཤད་དེ། བླ་མ་དམ་པའི་ཞབས་ལ་ཕྱག་བཙལ་ནས། །འཆི་མེད་གྲུབ་པའི་བསྡུས་དོན་བྲི།
།དང་པོ་ལངས་ལ་རླུང་རེངས་འདུལ། །འབེབས་སྟན་སྟེང་ལངས་བཞིན་པ་ལས། །ལག་མཐིལ་གྱིས་བརླ་ནས་རྐང་མགོའི་བར་བདུན་དང་། རྒྱབ་ཕྱོགས་ནས་དེ་བཞིན་ཡར་བྱུག་པ་གསུམ། ལག་པ་གཡས་གཡོན་རེ་མོས་ཀྱིས་འཕུར་བ་གསུམ་གསུམ། ཕྲག་གོང་གཉིས་གཡས་གཡོན་ཅིག་ཤོས་ཀྱིས་འཕུར་བ་གསུམ་གསུམ། ལག་པ་ཐལ་རྡེབ་ལས་མིག་འཕུར་གསུམ་དང་། མངོ་བོ་ལན་གསུམ་འཕུར། དེ་ནས་རྐང་གཡས་སར་བཙུགས་གཡོན་པའི་རྟིང་པ་གཡས་པའི་བརླ་ལ་གཏད། ལག་པ་གུང་སྲིན་བསྐུམ་པའི་བར་མཐེ་བོང་བཅུག་ཅིང་མཛུབ་མོ་དང་མཐེ་ཆུང་བསྒྲེང་བ་ལས་གཡོན་མཐིལ་གྱེན་བསྟན་ནུ་ཐད་དང་། །གཡས་པའི་མཛུབ་མོས་སྣ་བུག་བཀག་སྟེ་ལག་པ་བརྐྱང་བ་དང་ལྷན་ཅིག་གཡས་སུ་བསྐོར། གོ་བཟློག་གིས་གཡོན་དུ་བསྐོར། རྐང་པ་གཡས་པ་ལ་འབེབས་པ་སོགས་རྩ་ཚིག་གསུམ་གྱི་དང་པོ་བཞིན་ལས། ལག་གཉིས་ཀས་སྣ་བུག་བཀག་སྟེ་དེ་ནས་ཕྱོགས་སོ་སོར་བརྐྱང་། དེ་དུས་རླུང་རོ་གསུམ་སྤྲུགས་སུ་གསལ་བའོ།
།དེ་རྗེས་ལག་གཉིས་སོར་མོ་དང་ལྷན་ཅིག་མདུན་དུ་ཤད་བརྐྱང་ལས་བཅངས་ཕྲག་རྡེབ་པ་དང་ལྷན་ཅིག་ཧ་སྤྲུགས་བྱ་བ་ལན་གསུམ་མཐར་འབེབས་ཆེནནོ། །སྐབས་འདིར་ལུས་འདུལ་བྱ་སྟེ། སེམས་སྐྱིལ་བརླབ་ཞག་ལས་བུམ་ཅན། །དེ་ནས་ལག་གཉིས་བརླར་ཤུད་ཐབས་ནས་ནུ་ཐད་སླེབ་པ་དང་མདུན་དུ་ཤད་ཀྱིས་བརྐྱང་། དེ་ནས་བཅངས་ཕྲག་རྡེབ་པ་ལན་གསུམ། དེ་ཞོར་ནས་གཡས་སོར་བསྐུམ་བཞིན་དུ་བརྐྱང་ལ། གཡོན་པའི་ལག་མཐིལ་གྱིས་དཔུང་སྟེང་ནས་ལག་མགོའི་བར་སྟེང་དུ་ཤུང་ཅིང་ལག་མགོ་ནས་འོག་ཏུ་བྱུག་ཐབས་མཐར་ལག་མཐིལ་མཆན་འོག་རྡེབ་པ་ལན་གསུམ། ཡང་ལག་གཉིས་བཅངས་ཕྲག་ལན་གཅིག་མཐར་གོ་ལྡོག་གིས