Mgon po'i phyag dar ram bris sku bzhengs pa'i man ngag

From Shangpa Resource Center








Resource ID SCv11p791
Title mgon po'i phyag dar ram bris sku bzhengs pa'i man ngag
Topics Chadrupa
Sub-Topics Various
Link BDRC W23922

༈ མགོན་པོའི་ཕྱག་དར་རམ་བྲིས་སྐུ་བཞེངས་པའི་མན་ངག་བཞུགས་སོ།།
༈ ༼ཟུ༽ ན་མོ་མ་ཧཱ་ཀཱ་ལ་ཡ།
མགོན་པོའི་ཕྱར་དར་རམ། བྲིས་སྐུ་བཞེངས་པར་འདོད་ན། དེའི་མན་ངག་ནི། རས་འཇམ་པོའམ། དར་ནག་པོ་ལ་སོགས་པ་གཙང་མ་སྐྱེས་པ་དར་མ་གྲིར་བསད་པའི་རོ་ལ་བཀབ་སྟེ་དེ་ལ་མི་རུས། བཙན་དུག །གུ་གུལ། ཉུངས་ཀར་ལ་སོགས་པ་རས་འདུལ་བྱེད་པའི་སྐྱ་ཞལ་གྱི་ཚེ་བསྲེས་ནས་བྱུགས་པར་བྱའོ། །རས་འདུལ་ཟིན་ནས་ཉི་ཤུ་དགུའམ། དེར་མ་འགྲིགས་ནའང་། མར་ངོའི་གཟའ་སྐར་རྩུབ་པོའི་ཉི་མ་གཅིག་ལ་སྐྱ་རིས་ཟིན་པར་བྱ་སྟེ། སྐྱ་རིས་བྱེད་པའི་དཀོན་མཆོག་ལ་མཆོད་པ་འབུལ། བླ་མ་ལ་གསོལ་བ་གདབ། །མགོན་པོ་འཁོར་བཅས་ལ་གཏོར་མ་འབུལ། སྤོས་སྦྱོར་སྲེག །དེ་ནས་སྐྱ་རིས་ཟིན་ནས་དེའི་ཐུགས་ཀར་གྲི་ཁྲག་གི་ཧཱུྃ་དེའི་མཐའ་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་སྙིང་པོའི་སྭཱ་ཧཱའི་སྔོན་དུ་བདག་ཅག་འཁོར་དང་བཅས་པ་དང་། རྒྱལ་བའི་བསྟན་པ་རྒྱས་པར་མཛད་དུ་གསོལ། ཅེས་པའི་སྤེལ་ཚིག་སྦྱར་བ་སྐོར་བ་གཅིག་ལ་རྫོགས་ཤིང་མགོ་བོའི་ཨོཾ་དང་མཐའི་སྭཱ་ཧཱའི་གྲལ་གཅིག་ལ་ཡི་གེ་མགོ་མཐོ་དམའ་མེད་པ་འགྲིག་པ་བྲི། བྲིས་སྐུ་ཆེ་ན་དེའི་ཕྱི་རིམ་པ་གཅིག་དང་། ཡང་དེའི་ཕྱི་རིམ་པ་གཅིག་སྟེ་ཚར་གསུམ་ཡང་། བྲིས། དེ་ནས་སྐུ་དེའི་མགྲིན་པ་ནས་བརྩམས་ཏེ་ལྟེ་བ་ལྟོ་བ་ཕྱག་ཞབས་ཐམས་ཅད་ལ་ཤཱ་ས་ན་ལ་བདག་ཅག་དང་བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་སྤེལ་ཚིག་སྦྱར་བ་ཚར་དུ་མ་ཤོང་བ་བྲི། དཔྲལ་བར་སིནྡྷུ་ར་དང་བདུད་རྩི་རིལ་བུ་སྦྱར་བས་ན་ར་ཀྲིཾ་ཀྲིཾ་བྲི། གཞན་ཡང་དཔྲལ་བར། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། བརླ་གཡས་པ་ལ་སྭཱ། གཡོན་པ་ལ་ཧཱ་བྲི། དེ་ལ་གུ་གུལ་གྱིས་བདུག ཉུངས་ཀར་གྱིས་བརྡེག བགེགས་བསྐྲད། བསངས་སྦྱངས། རི་མོ་མགོན་པོར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག་ཅིང་མཉེས་པར་བྱ། དབང་བསྐུར་རིགས་བདག་གིས་རྒྱས་གདབ། མཆོད་བསྟོད། དེ་ཉིད་ཡོངས་སུ་གྱུར་པ་ལས་རི་མོའི་རྣམ་པར་གྱུར་པ་མོས་པ་བརྟན་བཞུགས་བྱ། མེ་ཏོག་དོར། བཀྲ་ཤིས་མདོར་བསྡུས་བརྗོད། རི་མོ་མཁན་ལ་སོགས་པ་དགའ་སྟོན་གྱི་མཉེས་པར་བྱས། དེ་ནས་ཚོན་གདན་གྱི་ཡི་གེ་རྣམས་བྱེད་ནས་མི་འགྲོ་བར་མནན། དེ་ནས་བགྱེ་བར་བྱ་སྟེ། རི་མོ་མཁན་དབང་དང་རྗེས་གནང་ཐོབ་ཅིང་། དམ་ཚིག་ཉམས་པ་དང་གྲིབ་ཅན་མ་ཡིན་པས་གནས་དབེན་པར་མི་གཞན་ལ་མི་བསྟན་པར་བྲི་བར་བྱའོ། དེ་དག་ལས་ལྡོག་ན་བར་ཆད་འཇུག་པའི་རྒྱུར་འགྱུར་རོ། །ལེགས་པར་བྲིས་པར་ནས་རབ་གནས་མན་ངག་ལྟར་བྱས་པ་སྟེ་ཆོས་སྐྱོང་དངོས་དང་བྱིན་རླབས་ཁྱད་མེད་ཅིག་ངེས་པར་ཡོང་བ་ཡིན་གསུངས་སོ།
།བྲིས་སྐུའི་མན་ངག་ས་མ་ཡ་གུ་ཧྱ།