Mgon dkar yid bzhin nor bu'i sbyin sreg bklag pas don 'grub
Resource ID | Gönkar20 |
---|---|
Title | mgon dkar yid bzhin nor bu'i sbyin sreg bklag pas don 'grub |
Topics | White protector |
Sub-Topics | Fire offering |
Author | Sangyé Püntsok |
Link | BDRC W23681 (p. 286) |
༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་སྦྱིན་སྲེག་བཀླག་པས་དོན་འགྲུབ་བཞུགས།
ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ།
མགོན་དཀར་ཡིད་བཞིན་ནོར་བུའི་བསྙེན་པ་རྫོགས་པའི་རྣལ་འབྱོར་པས། སྦྱིན་སྲེག་བྱ་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས།
དང་པོ་ནི། ཐབ་གནས་ཉམས་དགའ་བར། སའི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གང་རུང་བྱས་པའི་མཐར། ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་གདབ། སྲད་བུ་ཁྲུ་གང་གི་ཚད་གྱིས་དབུས་ནས་ཚངས་ཐིག་ལ་ཕྱོགས་བཞིར་མཚན་མ་བྱས་ལ། དེའི་བར་གྱི་སྲད་བུ་དེ་གཡོན་པས་མཚན་མའི་སྟེང་ནས་བཟུང༌། གཡས་པས་ལྷོ་བྱང་གི་ཟུར་ཐིག་ལ་རི་མོར་བྱས་ཏེ་ཤར་ནུབ་ལའང་རིགས་འགྲེའོ། །དེའི་སྟེང་ཐིག་བཞི་བཏབ་པས་ཐབ་ནང་དང༌། དེའི་ཕྱི་རོལ་དུ་ཤར་ནུབ་ལ་སོར་བརྒྱད་པ་གཉིས་ཀྱི་མཚན་མ་བྱས་ལ་རྟགས་ནང་མ་ནས་དབུས་བར་གྱི་སྲད་བུ་དེས་ཟུར་ཐིག་བཞི་ལ་མཚན་མ་བྱས་ཏེ། དེ་སྟེང་ཐིག་བཞི་བཏབ་པས་ཁ་ཁྱེར་འབྱུང༌། ཡང་རྟགས་ཕྱི་མ་ནས་དབུས་བར་གྱི་སྲད་བུས་སྔར་བཞིན་ཟུར་ཐིག་བཞི་ལ་མཚན་མ་བྱས། དེ་སྟེང་ཐིག་བཏབ་པས་མུ་རན་འབྱུང་ངོ༌།
།ཐབ་སྟེགས་ཀྱི་ཐིག་མི་དགོས། ཐབ་ནང་གི་དབུས་ནས་སུམ་གཉིས་ཕྱིར་བཞག་པའི་སུམ་ཆ་ཟླུམ་པོར་བསྐོར་བས་པད་ལྟེ་དང༌། ཕྱིའི་སུམ་གཉིས་ལ་གཅུས་ཐིག་བཏབ་པས་པད་འདབ་བྱ། ཐབ་ཀྱི་གཞི་ཐམས་ཅད་ཁ་དོག་སེར་པོ་བྱ། ཁ་སྒྱེར་མུ་རན་གང་རུང་ལ་རིན་པོ་ཆེའི་ཕྲེང་བས་བསྐོར། ཁ་དོག་འདྲེས་པའི་སྐྱོན་སྤོང་བའི་ཕྱིར། བཅད་ཚོན་ཐམས་ཅད་དང་རིན་པོ་ཆེའི་ཁ་དོག་ལི་ཁྲིས་བྱ། དབུས་སུ་པད་ཉིའི་སྟེང་དུ་འབྲས་དཀར་རམ། རྡུལ་ཚོན་གྱི་ཚོམ་བུ་དཀར་པོ་དགོད། དེའང་གཙོ་བོའི་ཞལ་འཇིག་རྟེན་པའི་ལྷོར་བསྟན་པའི་དབང་དུ་བྱ། བུད་ཤིང་ཚེར་མ་ཅན་མ་ཡིན་པའི་འབྲས་བུ་ཅན་གྱི་ཤིང༌། སེར་ཞིང་དྲི་ཞིམ་པོའི་དབུས་ཀྱི་ཆ་ལས་བྱུང་བའམ། དེ་མེད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་ཐབ་ཀྱི་ཁ་ཁྱེར་གྱི་སྟེང་ནས་དཔངས་ཁྲུ་གང་ཙམ་གྲུ་བཞིར་བརྩིགས་པའི་ནང་གི་ འཇིག་རྟེན་པའི་ ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་གཅིག་ཀྱང་བཤམ། མེ་ནི་དགེ་འདུན་གྱི་བསྲོ་ཁང་ངམ། རྒྱལ་པོའི་ཁྱིམ་གྱི་མེས་བྱའོ།