་གསུམ། ཡང་བཅངས་ཕྲག་ནས་ཐལ་རྡེབ་མཐར་མིག་ཕུར་ལན་གསུམ་དང་མགོ་ཕུར་གསུམ། དེ་ཞོར་ལག་མཐིལ་གྱིས་མར་གདོང་པ་ཤུད་ཐབས་ནས་གཡས་པའི་ཁུ་ཚུར་རང་ཕྱོགས་ཀྱི་ནུ་ཐད་ནས་གཡོན་པའི་བརླ་སྟེངས་སུ་འཆུན་བཙལ་ཏེ་འཇོག་པ་དང་ལྷན་ཅིག་གཡོན་པས་རང་ཕྱོགས་མཆན་འོག་གི་རྒྱབ་ཕྱོགས་ནས་གཡས་ཕྱོགས་སུ་ཐུར་དུ་འབེབས་ཏེ། གཡས་གཡོན་བརྗེ་རེས་ཚུལ་གྱིས་ལན་གསུམ། དེ་ནས་པུས་སྟེང་ནས་བྱུག་ཐབས་སོགས་ཀྱིས་བཅངས་ཕྲག་རྡེབ་པ་དང་མཉམ་དུ་རྐང་གཡས་ཤད་ཀྱིས་བརྐྱང་ལ། ལག་གཉིས་ཁུ་ཚུར་གྱིས་བརླའི་གཡས་གཡོན་ནས་རྟེན་ཐབས་བྱས་མཐར་ལག་མཐིལ་གཉིས་ཀྱིས་བརླ་སྟེང་ནས་རྐང་མགོའི་བར་བྱུག་ཅིང་དེ་ནས་པུས་མོའི་བར་ཙམ་དུ་སླེབ་པ་ཡར་བྱུག །དེ་དུས་རྐང་པ་ཅུང་ཟད་བརྐྱང་བསྐུམ་བྱས་ཆོག་ཅིང་། ལན་གསུམ་མཐར་བཅངས་ཕྲག་དང་ལྷན་ཅིག་རྐད་པ་བསྐུམ། དེ་ནས་གོ་ལྡོག་ཚུལ་གྱིས་གསུམ་མོ།
།ཛ་ཧི་ཏ་ཡི་ཀརྨ་ནི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕངས། །སེམས་སྐྱིལ་ལག་གཉིས་བརླ་བཞག་པུས་མོར་ཉེ་བ་ལས་བུམ་ཅན། །དེ་ནས་ལག་གཉིས་མདུན་ཐད་ནས་མར་བཤད་ཀྱིས་བརྒྱང་བའི་ལག་སོར་ཁ་སྦུབ་པ་ལ་རེག་ཐབས་དང་ལྷན་ཅིག་ཀག་གིས་ལངས་ལ་ལག་པ་མདུན་དུ་བརྐྱང་། ཕྲག་གསུམ། དེ་བཞིན་གནད་འདྲ་བས་རྒྱབ་ཏུ་གསུམ། སྟེང་དུ་གསུམ་དང་ཐད་ཀར་གསུམ་སྟེ་གཉིས་པོ་དཔུང་སྟེང་རྡེབ། ཐུར་དུ་གསུམ་ལག་པ་སྐེད་གཟེར་ལས་རྐང་པ་གཉིས་གཤིབས་ཏེ་ལངས་བཞིན་པ་ལས་གཡས་པའི་རྟིང་པ་དཔྱི་མགོར་རྡེག་ཅིང་སར་འཛུགས་པ་གསུམ། ཅུང་ཟད་རྐང་སོར་གཡས་ཕྱོགས་སུ་གཏད་པས་སྔར་ལྟརགསུམ། དེ་ནས་ད་དུང་རྐང་པ་གཅུ་ཐབས་ཀྱིས་སྔར་བཞིན་ཏེ་བསྡོམས་པས་དགུ། གཡོན་ལ་འགྲེ། དེའི་མཐར་འབེབས་ཆེན་ནོ།
