Mgon dkar yid bzhin nor bu'i sgrub thabs dbang gi rgyal po

From Shangpa Resource Center








Resource ID Gönkar19
Title mgon dkar yid bzhin nor bu'i sgrub thabs dbang gi rgyal po
Topics White protector
Sub-Topics Sadhana
Author Sangyé Püntsok
Link BDRC W23681 (p. 270)

༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས།

།རབ་བརྗིད་ཀཻ་ལ་ཤ་ཡི་ལྷུན་པོ་ལ། །རབ་གསལ་ཉི་མའི་དཀྱིལ་འཁོར་ཤར་བ་ལྟར། །རབ་མཆོག་བླ་མ་མགོན་པོ་དབྱེར་མེད་ལ། །རབ་དྭངས་བློ་ཡིས་དབྱེར་མེད་གཅིག་ཏུ་མཆོད། །རྒྱལ་ཀུན་ཐུགས་རྗེའི་སྤྱི་གཟུགས་པད་དཀར་འཆང༌། །རྒྱལ་བསྟན་བསྲུང་ཕྱིར་ཞི་ཁྲོའི་ཟློས་གར་གྱིས། །རྒྱལ་བའི་མཛད་བཟང་བགྲང་ཡས་འགྲོར་སྩོལ་བའི། །རྒྱལ་མཆོག་སྒྲུབ་ཐབས་མཁས་གྲུབ་མང་པོས་མཛད། །དེ་དག་རྣམས་ཀྱི་ལེགས་བཤད་གཅེས་པའི་ནོར། །རང་གི་ཡིད་མཚོར་འཇགས་པར་བྱ་བའི་ཐབས། །ཡི་གེར་བཀོད་འདི་མཁས་གྲགས་འདོད་མ་ཡིན། །རང་ཉིད་དད་དང་སྤྲོ་བའི་གདུང་ཤུགས་ཏེ། །འདི་ལ་ཆོས་བདག་མཁའ་འགྲོས་གནང་བ་སྩོལ།
།ཞེས་མཆོད་པར་བརྗོད་ཅིང༌། བཤད་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས། རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཟློས་གར།
མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དབང་གི་རྒྱལ་པོ་ཞེས་བྱ་བ་འཆད་པ་ལ་གཉིས་ཏེ། རྟེན་གྱི་གང་ཟག་དང༌། ཉམས་ལེན་དངོས་སོ།
།དང་པོ་ནི། དེའང་སྒྲུབ་པ་པོ་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཏེ། ཚེ་འདིར་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བས། རྡོ་རྗེ་ཐེག་པའི་ལམ་ལ་མོས་ཤིང༌། བདེ་མཆོག་ལ་སོགས་པའི་དབང་བཞི་ལེགས་པར་ཐོབ་པ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ཞིང༌། ཁྱད་པར་བླ་མ་མགོན་པོ་དབྱེར་མེད་ཀྱི་བཀའ་ཡིད་བཞིན་ནོར་བུའི་སྒོས་ཀྱི་རྗེས་གནང་ལེགས་པར་ཐོབ་པའི་རྣལ་འབྱོར་པས་སོ།
།གཉིས་པ་ལ་སྦྱོར་དངོས་རྗེས་གསུམ་ལས།
དང་པོ་ནི། དུར་ཁྲོད་ལ་སོགས་པའི་གནས་མཚན་ཉིད་དང་ལྡན་པར། ཕྱགས་དར་སྐྱང་ནུལ་སོགས་བྱས་ལ། བླ་བྲེ་དང༌། ཡོལ་བ་སོགས་ཡོད་ན་བཤམ། བྲིས་སྐུ་སོགས་སྦྱིན་པ། བྱེ་བྲག་གི་རྟེན་ཡོད་ན་བཤམ། མ་འབྱོར་ན་སྐྱོན་མེད། མཆོད་གཏོར་ཅི་འབྱོར་བཤམས་ལ་སྟན་བདེ་བ་ལ་འཁོད་དེ། རྡོ་རྗེ་སྐྱིལ་ཀྲུང་སོགས་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག་ནས། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་དམིགས་ཏེ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་འགྲོ་བྱེད་པར་བསམ་ཞིང་སྙིང་ཁོང་རུས་པའི་གཏིང་ནས།
ངག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།
།ཉེར་གཅིག་སོགས་ཅི་ནུས་སེམས་དང་འདྲེས་ངེས་བྱ། ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་རང་གཞན་ལ་ཐིམ་པས།
དཀོན་མཆོག་གི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ། སངས་རྒྱས་ཆོས་ཚོགས་མ་གཞན་འདྲ་བ་ལས། བདག་གི་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་འདིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །ལན་གསུམ།
སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས། སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་མགོན་དཀར་ཡིད་བཞིན་ནོར་བུའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ཞེ་ཐག་པ་ནས་བསམ་ཞིང༌། ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང༌། ཞེས་སོགས་ཀྱི་ཚད་མེད་བཞི་བསྒོམ། རང་ཐ་མལ་དུ་གནས་པའི་སྙིང་གི་དཀྱིལ་དུ་ཆོས་ཉིད་ཀྱི་ཐིག་ལེ་དམར་ཞིང་དྭངས་ལ་འདྲིལ་བ། རྒྱ་སྲན་ཙམ་ཞིག་བསམ། དེའི་ནང་གི་དབུས་སུ་ཧཱུྃ་དཀར་པོ་དངུལ་ཆུ་ལྟར་དྭངས་པ་གཅིག་བསམ། དེ་གཉིས་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། ཡིད་བཞིན་ནོར་བུའི་གོ་འཕང་ལ་བཀོད། ཚུར་འདུས་ཐིག་ལེ་ཧཱུྃ་དང་བཅས་པ་ལ་ཐིམ། དེ་གཉིས་དབྱེར་མེད་དུ་ཁྲུག་གིས་འདྲེས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པར་གྱུར་པ་ནི། ཕྱི་རོལ་དུ་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཤེལ་དཀར་ལྟར་དྭངས་ཤིང༌། ཕྱི་ནས་མེ་རི་དམར་པོ་འབར་བ།
དེའི་དབུས་སུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གྃ་ལས་ཚོགས་བདག་གི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་སྐུ་མདོག་དུང་ལྟར་དཀར་ཞིང༌། སྨུག་རྩི་གསར་པས་བྱུགས་འདྲའི་དམར་མདངས་ཆགས་ཤིང་བརྗིད་པ། ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ། ཞལ་འཛུམ་ཁྲོའི་ཉམས་དང་ལྡན་ཞིང་མཆེ་བ་ཅུང་ཟད་གཙིགས་པ། ལི་ཁྲིའི་ཆུན་པོ་ལྟ་བུའི་དབུ་སྐྲ་དང༌། སྨིན་མ་དང༌། སྨྲ་ར་དམར་སེར་གྱེན་དུ་བརྫེས་ཤིང་འཁྱིལ་བ། དཔྲལ་བར་མཁའ་འགྲོ་མའི་ཐིག་ལེ་སིནྡྷུ་རའི་ཐིག་ལེས་བྱུགས་པ། ཐོད་སྐམ་ལྔའི་དབུ་བརྒྱན་དང༌། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་དྲུག་གི་གཡས་ཀྱི་དང་པོས་སེར་སྣ་ལ་སོགས་སྐྱོན་དྲུག་གཅོད་པའི་གྲི་གུག་སྔོན་པོ་ནམ་མཁའ་ལ་འཕྱར་བ། གཉིས་པས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ། གསུམ་པས་སེང་ལྡེང་གི་ཌ་མ་རུ་དྲག་ཏུ་འཁྲོལ་བས་མཁའ་འགྲོ་དབང་དུ་སྡུད་པ། གཡོན་གྱི་དང་པོས་བདུད་རྩིས་གང་བའི་ཐོད་ཆེན་གྱི་ནང་དུ། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་བུམ་པ་སེར་པོ་བརླ་གཡོན་པ་ལ་བརྟེན་ཏེ་འཛིན་པས་འདོད་རྒུ་སྩོལ་བ། གཉིས་པས་དུག་གསུམ་འཇོམས་པའི་རྩེ་གསུམ། གསུམ་པས་ཁམས་གསུམ་འགུགས་པའི་རིན་པོ་ཆེའི་ལྕགས་ཀྱུ་འབར་བ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ། འོག་པག་སྟེ། ནོར་བུའི་རྒྱན་བརྒྱད་ཀྱིས་མཛེས་པ། སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བས་གཡོགས་ཤིང༌། སྐུ་སྨད་ལ་སྟག་ལྤགས་གསར་པའི་ཤམ་ཐབས་དཀྲིས་པ། རིན་པོ་ཆེའི་ཆུན་འཕྱང་སྣ་ཚོགས་ཀྱི་སྣེ་མོ་ལ། གསེར་དངུལ་གྱི་དྲིལ་བུ་དང་གཡེར་ཁ་འཁྲོལ་བ། ལྷ་རྫས་ཀྱི་ན་བཟའ་དང་དར་སྣ་ཚོགས་ཀྱི་འཕྱང་འཕྲུལ་ཅན། ཞབས་གཉིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་ད་ལྟ་རང་བྱོན་ཞིང༌། འབྱོན་འཕྲོ་ལ་ཚོམ་སྟེ་བཞུགས་པ་འདྲ་བའི་ཞབས་འོག་ན། དཔལ་ཚོགས་ཀྱི་བདག་པོ་གླང་པོ་ཆེའི་གདོང་པ་ཅན། མདོག་དཀར་པོ། ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་ཞིང༌། གཡོན་གྱིས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པ། ཁ་དང་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས། ནོར་བུ་ལྷུག་ལྷུག་འབྱུང་བ་རེ་རེ་མནན་ཅིང༌། ཡེ་ཤེས་ཀྱི་འོད་ཟེར་མེ་འོད་འབར་བའི་དབུས་ན་བཞུགས་པ་ལ། འཁོར་དབང་སྡུད་ཀྱི་ཌཱ་ཀི་བྱེ་བ་འབུམ་སྡེ་དཔག་ཏུ་མེད་པ་དང༌། ནོར་བདག་གནོད་སྦྱིན་ཕོ་མོ་དཔག་ཏུ་མེད་པས་བསྐོར་བ། མགོན་པོའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་མོ་དགོས་འདོད་ཐམས་ཅད་འབྱུང་བ། ཞལ་འཛུམ་པའི་མདངས་ཅན། གཡས་ཡིད་བཞིན་ནོར་བུ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགོན་པོའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང༌། བཅུ་དྲུག་ལོན་པའི་ལང་ཚོ་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་དང༌། གཡོན་གྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། ཞབས་གར་སྟབས་ཀྱིས་འགྱིང་ཞིང༌། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྟོང་གསུམ་གཡོ་བར་བྱེད་པ་ཅིག་བཞུགས་པར་བསམ།
མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུྃ་སྔོན་པོ། ཐུགས་ཀའི་མཁའ་འགྲོ་མའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ་དམར་པོ། དེ་ལས་འོད་ཟེར་འཕྲོས་པས། རྒྱ་གར་ཤར་ལྷོའི་མཚམས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཤིང་ཙནྡན་རྐང་གཅིག་གི་དྲུང་ནས་མྱུར་མཛད་ཡིད་བཞིན་གྱི་ནོར་བུ་ལ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་མཁའ་འགྲོ་གནོད་སྦྱིན་ནོར་བདག་གི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཌ་མ་རུ་དང་དྲིལ་བུའི་སྒྲ་སྒྲོགས་ཤིང༌། དགྱེས་པའི་གར་སྟབས་དང་བཅས་ཏེ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅའ། སྤྱན་འདྲེན་མཆོད་གཏོར་བཟླས་པའི་སྐབས་རྣམས་སུ་མགོན་པོའི་སྤོས་སྦྱོར་ཡོད་ན་བསྲེག །བསྟོད་པ་སྤྱན་འདྲེན་སོགས་ལ་ཌ་དྲིལ་ཀྱང་སྤྲོ་ན་བྱས་པས་ཆོག
།ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་གནས་འདིར་གཤེགས་ནས་ཀྱང༌། །དབུལ་བའི་སྡུག་བསྔལ་ཞི་བར་མཛོད།
།ཧཱུྃ། ཙནྡན་ལྗོན་ཤིང་འཁྲིགས་པའི་དུར་ཁྲོད་ནས། །དྲི་བཞོན་གྱིས་བསྐྱོད་སྤྲིན་དཀར་ཕུང་པོ་བཞིན། །ཕྱག་ན་པདྨོའི་རྣམ་རོལ་བསྟན་སྲུང་མཆོག །།མགོན་དཀར་འདོད་རྒུའི་ཆར་འབེབས་གནས་འདིར་གཤེགས། །ལྷ་ཆེན་བླ་མ་ཡིད་བཞིན་ནོར་བུ་ཡི། །བཀའ་སྒྲུབ་ཕྱོགས་བཅུའི་འཇིག་རྟེན་དབང་དུ་སྡུད། །རྣལ་འབྱོར་མཆོག་ལ་དངོས་གྲུབ་མྱུར་སྩོལ་བའི། །ནོར་བདག་ཌཱ་ཀིའི་ཚོགས་བཅས་གནས་འདིར་གཤེགས། །མགོན་པོ་འཁོར་བཅས་ཐུགས་རྗེའི་ཟློས་གར་གྱིས། །རྣམ་པར་གཡོས་པས་སྲིད་ཞིའི་དཔལ་འབྱོར་ནི། །གེགས་མེད་མྱུར་སྩོལ་དབུལ་བའི་སྡུག་བསྔལ་ཀུན། །མ་ལུས་བསལ་ནས་དཔལ་འབྱོར་རྒྱས་པར་མཛོད།
།གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཉེར་གཅིག །ཛཿའམ། ཀྵིཾ་ཉེར་གཅིག་རྣམས་བརྗོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཐལ་མོ་སྦྱར་ཏེ།
བདག་དང་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་ཞི་བར་མཛད། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
།ཆོས་འབྱུང་དཀར་དང་མེ་རི་དམར་བའི་དབུས། །པད་དཀར་གདན་དང་འོད་སྟོང་དཀྱིལ་འཁོར་སྟེང༌། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་དྲུག་པ། །ཁྱོད་ལ་རྣམ་དཀར་དྭང་བས་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ།