།ཐབ་ཀྱི་མཐའ་བསྐོར་ཐམས་ཅད་བྱི་དོར་ལེགས་པར་བྱས་ལ། དྲི་བཟང་པོས་བྱུག །དེའི་མདུན་དུ་རང་གི་སྟན་ནང་ཚང་ཅན་ཁ་དོག་སེར་པོའི་སྟེང་དུ། ས་འཇའ་ལི་སོགས་ཁྱེལ་སྟེགས་བྱ། རང་གི་མདུན་དུ་བསང་ཆུའི་སྣོད་དུང་ཕོར་སོགས་དང༌། ཀུ་ཤའི་འཐོར་ཡབ། རྡོ་དྲིལ་ནང་མཆོད་རྣམས་བཤམ། རྡོ་རྗེ་དྲིལ་བུའི་བར་དུ་དགང་གཟར་ཁ་སྦྱར་ལ་བཞག །སོ་སོར་བཞག་ན་བར་ཆད་ཀྱི་ཆོས་ཡིན་གསུངས། ཀུ་ཤའི་ཆུན་པོ་བརྒྱད་ཀྱང་བཤམ། གྲུབ་ན་ཐབ་དང་སྒྲུབ་པ་པོའི་བར་དུ་འཇིམ་པ་ལ་བྱས་པའི་མེ་ཡོལ་དཀར་ཞལ་གྱིས་བྱུགས་པ་བཤམས་ཏེ། འདི་ཏི་སེའི་གངས་རིར་བསྒོམས་ཏེ། སྒྲུབ་པ་པོ་ལ་འཇིག་རྟེན་རང་རྒྱུད་པའི་མེ་ལྷའི་རིགས་ཀྱིས་ཉེར་འཚེ་སེལ་བར་བཤད། དཔལ་འབར་ཞིག་ཀྱང་སྟ་གོན་བྱ། རང་གི་གཡོན། ཐབ་ཀྱི་གཡས་ནས་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་དང་བཅས་པ་བཤམ། རང་གི་གཡས་ཐབ་ཀྱི་གཡོན་ནས་བསྲེག་རྫས་གཟི་བརྗིད་འཕེལ་བྱེད་ཡམ་ཤིང༌། འབྲས་བུ་ཅན་གྱི་ཤིང་སྦོམ་ཕྲ་གུང་མོ་ཙམ་སེར་ཞིང་དྲི་ཞིམ་པ། ཁྲུ་གང་བ་རྩ་རྩེ་མར་དང་སྦྲང་རྩིས་བྱུགས་པ། འབྱོར་པ་འཕེལ་བྱེད་མར་ཁུ་གཙང་མ། བདེ་དགེ་ཀུན་སྟེར་ཞིང་ཤེས་རབ་འཕེལ་བྱེད་འོ་མར་ཕྱེ་གསུམ་སྦྲང་རྩི་སོགས་བསྲེས་པ། སྡིག་པ་འཇོམས་བྱེད་ཏིལ་ནག་དང༌། བགེགས་ཞི་བྱེད་ཡུངས་ཀར། ནོར་འབྲུ་འཕེལ་བྱེད་སོ་བ། ལོངས་སྤྱོད་རྒྱས་བྱེད་འབྲས། རླུང་ཤུགས་འཕེལ་བྱེད་ནས། ནད་རྣམས་འཇོམས་བྱེད་གྲོ། སྟོབས་རྣམས་འཕེལ་བྱེད་སྲན་མ། ཚེ་རྒྱས་བྱེད་དཱུརྦ། རྫས་རྣམས་དག་བྱེད་ཀུ་ཤ་རྣམས་གོ་རིམ་བཞིན་བཤམ། རྫས་རྣམས་ལ་བདུད་རྩི་ལྔས་གཏོར་ལ་བཞག །སྒྲུབ་པ་པོ་རང་ཉིད་སྔ་དྲོའི་དུས་སུ་ཁྲུས་བྱས། འབྱོར་ན་གོས་རྒྱན་སེར་པོས་བརྒྱན། བདག་གི་ཚེ་དང་ལོངས་སྤྱོད་བསོད་ནམས་ལ་སོགས་པ་རབ་ཏུ་རྒྱས་ཏེ་ཚིམ་པའི་བསམ་པས་སྔར་བཤམས་པའི་སྟན་ལ་ཁ་བྱང་དུ་བལྟས་ཏེ། ས་འཇའ་ལི་ལ་ཁྱེལ་འདུག་གིས་འདུག་པ་བཟང་པོའི་འདུག་སྟངས་ཞེས་པའི་སྤྱོད་ལམ་གྱིས་འདུག་གོ
།གཉིས་པ་དངོས་གཞི་ནི། སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར། མགོན་དཀར་གྱི་བདག་བསྐྱེད་ཚུལ་བཞིན་བྱས་ལ། འདི་ནས་བརྩམས་ཏེ་སྦྱིན་སྲེག་གི་ཆོ་ག་མ་གྲུབ་གྱི་བར་ལ་ལག་པ་གཉིས་པུས་མོ་ལས་མི་འདའ་བ་ལ་བསླབ་བོ།
།དེ་ནས་དཔལ་འབར་ཆེ་བ་ཞིག་ལ་གོང་དུ་བཤད་པའི་མེ་སྦར་ཏེ། ཡམ་ཤིང་མར་ལ་སྦགས་པའམ། རྩ་སྐམ་པོ་གཞན་དང་བཅས། ལག་པ་གཉིས་གུས་པའི་ཚུལ་གྱིས་ཐབ་ལ་གཡས་ནས་ཟླུམ་པོར་བསྐོར་ཞིང༌། ངག་ཏུ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་སོགས་ལན་གསུམ་བརྗོད་ལ། ཨོཾ་ཛྭ་ལ་ཛྭ་ལ་རྃ། ཞེས་བརྗོད་དེ། ཐབ་ཀྱི་ནང་གི་ཏིང་ལོ་ལ་མེ་གསོ། ཁུ་ཚུར་གཉིས་བཅངས་པའི་མཐེབ་མཛུབ་གཉིས་བརྐྱངས་པའམ། རྩེ་སྦྱར་བ་རིན་པོ་ཆེའི་ཁུ་ཚུར་གྱི་ཕྱག་རྒྱས་དགང་གཟར་བླུགས་གཟར་བཟུང་ལ། བླུགས་གཟར་མར་དང་བཅས་པས་དགང་གཟར་གྱི་ཁ་ལ་རེག་ཅིང༌། བླུགས་གཟར་གྱིས་བུད་ཤིང་ལ་ཁྱབ་པར་བླུགས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་རྃ། ཞེས་བརྗོད།