།ཕྱི་ཡི་འཁྲུལ་འཁོར་རྣམ་བཞི་ལ། །ཨང་གྲོལ་རྐང་མཐེབ་བཟུང་ནས་བསྡིག །ལུས་འདུལ་སོང་མཚམས་ནས་རྐད་པ་གཉིས་གཡས་ཕྱིར་བྱས་ཏེ་བསྣོལ་ཐབས་ལས་ཙོག་པུའི་སྟབས་སུ་བྱས་པའི་ནང་ཁོངས་སུ་ལག་གཉིས་གཡས་ཕྱིར་བྱས་ཏེ་བསྣོལ་ཐབས་ཀྱིས་རྐད་མཐེབ་བཟུང་། དེ་ནས་རླུང་སྣ་བུག་གཡས་གཡོན་སོ་སོ་དང་གཉིས་ཀ་ནས་རྔུབས་ཆུང་རེ་བྱས་རྗེས་བར་རླུང་དང་ལག་ཡུ་གཉིས་ཀྱིས་ལུས་ལ་རྡེག །མཐར་ལུས་གཡས་གཅུ་གཡོན་གཅུ་ཅུང་ཟད་དང་ལྷན་ཅིག་སྒང་འདྲེན་བྱ། དེ་ལྟ་བུ་ལན་གསུམ་མཐར་འབེབས་ཆུང་ངོ་། །བྷེ་ཏ་འཕོངས་རྟིང་དྲག་ཏུ་སྤྲད། སེམས་སྐྱིལ་བརླ་བཞག་ལས་བུམ་ཅན། དེ་ནས་ཀག་གིས་ལངས་ལ་ལག་པ་གཡོན་གྱི་སོར་མོ་རྣམས་ལས་མཐེ་བོང་མ་གཏོགས་པ་གཡས་སོར་གྱིས་བཟུང་སྟེ་རྗེས་རྐང་པ་གཉིས་པུས་མོ་མ་གུག་བར་ཆུན་བཙལ་ཏེ་སྲང་བ་དང་ལྷན་ཅིག་ལག་པའི་བཅའ་ཐབས་སྔར་བཞིན་བྱས་པ་སར་བཞག་ལ་མགོ་བོ་གུག །དེ་མཐར་འཕོངས་རྟིད་སྤྲད་དེ་ས་ལ་རྡེབ་པ་ལན་གསུམ་མཐར་འབེབས་ཆེན་ནོ། །བྷནྡ་གཤང་ལམ་གྱེན་ལ་ལྡོག །སེམས་སྐྱེལ་བརླ་བཞག་ལས་བུམ་ཅན། །ཀག་གིས་ལངས་ལ་རྐང་པ་གཉིས་སར་བཙུགས་པའི་བར་དུ་བསྐུམ་ཁྲུ་ཙམ་བཞག་ལ་མགོ་བོ་བཀུག་སྟེ་ལག་གཉིས་རྐང་པའི་ནང་ནས་རྒྱབ་ཕྱོགས་སུ་འཁྱུད་དེ་ལག་སོར་གྱིས་རྐང་སོར་རྣམས་བཟུང་ལ་རོ་སྟོད་གཡས་གཡོན་དུ་ཅུང་ཟད་གཅུ། །དེ་མཐར་འགྲད་འབེབས་སོ། །ཕྱག་རྒྱ་ཆེ་ལ་ཙོག་པུ་བྱ། །སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་། །དེ་ནས་རྐང་པ་ཕྱིའི་ཨང་གྲོལ་འདྲ་བའི་ཙོག་པུ་ལས་ལག་གཉིས་གཡས་ཕྱིར་བྱས་པའི་ལག་པ་གཉིས་ཀྱིས་ཅིག་ཤོས་ཀྱི་བར་ལྷུར་འཁྱུད་དེ་ཕྱག་ཆེན་ལ་མཉམ་བཞག་བྱ། དེ་མཐར་འབེབས་ཆུང་ངོ་།
