Mgon po'i gtor rdzongs gtsang sbyar ma
Resource ID | SCv11p738 |
---|---|
Title | dpal mgon po'i gtor rdzongs gtsang sbyar ma |
Topics | Chadrupa |
Sub-Topics | Various |
Link | BDRC W23922 |
༈ དཔལ་མགོན་པོའི་གཏོར་རྫོངས་གཙང་སྦྱར་མ་བཞུགས་སོ།།
༈ ༼ཐུ༽ གཙང་ཞིང་གཙང་མར་སྦྱར་བའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་དམ་པ་དང་ལྡན་པ། དྲི་དམ་པ་དང་ལྡན་པ། རོ་དམ་པ་དང་ལྡན་པ། རེག་བྱ་དམ་པ་དང་ལྡན་པ་འདི་ཉིད་འབུལ་ཞིང་བསྔོ་བའི་གནས་སུ་གྱུར་པ་ནི།
དཔལ་མ་ཧཱ་ཀཱ་ལ། མགོན་པོ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་གསུམ་བརྩེགས་བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་བསྲུང་མ། བླ་མའི་བཀའ་སྲུང་བྱ་ར་མཁན། ལེགས་ངེས་ཀྱི་སྟངས་འཛིན། ཁྲོ་བོའི་གཟུགས་ཅན། ཟ་བྱེད་ཀྱི་གདོང་ཅན། ཡེ་ཤེས་ཀྱི་སྤྱན་ལྡན། ཤ་ཟན་གྱི་གཙོ་བོ། ཁྲག་འཐུང་གི་རྒྱལ་པོ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། ནག་པོ་འབུམ་གྱི་འཁོར་གྱིས་བསྐོར་བ། ཤ་ཟ་བྱེ་བའི་འཁོར་གྱིས་བསྐོར་བ། གཡས་ན་ཕོ་བརྒྱུད་སྟོང་གིས་འཁོར་གྱིས་བསྐོར་བ། གཡོན་ན་མོ་བརྒྱུད་སྟོང་གི་འཁོར་གྱིས་བསྐོར་བ། བཀའ་སྡོད་ལྷ་མོ་ནག་མོ་འཁོར་དང་བཅས་པས་བསྐོར་བ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ་འཁོར་དང་བཅས་པ། དབང་ཕྱུག་ཛི་ན་མི་ཏྲ་འཁོར་དང་བཅས་པ། གཤིན་རྗེ་ཊཀྐི་རཱ་ཛ་འཁོར་དང་བཅས་པ། བདུད་མགོན་ཏྲཀྴད་ནག་པོ་འཁོར་དང་བཅས་པ། ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་པ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་འཁོར་དང་བཅས་པ། དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། དམ་རྫས་བརྒྱན་དང་ལྡན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག དཀོན་མཆོག་གི་དབུ་འཕངས་བསྟོད་ཅིག དགེ་འདུན་གྱི་ཆོས་འཁོར་སྐྱོངས་ཤིག ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས་ཤིག ཁྱད་པར་དུ་ཡང་དཔལ་ལྡན་བླ་མའི་སྐུ་ལ་བསྡོ་བ། རྡོ་རྗེ་ཐེག་པའི་གསང་སྔགས་སུན་འབྱིན་པ། སངས་རྒྱས་བསྟན་པའི་དགྲ་བོར་གྱུར་པ། དཀོན་མཆོག་གསུམ་གྱི་དབུ་འཕང་དམོད་པ། དགེ་འདུན་གྱི་ཆོས་འཁོར་བཤིག་པ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་དང་། གདུག་པའི་སེམས་དང་ལྡན་པ་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་དང་། སྦྱོར་བ་ཕྱིན་ཅི་ལོག་བྱེད་པའི་འབྱུང་པོ་ལས་ངན་སྡིག་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག གལ་ཏེ་དེ་དག་ཞི་བས་འདུལ་དུ་མ་འཚལ་བ་ལྟ་ན། བསད་པ་དང་། གཟིར་བ་དང་། བསྐྲད་པ་དང་། རེངས་པ་དང་། རྨུགས་ཤིང་ལྐུགས་པ་དང་། བསྡིགས་ཤིང་དཔའ་སྐོང་བ་ལ་སོགས་པ་དྲག་པོའི་ལས་ཀྱིས་ཚར་བཅད་ཅིང་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག བླ་མ་མགོན་པོ་འཁོར་བཅས་ལ། །བདག་གི་མཆོད་གཏོར་ཕུལ་བ་ཡི། །དཀོན་མཆོག་དབུ་འཕང་དམོད་པ་དང་། །ཐེག་པ་ཆེན་པོ་སུན་འབྱིན་དང་། །བསྟན་པ་འཇིག་དང་དབྱེན་བྱེད་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། །ཨ་མུ་ཀཾ་མཱ་རཱ་ཡ་ཕཊ། །ཅེས་ཐལ་མོ་བརྡེབ།