ཐབ་དང་ཡོ་བྱད་བསང་བ་ནི། རང་ལྷའི་ང་རྒྱལ་གྱིས་བསང་ཆུ་ལ་ཨ་མྲྀ་ཏའམ། ཧཱུྃ་རིང་པོ་འགའ་ཞིག་བརྗོད་པས་རྫས་རྣམས་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམས་ལ། སྔགས་དེ་གཉིས་གང་རུང་བརྗོད་ཅིང་ཀུ་ཤའི་འཐོར་ཡབ་ཀྱིས་ཐབ་དང་ཡོ་བྱད་ཐམས་ཅད་བསང་གཏོར་བྱས་ཏེ་བགེགས་བསལ་ལ། བསྲེག་རྫས་དང་མཆོད་རྫས་རྣམས་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསྲེགས་རྫས་དང༌། མཆོད་རྫས་འདི་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་མཉེས་པ་དང༌། སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ།
ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱིཾ་སྭཱ་ཧཱས་མར། ཨོཾ་ཛྲིཾ་སྭཱ་ཧཱས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱང༌། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ནས། ཤབྡ་ཨཱཿཧཱུྃ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ།
ཐབ་སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་སེར་པོ་རྒྱར་ཁྲུ་གཉིས་པ། ཟབས་སུ་ཁྲུ་གང་བ། ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། ཁ་ཁྱེར་རམ་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ། བྲིས་པ་དང་གཉིས་སུ་མེད་པར་གྱུར། མེ་འབར་བའི་དབུས་སུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ། གཡས་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་དབྱུ་གུ་དང་སྤྱི་བླུགས་འཛིན་པ། ལུས་པོ་མེའི་རང་བཞིན་དམར་པོ། ཞལ་གྱི་དཀྱིལ་འཁོར་སེར་པོ་ལས་འོད་ཟེར་སེར་པོ་འཕྲོ་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ།
དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་ལག་པ་གཉིས་ཀྱི་མཐེ་བོ་གུང་མོའི་རྩ་བར་བཞག །མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌།
ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ།
།ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ། སརྦ་ཀརྨ་པྲ་སཱ་དྷ་ཀ མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི། དྭི་ཛ་ས་ཏྭ་མ་གྲྀ་ཧཱི་ཏྭཱ། ཨཱ་ཧུ་ཏིཾ་ཨཱ་ཧཱ་ར། ཨསྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་ལ་ཐབ་ནང་དུ་མེ་ཏོག་ཅིག་ཕུལ་ཏེ།
ཐབ་ཀྱི་ཤར་ལྷོར་པདྨའི་གདན་ལ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། ཨོཾ་ཨརྒྷཾ་སོགས་ཀྱིས་ཆུ་གཉིས་དབུལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་པའམ། སྤོས་དང་བཅས་པའི་དྲིལ་བུ་བཟུང་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ། སརྦ་བྷསྨི་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ་ཞེས་བརྗོད་ལ། ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌།