ནང་གི་འཁྲུལའཁོར་རྣམ་བཞི་ནི། །ཨང་གྲོལ་རྐང་ངར་བཟུང་ནས་བསྡིག །སེམས་སྐྱིལ་བརླ་བཞག་ལས་རྐང་པ་ཕྱིའི་ཨང་གྲོལ་ལྟར་ལ་ལག་གཉིས་གཡས་ཕྱིར་བྱས་ཏེ་བསྣོལ་ཐབས་ཀྱི་མཐེ་བོང་གུང་མཛུབ་གསུམ་གྱིས་རྐང་པའི་ལོང་བུའི་ཐད་ནས་གཡས་འོག་ཏུ་བྱས་ཏེ་ལག་གཉིས་བརྩེགས་ཐབས་ཀྱིས་བཟུང་། དེ་ནས་རླུང་རྡུབ་ཆུང་སོགས་ཕྱིའི་ཨང་གྲོལ་ལྟར་རོ། །བྷེ་ཏ་འཕོངས་རྟེང་རེ་མོས་རྡེབ། སེམས་སྐྱིལ་བརླ་བཞག་ལས་བུམ་ཅན། །ཀག་གིས་ལངས་ལ་རྐང་པའི་མཐེ་བོང་གཉིས་ལག་གཉིས་ཀྱི་གུང་མཛུབ་ཀྱིས་བཟུང་ལ་རྐང་ལག་དྲང་པོར་བསྲང་ཞིང་མགོ་བཀུག་པས་རྒྱབ་ཤེད་གང་ཡོད་ཕྱིར་འཐེན། དེ་དག་ལ་འཕོངས་པར་ལྷན་གྱིས་བཞག་ནས་རྐང་ལག་མབྲལ་བས་མདུན་དུ་བསྲངས་ལ་རྒྱབ་ཤེད་འཐེན་པ་གཉིས་རེ་མོས་ཀྱིས་ལན་གསུམ་མཐར་སྒུར་འབེབས་སོ། །བྷནྡྷ་གླང་ཆེན་སྣ་ལྟར་དགུག །སེམས་སྐྱིལ་བརླ་བཞག་ལས་བུམ་ཅན། །ཀག་གིས་ལངས་ལ་རྐང་པ་གཡོན་པའི་སོར་མོ་རྣམས་གཡས་སོར་གྱིས་མནན། ལག་གཉིས་ཀྱང་རྐད་པ་བཞིན་སོར་མོ་གཞན་བཞི་དང་མཐེ་བོང་སོ་སོར་བསྣོལ་ནས་དཔུང་པ་གཡོན་ཕྱོགས་སུ་བརྐྱང་བ་མདུན་ནས་གཡས་སུ་བསྐོར་ཐབས་མཐར་རྐང་པའི་སྟེང་དུ་སོར་རྩེ་རེག་པར་བཞག་ནས་རྐང་སོར་ཅུང་ཟད་གྱེན་དུ་འཐེན། དེ་བཞིན་གོ་ལྡོག་གིས་གཅིག །དེ་ཐོག་ནས་གཡོན་དང་གཡས་གཉིས་ཀར་ལག་པ་བརྐྱང་ཐབས་མཐར་མདུན་ཐད་དྲང་པོ་ནས་རྐང་སྟེང་དུ་སྔརལྟར་འཇོག་ཅིང་བཟུང་། །དེ་མཐར་འབེབས་ཆེན་ནོ། །ཕྱག་རྒྱ་ཆེ་ལ་མཉམ་བཞག་བྱ། །སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་རྗེས་ལག་གཉིས་མཉམ་བཞག །ལུས་གནད་བསྲངས་ལ་ཕྱག་ཆེན་ལ་མཉམ་པར་བཞག་པའོ།