མཆོད་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་རང་བཞིན་སྟོང་ཉིད། རྣམ་པ་རྟེན་ཅིང་འབྲེལ་བ་ལས་བྱུང་བའི་མཆོད་རྫས། བྱེད་ལས་མགོན་པོ་འཁོར་བཅས་ཐུགས་མཉེས་པར་བྱེད་པའི་མཆོད་སྤྲིན། མཆོད་ཡོན། ཞབས་བསིལ། བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དང༌། གཞན་ཡང་ཕྱི་ནང་གསང་བའི་མཆོད་སྤྲིན། དངོས་སུ་འབྱོར་པ་དང༌། ཡིད་ཀྱིས་སྤྲུལ་པ་ལ་སོགས་པ། མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་ཐམས་ཅད་གང་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ནས། ཤབྡ་ཨཱཿཧཱུྃ་གི་བར་དང༌། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པ་རྣམས་ཀྱི་བྱིན་གྱིས་བརླབས་ལ།
རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མྱུར་མཛད་འཁོར་དང་བཅས་ལ་འབུལ། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ།
།གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཚིགས་བཅད་གཞན་རྣམས་སྔར་དང་འདྲ་བ་ལས། ཞབས་བསིལ་དང༌། པཱ་དྱཾ། མེ་ཏོག་དང༌། པཥྤེ། བདུག་སྤོས་དང༌། དྷཱུ་པེ། མར་མེ་དང༌། ཨཱ་ལོ་ཀེ། དྲི་ཆབ་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་དྱ། སིལ་སྙན་དང༌། ཤབྡ། གཟུགས་མཆོག་དང༌། རཱུ་པ། སྒྲ་སྙན་དང༌། ཤབྡ། དྲི་མཆོག་དང༌། གནྡྷེ། རོ་མཆོག་དང༌། རཱ་ས། རེག་བྱ་དང༌། སྤརྴེ་རྣམས་ཚིགས་བཅད་དང་སྔགས་རྣམས་སྤེལ་ཏེ། ཕྱག་རྒྱ་དང་བཅས་པས་ཕྱི་མཆོད་ནང་མཆོད་བྱིན་རླབས་ཡི་དམ་གང་བྱེད་དམ།
ཡང་ན་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། བྷྲཱུྃ་ཨཱྃ་ཛྲིཾ་ཁྃ་ཧཱུྃ་ལས་བྱུང་བའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཕྱག་རྒྱ་དང་བཅས་པ་ལན་གསུམ་གྱིས་བྱིན་བརླབ། བསྡུ་ན་འབྲུ་གསུམ་གྱིས་ཆོག་གསུངས། གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་སྤྱི་བོར་གཏོར་ནས། རྒྱས་པར་ན་འདིའི་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ནས་བརྗོད་ལ་དབུལ།
བསྡུ་ན། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙིང་ག་ནས་གཏོར་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ། ལྟེ་བ་ནས་གཏོར་ལ་རྩ་སྔགས་སིདྡྷི་ཛཿའི་མཇུག་ཏུ། མགོན་པོ་ཡིད་བཞིན་ནོར་བུའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་འཁོར་གྱི་མཁའ་འགྲོ་ནོར་སྦྱིན་རྣམས་ཀྱི་ཞལ་དུ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ གཞི་བདག་རིགས་དྲུག་རྣམས་ལྷར་གསལ་བའི་ཞལ་དུ༴ རང་གིས་ཀྱང་མྱང༌། འདི་ཅུང་ཟད་བསྡུས་པ་ཡིན་ལ། རྒྱས་པར་ན་བླ་མེད་སྤྱི་ལྟར་རོ།
ཁྱུང་པོས་མཛད་པ་ལ་སོགས་པའི་བསྟོད་པ་གང་རུང་གིས་བསྟོད། བཟླས་པ་བྱེད་པར་འདོད་པས། འདིའི་མན་ངག་ཤིན་ཏུ་གལ་ཆེ་བ་ཡིན་ཀྱང༌། འདིར་མ་སྦས་པར་གསལ་པོར་བརྗོད་ན། མགོན་པོའི་ཐུགས་ཀའི་མཁའ་འགྲོ་མའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ། ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་པོ་དང་བཅས་པ་བསྒོམས་ལ། འདི་ལྟར་བརྗོད་ཅིང་བསམ་མོ།
།སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་དམར་པོའི་མཐར། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་སྔགས་ཕྲེང་བྱེ་རུའི་ཕྲེང་བ་ལྟ་བུ་དམར་ཧྲམ་མེ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་འཁོར། དེ་ལས་འོད་ཟེར་དམར་ཞིང་རྣོ་བ་དཔག་མེད་འཕྲོས་པས་སྲིད་པ་འཁོར་བ་དང༌། ཞི་བ་མྱ་ངན་ལས་འདས་པའི་བསྡུས་པའི་བརྟན་གཡོ་སྣོད་བཅུད་ཀྱི་དགེ་ལེགས་ཕུན་སུམ་ཚོགས་པ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ཐིག་ལེ་ལ་ཐིམ་པས། རྣལ་འབྱོར་པ་ལ་ཚེ་དང་བསོད་ནམས་དང་དཔལ་དང་དབང་ཕྱུག་དང་བདེ་ལེགས་ཆར་བཞིན་དུ་འབབས་པར་གྱུར། ཅེས་བརྗོད་ཅིང་དམིགས་པ་གསལ་གང་ཐེབས་རིག་པ་གྲུང་བཏོན་ཅིང་ཧུར་ལ་བླངས་ཏེ་བཟླས་པ་བྱ། ལས་དང་པོ་པས་བཟླས་དམིགས་མང་པོ་དུས་གཅིག་ལ་མི་ལྕོགས་པས། ཡང་ན་འདི་ལྟར་བརྗོད་ཅིང་བསམ། སླར་ཡང་འོད་ཟེར་དམར་པོ་ཚ་ཞིང་རྣོ་བ་འཕྲོས། འཁོར་གྱི་མཁའ་འགྲོ་དང་ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་དག་གི་རྒྱུད་དབང་མེད་དུ་བསྐུལ་ནས་སྲིད་གསུམ་གྱི་དངོས་གྲུབ་ཧྲིལ་གྱིས་བསྡུས། རང་ཉིད་ཀྱི་མདུན་དུ་ཟས་ནོར་ལོངས་སྤྱོད་རི་རབ་ཙམ་སྤུངས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་བཟླས་པ་བྱ།
ཡང་འོད་ཟེར་འཕྲོས། རྒྱལ་པོ་ཕྱུག་པོ། དྲག་རྒུ་ཆེ་རྒུ། སྐྱེས་པ་བུད་མེད་ལ་སོགས་ཏེ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་སྙིང་དུ་འོད་ཟེར་མཁའ་འགྲོ་གནོད་སྦྱིན་རྣམས་ཀྱི་རིག་པ་དང་བཅས་པ་ཞུགས། མི་ཐམས་ཅད་ཀྱི་ཤེས་པ་རང་དབང་མེད་པར་གྱུར་ནས་བདག་གི་དབང་དུ་འུབ་ཀྱིས་བསྡུས་པར་གྱུར། ཅེས་བརྗོད་ཅིང་སྔགས་བཟླ།
དེ་ཡང་ཁྱད་པར་དུ་རང་གིས་གང་དབང་དུ་བསྡུ་བར་འདོད་པ་དེའི་སྙིང་གི་དཀྱིལ་དུ་མི་དེའི་རྣམ་ཤེས་ནྲྀ་ལྗང་གུ་ཉ་མིག་ཙམ་ཡོད་པ་དེ། མཁའ་འགྲོ་དང་གནོད་སྦྱིན་རྣམས་ཀྱི་སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་ཙིར་གྱིས་བཟུང་ནས་བདག་གི་དབང་དུ་བྱས་པར་བསམ་ཞིང་བཟླ། མཁའ་འགྲོ་དང་གནོད་སྦྱིན་ལ་བརྟེན་པའི་ཟབ་ཁྱད་དོ།
།ཚོགས་བདག་ལ་བརྟེན་པའི་ཟབ་ཁྱད་ནི། སླར་ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་རྣམས་དང༌། མིའི་དབང་པོ་ལ་སོགས་པའི་སྟོབས་ལྡན་ཐམས་ཅད་བཀུག་སྟེ། ཚོགས་བདག་ལ་བསྟིམས་པས། དེ་དག་ཐམས་ཅད་ཀྱིས་རྣལ་འབྱོར་པའི་བཀའ་བཞིན་དུ་ཉན་ཅིང༌། བྲན་བཞིན་དུ་ལས་བསྒྲུབས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་བཟླས་པ་བྱ།
སྐབས་འགར་སེམས་གནས་ལུགས་ཀྱི་སྟེང་དུ་འཇོག་ཅིང་བྱ། རེས་ལྷའི་སྤྱན་དབུས་མ་ནས་བཟུང་སྟེ་རྟེན་དང་བརྟེན་པ་ལ་སེམས་གཏད་ཅིང་བཟླ། རེས་འགའ་སྙིང་གའི་སྔགས་ཀློག་པའི་ཚུལ་དང༌། རེས་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་དང༌། གཙོ་ཆེར་གོང་གི་བཟླ་ཚུལ་དེ་རྣམས་བྱ། གང་ལྟར་ནའང་སེམས་མ་ཡེངས་པར་དགོས་ཏེ། སེམས་གཞན་གཡེངས་པས་བྱས་པ་ནི། །བསྐལ་པར་བཟླས་ཀྱང་མི་འགྲུབ་བོ། །ཞེས་གསུངས།
བཟླས་པའི་ཡུལ་ཕྲེང་བའང་སྤྱི་འགྲོ་ལྟར་བྱིན་རླབས་དང་ལྡན་པར་བྱ། འདི་བསྒྲུབ་པའི་སྐབས་སུ་རང་འདོད་ཀྱི་འཁྲིས་མེད་པར་བྱ། བཟླ་བྱའི་སྔགས་ནི་དམིགས་པ་གསལ་པོས། གུ་རུ་མ་ བླ་མ་ནག་པོ་ཆེན་པོ་དང་མཁའ་འགྲོ་སྡེ་བཞིས་དངོས་གྲུབ་རྩོལ། ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་པའི་ཡི་གེ་འབྲུ་བཅུ་གསུམ། གི་གུ་བཞི། ཞབས་ཀྱུ་གཉིས་ཏེ། ཁམས་གསུམ་དབང་སྡུད་ཀྱི་སྙིང་པོ་འདི་ཚིག་གཞན་གྱིས་བར་མ་ཆོད་པར་འབུམ་ཕྲག་གསུམ་ཆུ་བོའི་གཞུང་བཞིན་བཟླ་བར་བྱའོ། །ཞེས་ཁྱུང་པོས་གསུངས་ལ། མཁས་གྲུབ་ཆོས་རྗེའི་གསུང་རྒྱུན་ལས་ས་ཡ་ར་ཅན་འབྱུང་སྟེ་གང་ལྟར་ནའང་འབུམ་ཕྲག་བཅུ་གསུམ་ཁ་སྐོང་ཁྲི་ཚོ་བཅུ་གསུམ་དང་བཅས་པ་བཟླས་ན་ལེགས་ཤིང༌། དེ་རྣམས་ནི་གྲངས་བསྙེན་གྱི་དབང་དུ་བྱས་ལ། མཚན་མའི་བསྙེན་པ་ནི་རྟགས་ཤིག་མ་བྱུང་གི་བར་དུ་བྱེད་པའོ།