རྡོ་རྗེའི་བསྡུ་བའི་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར། ཞེས་པའི་མཚན་སྔགས་རེ་རེའི་མགོར་སྦྱར་བའི་ཉེར་སྤྱོད་ལྔ། གྷཎྜེ་ར་ཎི་རོལ་མོ་དང་བཅས་པས་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱ་ཧཱུྃ། ཞེས་པས་ནང་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ཏེ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ཡང་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་བགེགས་མེད་ཅིང་ཞི་བར་མཛོད་ཅིག །ཨོཾ་བཛྲ་སཏྭ་ཨཱཿ ཞེས་བརྗོད་དེ། ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་གཡས་སྐོར་དུ་དགྲམ་མོ།
།འདས་པའི་མེ་ལྷ་མཆོད་པ་ནི། འཇིག་རྟེན་པའི་མེ་ལྷའི་ཐུགས་ཀའི་མེ་གྲུ་གསུམ་གྱི་དབུས་སུ་པད་ཉིའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས་སོགས་ནས། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་གཞུག་པའི་བར་གྱི་མགོན་པོ་མཁའ་འགྲོ་མ་དང་བཅས་པ་མངོན་རྟོགས་ལྟར་བསྐྱེད། དེའི་མཐའ་སྐོར་དང་བར་སྣང་རྣམས་སུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་དུ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ། ལྷ་ཐམས་ཅད་འཛུམ་ཞིང་ཚིམ་པ། འོད་ཟེར་སེར་པོ་འཕྲོ་བ་དང༌། གཟི་བརྗིད་དང་ལྡན་པའི་སྒོ་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་མཛད། ཅེས་བརྗོད་ཅིང་བསམ། སླར་ཡང་ཧཱུྃ་ཞེས་བརྗོད་ཅིང་ཐབ་དང་ཡོ་བྱད་ཐམས་ཅད་ལ་བསང་ཆུས་གཏོར་ཏེ། མི་གཙང་བ་དང་ཉམས་པ་ཐམས་ཅད་དག་པར་བསམ། དེ་ནས་ཁུ་ཚུར་གྱིས་གཟར་བུ་གཉིས་བཟུང་སྟེ། ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པར་བསམས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། དགང་བླུགས་ཀྱི་གཟར་བུའི་ཁ་ལའང་རྃ་བསམས་ཏེ། གུ་རུ་མ་ཧཱ་སོགས་ལན་འགའ་ཞིག་མར་ལ་སྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བླུགས་པས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་ཨཱ་དཱི་བྱཱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ། གཟར་བུ་གཉིས་ཁ་སྦྱར་ལ་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམས་ལ། མཐར་བདག་མིང་འདི་ཞེས་བགྱི་བའི་འཁོར་དང་ལོངས་སྤྱོད་དང༌། ནོར་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྜིཾ་ཀུ་རུ་ཨོཾ། དེ་ལྟ་བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་དབུལ། གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད། དུས་གསུམ་རྒྱལ་བ་ཀུན་དངོས་པད་དཀར་ཅན་སོགས་ཀྱིས་བསྟོད། དེ་ནས་ཡམ་ཤིང་ནས་བརྩམས་ཏེ་བསྲེག་རྫས་རྣམས་སྡེ་ཚན་རེ་རེའི་ཐོག་མར། ཨོཾ་བོ་དྷི་བྲྀཀྵ་ལ་སོགས་པ་རང་རང་རྫས་སྔགས་ཚར་གསུམ་མམ་ལྔ་ལ་སོགས་པ་དང༌། འབུལ་སྔགས་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པ་འབའ་ཞིག་གིས་དབུལ། མཇུག་ཏུ་སྤེལ་ཚིག་གོང་ལྟར་བརྗོད་ཅིང་བརྒྱ་རྩ་བརྒྱད་ལ་སོགས་པ་ཇི་ཙམ་འབྱོར་པ་དབུལ། ལོགས་ནས་སྒྲུབ་གཡོག་གཅིག་གིས་གྲངས་བཟུང་སྟེ། ཡམ་ཤིང་ལ་སོགས་པ་རྣམས་རིམ་པ་བཞིན་ལག་པ་གཡོན་དུ་བཟུང་ལ། གཡས་པའི་མཐེབ་སྲིན་གྱིས་སྟེང་ནས་བླངས་ཤིང་ཅུང་ཟད་བསྐོར་ཏེ། མཆོག་སྦྱིན་གྱི་ཕྱག་རྒྱས་དབུལ། དེའང་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གསུམ་མམ་ལྔ་སོགས་དང༌། གུ་རུ་མ་ཧཱ་སོགས་ཀྱིས་བརྒྱ་རྩ་བརྒྱད་དབུལ། མཇུག་ཏུ་བདག་མིང་འདི་ཞེས་སོགས་ཀྱི་སྤེལ་ཚིག་གོང་ལྟར་བརྗོད། འོག་མ་རྣམས་ལའང་འདིའི་རིགས་འགྲེ་སྦྱར་ཏེ།
ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཞོ་དང་སྦྱར་བའི་ཟས་མཆོག །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱས་ཏིལ་ལམ་ཡུངས་དཀར། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་འབྲས་སོ་བ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུརྦ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱས་ཀུ་ཤ་རྣམས་ཕུལ་ལ། སྡེ་ཚན་རེ་རེའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར་རོ།
།དེ་ནས་སྐབས་འདིར་ཁྱད་པར་གྱི་རྫས་ཟས་མཆོག་ལ་གྲངས་བཟུང་སྟེ། རྩ་སྔགས་ཀྱིས་སྟོང་ཕྲག་ལྔའམ། ཁྲི་ལ་སོགས་པ་ འདི་ནི་ཆོ་ག་ཚར་རེའི་སྔགས་གསོག་ཚུལ་ཡིན་པ་དེ་ལྟར་ཞག་གྲངས་དུ་མར་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་ཁ་སྐོང་མ་འགྲིག་བར་དུ་བྱའོ། ཇི་ཙམ་ནུས་པ་འབུལ་ཞིང༌། སྐབས་སྐབས་སུ་ཡམ་ཤིང་དང་མར་ཅི་འབྱོར་པ་དབུལ། སྒྲུབ་གཡོག་གཅིག་གིས་མེ་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་འཇུག་གོ །དེ་ཡང་ཡམ་ཤིང་འབར་བའི་མེ་འོད་ལ། ཞུ་བའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །བསྲེག་རྫས་རྣམས་རྫོགས་པ་དང༌། གོང་བྱོན་སྐྱེམས་ཀྱི་སྐབས་སུ་བཤད་པ་ལྟར་མར་དགང་བླུགས་གསུམ་འབུལ། མཆོད་པ་རྣམས་ཁ་གསོས་བྱིན་གྱིས་བརླབས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །སོགས་ཚིགས་བཅད་སྔགས་ཕྱག་རྒྱ་དང་བཅས་པས་མཆོད། ནང་མཆོད་ཀྱི་ཕུད་ནས་བླ་མ་ཡི་དམ་སོགས་ལ་དབུལ། འཇིག་རྟེན་ལས་འདས་པའི་གཏོར་མ་ལ་བར་ཕུད་དབུལ། ལྷག་མ་ཆོས་སྐྱོང་དང་འབྱུང་པོ་རིགས་དྲུག་སོགས་ལའང་མཆོད་ལ། རང་གི་སྙིང་གའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོར་མཆོད་པར་བསམས་ཏེ། བདུད་རྩི་ཅུང་ཟད་ལྕེ་ལ་མྱངས་ལ། རྡོ་རྗེ་དྲིལ་བུ་འཛིན་པས་ཕྱོགས་བཅུ་དུས་གསུམ་སོགས་སམ། མི་ཤེས་ན་གོང་ལྟར། དུས་གསུམ་རྒྱལ་བ་སོགས་ཀྱིས་བསྟོད། འདས་པའི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གུ་རུ་མ་ཧཱ་སོགས་རྩ་སྔགས་ཀྱི་མཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་མམ་ལྔ་སོགས་ཕྱག་རྒྱ་དང་བཅས་པས་དབུལ། མཆོད་པ་ཕྱི་ནང་དང་བསྟོད་པ་བྱ། བདག་གི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་རྣམ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