།གསང་བའི་འཁྲུལ་འཁོར་རྣམས་བཞི་ནི། །ཨང་གྲོལ་རྒྱབ་ཏུ་ལག་གཉིས་བརྩེགས། །སེམས་སྐྱིལ་བརླ་བཞག་ལས་རྐད་པ་ཕྱིའི་ཨང་གྲོལ་བཞིན། །ལག་གཉིས་རྒྱབ་ཏུ་ཁུ་ཚུར་གཡས་སྟེང་དུ་བྱས་པ་བརྩེགས། །རླུང་རྔུབ་ཆུང་གཡས་གཡོན་གཉིས་ཀ་སོ་སོ་ནས་བྱ་བ་རྣམས་ཕྱིའི་ཨང་གྲོལ་ལྟར་དང་། དེ་རྗེས་ལག་གཉིས་ཀྱིས་རྒྱབ་ཕྱོགས་ནས་འཐུར་དུ་འཕུར་ཞིང་། དེ་ཞོར་གྱེན་དུ་ཡང་འཕུར་བ་གསུམ་གསུམ་མཐར་འབེབས་ཆུང་ངོ་། །བྷེ་ཏ་འཕོངས་རྟིང་དལ་གྱིས་སྤྲད། ཕྱིའི་བྷེ་ཏ་དང་མཚུངས་ཤིང་འཕོངས་པར་རྡེབ་པ་དལ་གྱིས་འཇོག་པ་ཁྱད་པར་རོ། །བྷནྡྷ་རོ་སྟོད་གཡས་གཡོན་གཅུ། །སེམས་སྐྱིལ་བརླ་བཞག་ལས་རོ་སྟོད་གཡས་གཅུ་གཡོན་གཅུ་གསུམ་གསུམ་སྟེ་དྲུག་གོ །ཕྱག་རྒྱ་ཆེ་ལ་མཆོག་སྦྱིན་བཀན་དེ་དག་རྩ་བའི་འཁྲུལ་འཁོར་ཡིན། །རྡོར་སྐྱིལ་ལས་ལག་གཉིས་ཀྱི་མཐེ་བོང་སྲིན་ལག་ལ་གཏད་པའི་ལག་སོར་བརྐྱང་སྟེ་པུས་སྟེང་དུ་རྒྱབ་གཏད་པ་མཆོག་སྦྱིན་བཀན་པའི་རྒྱ་བཅས་ལ་བུམ་ཅན་བཟུང་ཞིང་ཕྱག་ཆེན་ངང་དུ་མཉམ་བཞག་བྱའོ།
།དེ་ནས་ཡན་ལག་འཁྲུལ་འཁོར་ནི། ཁ་སྦྱོར་ཨང་གྲོལ་ལྟ་བུ་ལ། །ཐིག་ལེ་སྒྲ་གཅན་གྱེན་ལ་ལྡོག །ཁ་སྦྱོར་ཕྱིའི་ཨང་གྲོལ་ཇི་ལྟ་བ་དང་། ཐིག་ལེ་སྒྲ་གཅན་གྱེན་ལྡོག་ཕྱིའི་བྷནྡྷ་བཞིན་བཅའ་ཐབས་དང་འབེབས་ཐམས་ཅད་མཚུངས་སོ། །བྱུགས་དང་སྤྲུགས་པས་དཀར་པོ་འཁྲེམས། །རྐང་པ་རྡོར་སྐྱིལ་ལས་བུམ་ཅན་བཟུང་ཞིང་། དེ་ནས་ལུས་འདུལ་ཇི་ལྟ་བ་ལས་རྐང་པ་བརྐྱང་བསྐུམ་མ་གཏོགས་པ་གོང་ལྟར་གྱི་མཐར། ལག་པ་ཁུ་ཚུར་མདུན་ཐད་དུ་བསྣོལ་ཏེ་བརྐྱང་ལ་སྐྱིལ་ཀྲུང་གཤིབས་མཐར་འབེབས་ཆུང་སྤྲུགས་སིག་དང་བཅས་པ་རླུང་བཟུང་བཞིན་དུ་གསུམ་དང་ཧ་སྒྲར་བཅས་ལན་གསུམ་སྟེ་དྲུག་གོ །བརྡུང་དང་སྤྲུགས་པས་དམར་པོ་འཁྲེམས། །སེམས་སྐྱིལ་བརླ་བཞག་ལས་བུམ་ཅན་བཟུང་ལག་གཡས་ཁུ་ཚུར་གྱིས་རྒྱབ་ནས་བརྡུངས་མཐར་སོར་མོ་དང་ལྷན་ཅིག་མདུན་དུ་ཤད་ཀྱིས་བརྐྱང་། དེ་བཞིན་གཡོན་ལ་འགྲེ། དེ་ལྟར་རེ་མོས་ཀྱིས་ལན་གསུམ་མཐར་འབེབས་ལན་དྲུག་རྩ་ཚིག་སྔ་མ་ལྟར་བྱའོ།
།མགོ་བོའི་འཁྲུལ་འཁོར་རྣམ་བཞི་ལ། །མགོ་བོ་སུག་ཅིང་མིག་གཉིས་བསྐོར། །གཡས་གཡོན་བསྐོར་དང་མགོ་འཇོག་གོ །རྡོར་སྐྱེལ་བརླ་བཞག་ལས་བུམ་ཅན་བཟུང་མཐརལག་མཐིལ་གཉིས་ཀྱིས་གདོང་པའི་མདུན་དུ་མར་ལན་གསུམ་བྱུག །མིག་འབྲས་གྱེན་ཐུར་དུ་ལྟ་ཐེངས་རེ་བྱས་རྗེས་མིག་འབྲས་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་མགོ་བོ་གཡས་ནས་གཡོན་བསྐོར་གསུམ་དང་། གཡོན་ནས་གཡས་བསྐོར་གསུམ། མགོ་བོ་གཡས་གཡོན་དུ་བཅག་པ་གསུམ་གསུམ་དང་། དེ་བཞིན་རྒྱབ་མདུན་དུ་གསུམ་གསུམ་མཐར་ལག་གཡས་སྟེང་དུ་བྱས་ཏེ་བསྣོལ་ཐབས་ཀྱིས་སྐྱིལ་ཀྲུང་བཤིབ་ལ་འབེབས་ཆུང་ལན་གཅིག་གོ
།རོ་སྟོད་འཁྲུལ་འཁོར་རྣམ་གསུམ་ནི། །གཅུ་དང་སྡེར་འཛིངས་སྟོད་སྨད་དོ། སེམས་སྐྱིལ་བརླ་བཞག་ལས་བུམ་ཅན། །རོ་སྟོད་རེ་མོས་ཀྱི་གཡས་གཅུ་གསུམ་དང་གཡོན་གཅུ་གསུམ། དེ་ནས་ལག་གཉིས་ཐལ་རྡེབ་ལས་སོར་རྣམས་བསྣོལ་ཏེ་གུང་མོ་བསྒྲེང་བ་རྡོ་རྗེ་རྩེ་གཅིག་པའི་རྒྱ་ལྟར་བྱས་ལ་ལག་པ་གཡས་ཕྱོགས་སུ་ཉེ་བ་ནས་མདུན་ཐད་དུ་བརྐྱང་ལ་ནུ་སྟེངས་གཡས་སུ་བརྡུང་ཐེངས་གསུམ་དེ་བཞིན་གཡོན་ལ་འགྲེ། དེནས་མདུན་ཐད་དྲང་པོ་ནས་སྙིང་གར་རྡེབ་པ་གསུམ། ཡང་ལག་པ་བཅའ་ཐབས་དེ་བཞིན་ལས་ཅུང་ཟད་དམའ་བར་བྱས་ཏེ་ལྟོ་བའི་གཡས་གཡོན་དབུས་རྣམས་སུ་སྔར་ལྟར་བརྡུང་བ་གསུམ་གསུམ་མོ།