།རྟགས་ནི། རབ་མངོན་སུམ། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ། མགོན་པོ་དང་མཁའ་འགྲོ་དངོས་སུ་མཐོང་བ་དང༌། བླ་མ་དུར་ཁྲོད་ནས་བྱོན་པ་དང༌། རིག་མ་མཚན་ལྡན་གྱིས་དངོས་གྲུབ་སྟེར་བ་དང༌། ཁམས་གསུམ་སེམས་ཅན་ལ་དབང་བསྐུར་བ་དང༌། ཉི་ཟླ་ཤར་བ་དང༌། གོས་དཀར་པོ་གོན་པ་དང༌། བུམ་པ་ཐོགས་པ་དང༌། ནོར་བུ་རྙེད་པ་ལ་སོགས་པའི་རྟགས་འབྱུང༌། དེ་ལྟར་རྟགས་བྱུང་ན་འགྲུབ་པ་ཡིན་པས། ཚེ་རིང༌། ནད་མེད། ཁམས་གསུམ་དབང་དུ་འདུས། ལྷ་སྲིན་བྲན་དུ་ཁོལ། རྨི་ལམ་ཟིན། བར་དོ་མེད་པར་འཚང་རྒྱའོ།
།ཐུན་གསུམ་བཞི་དྲུག་རྣམས་གང་རུང་ཡིན་ནའང༌། བསྟེན་པ་ནི་མི་ཚིག་དང་སྔགས་གཞན་མ་འདྲེས་ཤིང་གདན་ཐོག་གཅིག་ཏུ་འགྲོ་དགོས། ཐུན་མཚམས་སུ་འཐོར་བསྙེན་གྱི་ཚུལ་དུ་བཟླ་རུང་ཡང་དེས་བསྙེན་པའི་གོ་མི་ཆོད། སྔོན་འགྲོ་ཞག་ཁ་ཤས་སྐྱབས་འགྲོ་སེམས་བསྐྱེད་དང༌། ཐུན་མཚམས་སྡིག་བཤགས་ཡིག་བརྒྱ་སོགས་ལ་འབད། དངོས་གཞི་མཚམས་ཀྱི་དཀྱིལ་རང་དུ་སླེབས་ནས་གདན་གྱི་དྲོད་མ་ཡལ་བར་བཟླས་པ་རང་ལ་འབད། སྒྲུབ་གཡོག་མ་གཏོགས་པའི་མི་གཞན་དང་མི་འཕྲད། ལྷ་རྗེ་ཉམས་ཅན་གྱི་གང་ཟག་འདྲ་མཚམས་འོག་ཏུ་འཇུག །མཚམས་ཀྱི་རིང་ལ་ཡི་གེ་དང་དངོས་སྤྱད་གསར་པ་ལེན་དགོས་བྱུང་ན་རང་གི་མལ་དང་ཉེ་བར་མི་ལེན། གཞན་དུ་བླང༌། ཡིག་ལན་ཀྱང་མལ་ས་ནས་མི་བྱེད། མཚམས་གྲོལ་བའི་ཚེ་ལྷོད་ཀྱིས་གྲོལ། མཚམས་དང་དགེ་སྦྱོར་ཐམས་ཅད་མགོ་མཇུག་ལྷོད་ལ། དཀྱིལ་དུ་བསྒྲིམ་དགོས་པས། དགེ་སྦྱོར་ནས་འདྲ་མ་ཟེར་རོ།
།སྤྱིར་མཚམས་དང་དགེ་སྦྱོར་གང་བྱེད་ཀྱང་ཚེ་འདིའི་འཁྲི་བ་བཅད་དགོས། ཐོག་མ་མེད་པ་ནས་འཁོར་བར་འཁྱམས་ཚུལ་བསམས་ན་ཚེ་འདིར་ཕུན་སུམ་ཚོགས་པ་ཇི་སྙེད་ཐོབ་ཀྱང་བྱེད་རྒྱུ་མི་སྣང༌། འདིའི་བསྙེན་པའི་སྐབས་སྒྲུབ་ཐབས་དང་སྔགས་ཀྱི་དག་ཆ་ཙམ་མ་གཏོགས་དཔེ་ཆ་མང་པོ་མི་བལྟ། ལས་དང་པོ་པ་བསྙེན་པའི་སྐབས་སུ་ཡི་གེ་འབྲི་འདོད་པ། དབྱངས་འཐེན་པ། རྩོམ་བྱེད་འདོད་རྣམས་བྱུང་ནའང་མི་བྱ། ངེས་འབྱུང་མི་སྐྱེ་ན་འཆི་བ་མི་རྟག །འཁོར་བའི་ཉེས་དམིགས་སྟོན་པའི་དཔེ་ཁ་གསལ་དེ་འདྲ་བལྟ། འདིའི་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་བླ་མའི་རྣམ་ཐར་ཅུང་ཟད་བལྟ། གཞན་སྤྲོས་པ་མང་པོ་མི་བྱ། ན་ཚ་ལྟ་བུ་བྱུང་ཡང་ཐུན་མ་ཆག་པ་ཙམ་བྱེད། སྤྱིར་ཕྱི་གུ་ཡངས་མདོག་ཁ་བ་ལ་ཁོང་བསྒྲིམ་པ་ཅིག་བྱེད་དགོས། བཟླས་པ་བསྡུ་དུས་སྤྲོ་ན་ཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས། བདེ་བར་གཤེགས་པ་སོགས་དང༌། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་སོགས་ཀྱིས་གསོལ་བ་གདབ། ཨཱ་ལི་ཀཱ་ལི། ཡིག་བརྒྱ། རྟེན་འབྲེལ་སྙིང་པོ་རྣམས་ཚར་གསུམ་རེ་ཙམ་བྱུང་ན་ཤིན་ཏུ་ལེགས། བླ་མ་ཡི་དམ་གྱི་མཚན་ནས་སྨོས་ཏེ་ཐུན་རེ་ལ་སྔགས་གང་སོང་གི་གྲངས་ཕུལ་ན་ཕན་ཡོན་ཆེ་གསུངས། གུ་རུ་མ་ཧཱ་ཀཱ་ལ་སོགས་སྔགས་མཆོད་ཙམ་དང༌།
མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་མཛད་པའི། །འདོད་རྒུ་དངོས་གྲུབ་སྩོལ་མཛད་ཁྱོད་ལ་བསྟོད། །མཆོད་བསྟོད་བསྡུས་པ་ཙམ་བྱེད་ན་བཟླས་པའི་གོང་དུའང་འདི་བཞིན་ནོ། །འདོད་དོན་གསོལ་གདབ་འདིར་བྱས་ཀྱང་ལེགས། དེ་རྣམས་ནི་བསྐྱེད་རིམ་ཀྱི་བྱ་བའོ།
།ཐུན་མཚམས་སུ་གཏོར་མ་ནི། སྤྱིར་ཐུན་མཚམས་ཐམས་ཅད་དུ་བྱུང་ན་ལེགས་མོད། ཐ་ནའང་ཐུན་ཐ་མ་ལ་ཅིས་ཀྱང་བྱེད་དགོས།