རང་གི་ཡིད་ལ་གང་འདོད་པའི་དོན་ལ་གསོལ་བ་བཏབ་ལ་སྐབས་འདིར་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་དང༌། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པའི་དབང་གིས། ཏིང་ངེ་འཛིན་མི་གསལ་བ་དང༌། བྱིང་བ་དང༌། རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་དུ་གྱུར་པ་ཐམས་ཅད་བཟོད་པར་གསོལ་བར་མཛད་དུ་གསོལ།
ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་རྗེས་སུ། ཨོཾ་ཨཱཿཧཱུྃ། བཛྲ་མུཿཞེས་དང༌། མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་རྡུལ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ།
གསུམ་པ་རྗེས་ལ། འཇིག་རྟེན་པའི་མེ་ལྷ་ལ་བསྲེག་རྫས་ལྷག་མ་རྣམས་ཡམ་ཤིང་ནས་ཀུ་ཤའི་བར། བདུན་ནམ་བཅུ་གཅིག་སོགས་ཅི་འབྱོར་དབུལ། སྤེལ་ཚིག་ཀྱང་འདྲ། མར་དགང་བླུགས་གསུམ་གྱི་སྦྱིན་སྲེག་དབུལ། ཡོན་བདག་ལ་སོགས་པའི་དོན་དུ་བྱེད་ན། དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ། བདག་གམ་ཡོན་བདག་སོགས་སྤེལ་ཚིག་གོང་ལྟར་བརྗོད། བདུན་ཚན་གསུམ་པོ་རེ་རེའི་མཐར་བྱས་པའོ།
།གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ། ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔས་དབུལ། མཚན་སྔགས་རེ་རེ་ནས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང༌།
ནང་མཆོད། འཇིག་རྟེན་དབང་ཕྱུག་སོགས་བསྟོད་པ་རྒྱས་བསྡུས་གང་རིགས་བྱ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་མིང་འདི་ཞེས་བགྱི་བའི་འཁོར་དང་ལོངས་སྤྱོད་དང༌། ནོར་དང༌། འབྲུ་དང༌། རིན་པོ་ཆེ་ལ་སོགས་པ་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ་ཞེས་དང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། ཨོཾ་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱས་བསང་གཏོར་དང༌། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱས་འཐོར་འཐུང་ཕུལ་ལ།
བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ། ཞེས་དང༌།
དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ་ཞེས་སོགས་ཀྱིས་བསྲུང་བ་བྱ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །སོགས་ཀྱི་བསྔོ་བ་སྨོན་ལམ་ཅི་ཤེས། འབད་དང་རྩོལ་བ་སོགས་བཀྲ་ཤིས་གང་ཤེས་བྱ། མཆོག་གི་དངོས་གྲུབ་བསྒྲུབ་པ་ཡིན་ན། མེ་མ་ཤིའི་བར་དུ་མི་བསྒུལ་ཤི་བ་དང་གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ། ཐུན་མོང་གི་དངོས་གྲུབ་ཙམ་ལ་འཕྲལ་དུ་ཕྱགས་ལ་ཐབ་ཀྱི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ་མེ་ཏོག་ལ་སོགས་པ་གཏོར་ལ་བཀྲ་ཤིས་པར་བྱའོ།
།འདི་ནི་བཙུན་པ་སྙོམ་ལས་པ་བུདྡྷི་ལཀྵྨཱིཾས་བྲིས་པའོ། །དགེ་ལེགས་དཔལ་འབྱོར་རྒྱས་པས་ཕྱོགས་ཀུན་ཁྱབ་གྱུར་ཅིག།