།ལག་པའི་འཁྲུལ་འཁོར་རྣམ་བཞི་ནི། །དཔུང་པ་ཕྱེ་དང་ནང་དུ་བསྐོར། །ཁུ་ཚུར་དང་ནི་སོར་མོ་བཅངས། །བརྐྱང་བསྐུམ་བྱ་ཞིང་སོར་རྩེ་ལྟ། །རྡོར་སྐྱེལ་བརླ་བཞག་ལས་བུམ་ཅན། །དེ་ལས་དཔུང་གཡས་ནང་སྐོར་གསུམ་དང་ཕྱི་སྐོར་གསུམ། །དེ་བཞིན་དཔུང་གཡོན་དང་། གཉིས་ཀར་ལ་འགྲེ། དེ་ནས་ལག་གཡས་ཁུ་ཚུར་བཅང་སྟེ་རང་ཕྱོགས་ནས་མགོ་བོར་བསྐོར་ཏེ་རང་ཕྱོགས་སུ་བརྒྱང་བ་ལག་མདུན་གྱེན་བསྟན་ལས་མཐེ་ཆུང་སོགས་སོར་མོ་རྣམས་རིམ་པར་བརྐྱང་བ་ལན་གསུམ་དང་། གཡོན་ལ་འགྲེའོ། །དེ་དུས་ལག་སོར་ལ་མིག་ཟུར་གྱིས་བལྟའོ།
།འཕོ་བའི་འཁྲུལ་འཁོར་རྣམ་གསུམ་ལ། །མཉེད་དང་བསྐོར་དང་བརྡེག་པའོ། །སེམས་སྐྱིལ་བརླ་བཞག་ལས་ཛ་ཧི་ཏའི་ཀརྨ་ཞེས་སོགས་ཀྱི་སྐབས་བཞིན་ལངས་ལ་ཐལ་མོ་རྡེབ་ཐབས་ནས་ལག་སོར་བསྣོལ་བའི་མཐིལ་གྱིས་འཕོ་བ་ལ་གཡས་ནས་གཡོན་ཕྱོགས་སུ་བསྐོར་ཐབས་ཀྱིས་ལན་གསུམ་བྱུགས་རྗེས་འབེབས་ཆེན། དེ་ནས་ཕོ་བ་གཡས་བསྐོར་གཡོན་བསྐོར་གསུམ་གསུམ་མཐར་ཐལ་མོ་རྡེབ་ཐབས་ནས་ལག་སོར་བསྣོལ་ལ་ལག་མཐིལ་ཕྱིར་བསྟན་ཏེ་གཡས་ཕྱོགས་སུ་བརྐྱང་རྗེས་ལྟོ་བའི་གཡས་ཕྱོགས་སུ་ལན་གསུམ་བསྐོར་ཐབས་ཀྱིས་བྱུག །དེ་བཞིན་གཡོན་ལ་འགྲེ། དེ་ལྟ་བུའི་གནད་ཀྱིས་མདུན་ཐད་དྲང་པོར་གསུམ་མོ།
།རྐང་པའི་འཁྲུལ་འཁོར་རྣམ་གཉིས་ལ། །ལངས་དང་སྤྲུགས་དང་རེ་མོས་སྤྲུགས། །སེམས་སྐྱིལ་བརླ་བཞག་ལས་རྩ་ཚིག་གོང་མ་བཞིན་ལངས་ལ་ལག་གཉིས་སྐྲེད་གཟེར་གྱིས་གནས་ངོས་རྐང་རྟིང་གཡས་དཔྱི་མགོར་རྡེག་ཅིང་སར་འཇོག་པ་ལན་གསུམ་དང་། གཡོན་ལ་འགྲེ། དེ་མཐར་འབེབས་ཆེན་གྱིས་འདུག་རྗེས་ལག་གཉིས་གྲུ་མ་ཆག་པར་ཁུ་ཚུར་གྱིས་ལུས་ཀྱི་གཡས་གཡོན་གཉིས་ནས་སར་བཙུགས། རྐང་པ་གཉིས་མཐིལ་སར་འཇོག་པའི་ཚུལ་གྱིས་དཔྱི་རྟིང་སྤྲད་དེ་པུས་མོ་གྱེན་དུ་བསྟན་དེ་འདུག་མཐར་རྐང་གཡས་ཤད་ཀྱིས་བརྐྱང་ཞིང་རང་ཤུལ་དུ་འཇོག །དེ་བཞིན་གཡོན་ལ་འགྲེ། དེ་ལྟར་རེ་མོས་ཀྱིས་ལན་གསུམ་མཐར་སེམས་སྐྱིལ་སྒྲིག་ཐབས་ཀྱིས་འཕོངས་རྡེབ་པ་དང་ལྷན་ཅིག་ལག་མཉམ་བཞག་གོ