དེའི་ཚུལ་ནི། འབྲས་སམ་ནས་དཀར་མོ་རྗེན་འཐགས་བྱས་པའི་ཕྱེའམ། མ་འབྱོར་ན་རྩམ་པ་གཞན་དང༌། ནང་མཆོད། བསད་ཤ་མ་ཡིན་པའི་ཤ་སྐམ། མར་ཁུ། མངར་གསུམ་རྣམས་བསྲེས་པའམ། མར་རམ། ཟན་ཆུ་རྐྱང་པས་ཀྱང་རུང༌། དབྱིབས་དཔལ་བཤོས་ཟུར་གསུམ་ཁྲུ་གང་བ། མཐར་ཟན་རིལ་སུམ་བརྩེགས་ཀྱིས་བསྐོར་བ་མར་དང་བུ་རམ་སྦྲང་རྩིའི་རྒྱན་གྱིས་བརྒྱན། རྩེ་མོར་མར་གྱི་ནོར་བུ་དབང་རྒྱལ་གཟུག །མཐའ་མར་མཐེབ་ཀྱུ་བརྒྱ་རྩ་བརྒྱད་བཅད་ཁ་ནང་དུ་བསྟན་པས་བསྐོར། མགོན་པོའི་ཙཀླི་དང༌། མདའ་བྱ་རྒོད་མ་མེས་མ་བཞུར་བ་ལ་དར་དཀར་དམར་ཐིང་གསུམ་བཏགས་པ་གཟུག །གཞན་ཡང་ཤ་ལྔ་དང༌། ཟས་སྣ་ཚོགས་ཀྱིས་སྣོད་ཁེངས་པར་དགང༌། གཡས་སུ་མཁའ་འགྲོའི་གཏོར་མ། གཡོན་དུ་གཞི་བདག་གི་གཏོར་མ། རྒྱབ་ཏུ་གནོད་སྦྱིན་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་དང་ནང་མཆོད་སོགས་བཤམ། ནང་མཆོད་དང་ཆུ་ཆང་གིས་བྲན།
ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཤ་ལྔ། བདུད་རྩི་ལྔ། དགྲ་བགེགས་ཀྱི་ཤ་ཁྲག་དུ་མ་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཕྱག་རྒྱ་དང་བཅས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་མམ་བདུན་བརྗོད་པས་བྱིན་གྱིས་བརླབས། དེ་ནས་གཏོར་མགྲོན་ནི་བདག་མདུན་གཅིག་ཏུ་བྱས་ནས་བསྙེན་པའི་ཚུལ་ཡིན་པས་སྒྲུབ་ཐབས་རྣམས་སུ་གསལ་པོར་མ་གསུངས་ཀྱང༌། ལས་དང་པོ་པ་ཡིད་ཆེས་པའི་ཕྱིར་དུ་མདུན་བསྐྱེད་ནི་བྲིས་སྐུ་ལ་སོགས་པའི་རྟེན་ཡོད་དམ། རྟེན་གཏོར་རམ། དཀྱིལ་འཁོར་ལྟ་བུའི་དམིགས་རྟེན་ཡོད་ན་དེ་ལ་དམིགས་རྟེན་བྱས་ནས་བསྐྱེད། མེད་ཀྱང་རུང་སྟེ། སྭ་བྷཱ་ཝའི་སྔགས་བརྗོད། སྟོང་པའི་ངང་ལས་མདུན་དུ་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་སོགས་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་གྱི་བར། རང་ཉིད་ཅེས་པ་ལ་སོགས་པའི་ཚིགས་ཕྲད་ཅུང་ཟད་དོར་བ་ཙམ་མ་གཏོགས་མངོན་རྟོགས་ལྟར་བྱ།
གཏོར་མ་འབུལ་བའི་དམིགས་པ་ནི། བདག་མདུན་གྱི་མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ནས་གསོལ་བར་བསམ་ཞིང༌། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་ལྔའམ་བདུན་བརྗོད་ཅིང་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་བྱ། མཆོད་བསྟོད་མདོར་བསྡུས་བྱ། ཌ་དྲིལ་ཡོད་དམ་མེད་ཀྱང་རུང་སྟེ། ཐལ་མོ་སྦྱར་ལ།
དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་བསྲུང་རྣལ་འབྱོར་གྱི། །ཚེ་སྲིངས་ལོངས་སྤྱོད་རྒྱས་པར་མཛོད། །ཁམས་གསུམ་འགྲོ་བ་དབང་དུ་སྡུས། །ཞེས་བརྗོད།
གཞན་ཡང་ཐལ་མོ་སྦྱར་ཏེ་མོས་པ་རྩེ་གཅིག་པས། བཅོམ་ལྡན་འདས་ཡིད་བཞིན་ནོར་བུ་གཟི་ལྡན་ཐུགས་རྗེ་ཅན་ཁྱོད་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག །བླ་མའི་སྐུ་ཚེ་སྲིང་ཤིག །ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་སྙན་པའི་གྲགས་པས་ས་སྟེང་མ་ལུས་པ་ཁྱབ་པ་དང༌། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས་ལོངས་སྤྱོད་ཟད་མི་ཤེས་པ་དང༌། མི་ནོར་ཟས་གསུམ་འདུ་ཞིང༌། ཐོས་བསམ་སྒོམ་གསུམ་གྱི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ལན་བདུན་ལ་སོགས་པས་གསོལ་བ་གདབ། བཟླས་པའི་མཇུག་ལ་སོགས་པའི་མཆོད་བསྟོད་ཀྱི་གཤམ་ཐམས་ཅད་དུ་འདིས་ཡང་ཡང་གསོལ་བ་འདེབས་པ་གནད་དོ། །རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་ལམ་མི་དམིགས་པ་གང་རུང་བྱ། དེ་ནས་ཉེ་བར་བསྡུ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་ཆོས་འབྱུང་དང་བཅས་པ་རང་མགོན་པོར་གསལ་བ་ལ་ཐིམ། རང་ཉིད་གདན་དང་བཅས་པ་སྙིང་གའི་མཁའ་འགྲོ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་སྔགས་ཕྲེང་ལ་ཐིམ། ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་འཛིན། དེ་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས། ཟླ་ཚེས་ཐིག་ལེ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ངག་རླུང་རྒྱུ་བ་རང་སོར་བཞག །སེམས་དུས་གསུམ་གྱི་སྤྲོས་པ་བཅད་དེ་འོད་དུ་ཡལ་སོང་བའི་ངང་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ནོ་སྙམ་དུ་བཞག །དེ་ཡང་དང་པོར་ཐིག་ལེའང་སེམས་རིང་དུ་འཛིན། དེ་ནས་རིམ་གྱིས་སྤྲོས་བྲལ་དུ་འཇོག །མཐར་དེ་ལྟར་བཞག་པའི་ངང་ནས། རིག་པ་དེ་རིག་སྟོང༌། འགྱུ་བ་དེ་འགྱུ་སྟོང༌། གསལ་བ་དེ་གསལ་སྟོང༌། ཡིན་མིན་གྱི་མཐའ་དང་བྲལ་བས་རྨི་ལམ་གྱི་སྣང་བ། སྒྱུ་མའི་རང་བཞིན་ཞེས་པ་དེ་ལ་གབ་སྟེ་ངོ་སྤྲད་པའོ་ཞེས་པ་ཁྱུང་པོ་རྣལ་འབྱོར་གྱི་བཞེད་པའོ།
།བླ་མ་གོང་མ་དག་འདི་ལ་ཡིད་བཞིན་ནོར་བུའི་རྫོགས་རིམ་ཞེས་པའི་ཐ་སྙད་ཀྱང་མཛད། སླར་ཡང་སྐད་ཅིག་གིས་སྟོང་པའི་ངང་ལས་རང་ཉིད་དཔལ་ཡིད་བཞིན་ནོར་བུའི་སྐུར་གྱུར། ཅེས་བརྗོད་ཅིང་ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་གདབ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་བསྲུང་བ་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་ནོར་བུ་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་བ་སྨོན་ལམ་བྱ། ཉལ་འཆག་འགྲོ་འདུག་གི་སྣང་བ་ཐམས་ཅད་འདིའི་ངང་ནས་བྱ། ཐུན་མཚམས་སུ་བརྒྱུད་འདེབས། བསྟོད་པ། གསོལ་འདེབས་སོགས་དགེ་བའི་ལས་ལ་འབད། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ལས་འཁྱར་དུ་མི་གཞུག །མགོ་མཇུག་བར་གསུམ་རྣམས་སུ་ཚོགས་འཁོར་གང་འགྲུབ་བྱ། དེ་ཡང་རང་གི་འབྱོར་ཚོད་དང་བསྟུན་ནས་བཤམས་ལ། གཏོར་མ་ལྟར་བྱིན་གྱིས་བརླབ། ཚོགས་ཕུད་བླ་མ་ཡི་དམ་ལ་དབུལ། དེ་ནས་རང་དང་གྲོགས་དམ་ཚིག་ཅན་གྱིས་རོལ། ལྷག་མ་འབྱུང་པོར་བཏང་བ་ཙམ་གྱིས་རུང༌། མགོན་པོའི་གཏོར་མ་དམ་ཉམས་ཁྱི་གླང་སོགས་ལ་མི་སྦྱིན། དངོས་གྲུབ་ཏུ་ལེན། སྐབས་འགར་སྐོང་གསོའི་མཆོད་འབུལ་རྒྱས་པར་བྱེད་ན་ཡིག་རྙིང་དུ་ཤེས། སྒྲུབ་པ་དང་ལས་ཚོགས་ཀྱི་རིམ་པ་སོགས་རྒྱས་པར་མན་ངག་ལོགས་སུ་ཤེས་པར་བྱའོ། །སྐབས་གཞན་དུ་གཏོར་མ་མ་ཆག་ཙམ་བྱེད་ཚེ། ཡི་དམ་ཆོས་སྐྱོང་གཞན་དང་མཉམ་དུ་གཏོར་མ་ཟླུམ་གཏོར་ནོར་བུའི་རྒྱན་ཅན་སོགས་གང་འབྱོར་ལ་བརྟེན་ཏེ་མ་ཆག་ཙམ་བྱ། སྦྱིན་སྲེག་ཀྱང་ཡི་གེ་རྙིང་པ་ལྟར་རོ། །གནད་གཅིག་ལ་བླ་མའི་མོས་གུས་དང༌། འདི་སྒྲུབ་པ་ལ་གཞན་གྱིས་མ་ཚོར་བ་ལེགས། ནོར་ལྷ་གཞན་ལ་འགབ་འདྲེ་གནོན་པ་སོགས་དགོས་ནའང་འདི་ལ་དེ་འདྲ་མི་དགོས་ཤིང༌། འགྲུབ་ཐག་ཀྱང་ཉེ། ཚེ་འདིའམ། འཆི་ཁ། བར་དོ་སོགས་སུ་སླེབས་ཆེ་བའི་གདམས་པ་ཡིན། འདིའི་རྒྱབ་རྟེན་དུ་ཡིག་རྙིང་རྣམས་ལ་འདྲིས་པར་བྱའོ།
།མང་པོས་རྣ་བར་མ་ཚོར་ཞིང༌། །ལ་ལས་མིང་ཙམ་ཐོས་ན་ཡང༌། །འདི་འདྲའི་རྣམ་གཞག་མི་ཤེས་པར། །འདོད་གདུང་ཨུ་ཚུགས་མུན་རྡོ་འཕེན། །ཨེ་མ་འདི་འདྲའི་ལེགས་བྱས་ངོ་མཚར་རྨད། །རཱ་ཧུ་ལ་དང་ཁྱུང་པོ་རྣལ་འབྱོར་གྱི། །གཞུང་གི་བདུད་རྩི་མཁས་གྲུབ་རིམ་བརྒྱུད་ནས། །རང་ཉིད་བཅུད་ལེན་བྱ་ཕྱིར་འདི་བསྐྲུན་ཏོ། །འདིས་མཚོན་དགེ་ཚོགས་གང་ཞིག་གྲུབ་པ་དེས། །ཚེ་འདིའི་བསམ་དོན་ཆོས་བཞིན་འགྲུབ་པ་དང༌། །མྱུར་དུ་ཤི་འཕོས་སྨོན་པའི་གནས་སྐྱེས་ཏེ། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཕུལ་གྲུབ་ཤོག
།ཅེས་པ་འདིའང་སྙོམ་ལས་པ་སངས་རྒྱས་ཕུན་ཚོགས་ཀྱིས་སོ།།