།དེ་ལ་གོང་དུ་བཤད་པའི་འབེབས་ཆུང་ནི། རྐད་པ་གཉིས་བསྣོལ་ཐབས་ལས་པུས་མོ་རོང་ཙམ་དང་། །ལག་གཉིས་ཀྱང་བསྣོལ་ཐབས་ཀྱིས་མདུན་དུ་བཤད་བརྒྱང་ཁུ་ཚུར་ལས་སེམས་སྐྱིལ་སྒྲིགས་ཏེ་འཕོངས་པར་རྡེབ་པ་དང་ལག་གཉིས་རང་ཕྱོགས་སུ་ཐུར་དུ་འབེབས་པའོ།
།སྐུར་འབེབས་ནི། ལངས་ལ་རོ་སྟོད་སྒུ་བས་ལག་གཉིས་མཐུར་དུ་ཤད་བརྐྱང་ཁུ་ཚུར་ཁ་སྦུབ་ཀྱི་མགོ་སྤྲད་མཐར་འབེབས་ཆུང་ལྟར་འབེབས་པའོ།
།བགྲད་འབེབས་ནི། །ལངས་ལ་རྐང་པ་གཉིས་བགྲད་ཐབས་དང་ལག་གཉིས་ཁུ་ཚུར་ལས་རང་ཕྱོགས་སུ་ཤད་ཀྱིས་བརྐྱང་ལ་འབེབས་པ་དང་ལྷན་ཅིག་ལག་མགོ་སྙིང་གར་བསྣོལ་བ་སྟེ། འདི་ལ་རྡོར་འཆང་འབེབས་ཞེས་ཀྱང་བྱའོ།
།འབེབས་ཆེན་ནི། ལངས་ལ་ལག་གཉིས་སོར་མོ་བརྐྱང་བ་བརླ་གཉིས་ཀྱི་ཐད་དུ་ལག་མཐིལ་ཕྱིར་བསྟན་གྱིས་ཐུར་དུ་ཤད་ཀྱིས་བརྐྱང་བ་ལས་འབེབས་པ་དང་ལྷན་ཅིག་སོར་མོ་རྩེ་སྤྲོད་ཙམ་དུ་མཉམ་བཞག་བྱ་ཞིང་ལུས་ལ་གུག་པར་བྱབའོ། །དེ་དག་གི་མཐར་མཚམས་འཇོག་ཚེ་ལུས་འདུལ་རེ་ཡང་མཛད་དོ། །དེ་ལྟར་གེགས་སྐྱོན་ཀུན་སེལ་ཞིང་། །དངོས་གྲུབ་སྟེར་བྱེད་འཆི་མེད་ཀྱི། །འཁྲུལ་འཁོར་ལེགས་པར་བསྟན་ཟིན་ཏོ། །འཆི་མེད་སུམ་ཅུ་པའི་རྩ་ཚིག་ཨི་ཐི། །ཞེས་པ་མཛད་བྱང་ངོ་།
།གཅེས་གནད་ཟབ་མོའི་འཁྲུལ་འཁོར་ལག་ལེན་འདི། །གཅུང་པོ་ཡིད་བཞིན་ལེགས་གྲུབ་བཞེད་པ་བཞིན། །གཅེན་པོ་པདྨ་འགྱུར་མེད་རྒྱ་མཚོས་བཀོད། །གཅིག་མིན་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །འདིའི་བྱ་རྒོད་དབོན་པོ་ཀུན་དགའ་ཕུན་ཚོགས་ལས་འཁྲུལ་འཁོར་གྱི་ལག་ལེན་རྣམས་ཞིབ་མོར་ནོད་པའི་ཚེ་ཟིན་བྲིས་སུ་བཏབ་པའོ། །ཨྀཐི།།