Mgon po snying zhugs kyi gdams pa 'pho ba dang bcas pa

From Shangpa Resource Center








Resource ID Sup25
Title mgon po snying zhugs kyi gdams pa 'pho ba dang bcas pa
Topics Chadrupa
Sub-Topics Guru yoga
Associated Person Khyungpo Neljor
Könchok Khar
Dalaï Lama Gendün Gyamtso
Gelek Pelsang
Link BDRC W3CN18508 (v3p.272)
Notes This text, after the lineage prayer, is included in tshogs rnams kyi zur 'debs kyi zhal shes shin tu gsang ba'i yig chung rnams (p.258). Concerning the lineage prayer, see ni gu lugs kyi rgyud pa'i gsol 'debs.

༈ མགོན་པོ་སྙིང་ཞུགས་ཀྱི་གདམས་པ་འཕོ་བ་དང་བཅས་པ་བཞུགས་སོ།།

མགོན་པོ་སྙིང་ཞུགས་ཀྱི་གསོལ་འདེབས་ནི།
༈ མི་འགྱུར་བདེ་ཆེན་ཆོས་ཀྱི་སྐུ། །ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརློབས།
།གྲུབ་པའི་གོ་ཕང་མཆོག་བརྙེས་ཀྱང་། །སྣ་ཚོགས་སྤྲུལ་པས་གཞན་དོན་མཛད། །གྲུབ་མཆོག་ཤ་ཝ་རི་པ་ལ། །གསོལ་བ༴ འགྲོའོ།
།མགོན་དེའི་གདམས་པ་བདུད་རྩི་བཅུད། །སྙིང་ལ་སྐལ་བཟང་ཅི་ཡང་སྦྱིན། །གནས་ལྔ་མཐར་སོན་མཻ་ཏྲི་པ། ༴
།དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཆང་། །བཤེས་གཉེན་ཚུལ་བཟུང་གྲུབ་པའི་རྗེ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ། ༴
།རྒྱལ་བའི་ཡབ་གཅིག་པད་དཀར་འཆང་། །དགེ་སློང༌ཚུལ་བཟུང་དཀོན་མཆོག་མཁར། །མགོན་པོའི་བཀའ་བབས་ལ་སྟོད་པ། ༴
།ཆོས་བརྒྱད་ཆིངས་ལས་རྣམ་གྲོལ་བའི། །རྟོགས་ལྡན་ཞང་སྒོམ་ཆོས་སེང་དང་། །ཐུགས་རྗེ་ཆེན་པོ་སྐྱེར་སྒང་པ། ༴
།ཆོས་དྲུག་ལམ་ལ་མངའ་བསྙེས་པའི། །གཉན་སྟོན་སྦས་པའི་རྣལ་འབྱོར་དང་། །འགྲོ་མགོན་ཆོས་རྗེ་སྟོན་པ་ལ། ༴
།བཀའ་རྒྱུད་བསྟན་པ་འཛིན་པའི་གཙོ། །མཁས་གྲུབ་གཙང་པ་ཤངས་སྟོན་དང་། །མུས་ཆེན་རྒྱལ་མཙན་དཔལ་བཟང་ལ། ༴
།རིགས་སྔགས་འཆང་བ་ཀུན་གྱི་རྗེ། །དཔལ་ལྡན་རྡོ་རྗེ་གཞོན་ནུ་དང་། །མཉམ་མེད་ནམ་མཁའི་རྣལ་འབྱོར་ལ། ༴
།རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན། །འཛམ་གླིང་མཁས་པ་ཀུན་གྱི་དཔལ། །མཉམ་མེད་དགེ་ལེགས་དཔལ་བཟང་ལ། ༴
།གྲུབ་ཆེན་བཟང་པོ་རྒྱལ་མཚན་དང་། །རྡོ་རྗེ་འཆང་དབང་སྤྲུལ་པའི་སྐུ། །འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ལ། ༴
།གསང་བའི་ཆུ་སྐྱེས་སྦྲང་རྩིའི་རོས། །གདུལ་བྱའི་བུང་བ་ཚམ་མཛད་པ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ༴
།ཕྱི་ནང་བར་ཆད་ཀུན་སེལ་ཞིང་། །རྣལ་འབྱོར་བུ་བཞིན་སྐྱོངས་མཛད་པ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ། ༴
།མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །དྲན་པ་ཙམ་གྱིས་སྩོལ་མཛད་པ། །མགོན་པོ་ཡིད་བཞིན་ནོར་བུ་ལ། ༴
།ལྷན་གཅིག་སྐྱེས་པ་བདེ་བའི་དངོས། །སྐལ་ལྡན་སྙིང་ལ་སྩོལ་མཛད་པའི། །བླ་མ་མགོན་པོ་དབྱེར་མེད་ལ། ༴
།ཚེ་འདིའི་འགལ་སྐྱེན་ཀུན་སེལ་ཞིང་། །ཕྱི་མའི་ལམ་རྣ་འདྲེན་མཛད་པའི། །མགོན་པོ་བླ་མ་དབྱེར་མེད་ལ། ༴
།འབྲལ་མེད་སྙིང་ཁའི་པདྨོའི་དབུས། །མགོན་པོ་བླ་མ་དབྱེར་མེད་པ། །བཞུགས་པའི་བྱིན་རླབས་བདུད་རྩིའི་ཆུས། །ཡིད་ཀྱི་བུམ་བཟང་གང་བར་ཤོག
།ཚེ་འདིའི་རྣང་བ་འགག་པའི་ཚེ། །ཕྲ་བའི་རླུང་སེམས་མགོན་པོའི་གཟུགས། །ཟླ་མཛེས་ལྟར་དཀར་རྗེ་བཙུན་མའི། །རྣམ་རྒྱས་པདྨོར་འཇུག་པར་ཤོག
།དེ་ཚེ་སྟོང་པའི་ངང་ཞུགས་གི །བདེ་ཆེན་འོད་གསལ་འཆར་བ་དང་། །མཁའ་སྤྱོད་གནས་སུ་ཧེ་རུ་ཀའི། །གོ་འཕང་མངོན་དུ་འགྱུར་བར་ཤོག
།མགོན་པོ་སྙིང་ཞུགས་འཕོ་བ་དང་བཅས་པ་ཐུན་མོང་མ་ཡིན་པའི་བླ་མ་རྒྱུད་པ་ལ་གསོལ་བ་འདེབས་པ་མཁའ་སྤྱོད་དུ་ཁྲིད་པའི་ཕོ་ཉ་ཞེས་བྱ་བ་འདི་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པོའོ།

།རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་མྱུར་མཛད་ཕྱག་དྲུག་པ། །བླ་མ་མགོན་པོ་དབྱེར་མེད་གུས་བཏུད་ནས། །ཐུན་མོང་མིན་པའི་ཞལ་གདམས་ཕྲི་བར་བྱ།
རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བརྟེན་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཐུན་མོང་མིན་པའི་མན་ངག་ཞལ་ཤེས་སྙན་རྒྱུད་ལྷ་སྐུ་རང་ཤར་ཕྱག་རྒྱ་ཆེན་པོ་བསྒོམ་པ་འདི་ལ། དོན་གྱི་གཙོ་བོ་རྣམ་པ་བཞི་སྟེ། རྩ་དང་ལྷ་གསལ་གདབ་པ། བྱིན་གྱིས་རློབས་ཞུ་བ། ང་རྒྱལ་བྱེད་པ། ལས་ལ་སྦྱར་བ་དང་བཞི།
དང་པོ་ནི། རྩ་དབུ་མ་སྦོམ་ཕྲ་སྦ་ལྕགས་ཙམ་རག་དུང་ཁ་སྦུབ་པ་དང་འདྲ་བ། ཡས་སྣ་ཚངས་བུག་དུ་ཟུགས་ཅིང་། མས་སྣ་སྙིང་ཁ་བུད་པ་ན་བུམ་སྐུ་ཞེབས་པ། སྙིང་པདྨ་བུམ་སྐུའི་དབྱིབས་ཅན་དམར་པོ། ཏོག་བླ་མ་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ། ལྟེ་བ་ལ་ཧཱུྃ་གྱིས་མཚན་པ། བུམ་སྐུའི་ཕྱི་མགོན་པོའི་སྙིང་པོ་དང་། ཤངས་ནའི་གྲུ་གུ་ལྟར་དཀྲིས་པ་ལས་ཡེ་ཤེས་ཀྱི་མེ་འབར་བ། བུམ་སྐུའི་ནང་དུ་ཕ་ལས་ཐོབ་པའི་ཁམས་དཀར་པོ། མ་ལས་ཐོབ་པའི་ཁམས་དམར་པོ་འོག །ཁམས་དཀར་དམར་གྱི་དབུས་ན་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འདིར་བཟོ་ལྟར་འོད་ཟེར་མ་ཡིན་པ། བྲིས་པ་ལྟར་གཅལ་གཅལ་བ་མ་ཡིན། སྔར་མེད་གསར་དུ་བསྐྱེད་པ་མ་ཡིན་ཅིང་། སྔར་ཡོད་གསལ་བཏབ་པའི་ཚུལ་ནི། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་དྲུག་པ་ཅེས་པ་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་སྔོན་དངུལ་ཆུའི་མདོག་ལྟར་དངས་པའི་ནཱ་ད་ལས་འོད་ཟེར་ལྔ་འཕྲོ། ཞབས་ཀྱུ་ནས་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ། འཐིག་ལ་ཁད་ལ་མ་ཐིག་ཙམ། དེ་གསལ་སྣང་སྒྲུབ་པའོ།
།གཉིས་པ་ནི། རང་གི་སྤྱི་བོར་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གྷཾ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཞེས་པ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། ཞེས་པའི་བར་གཞུང་བཞིན་བསྐྱེད། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་སྔོན་པོའི་མཚན་པའོ། །མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་མདངས་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཐུགས་ཀར་བསྣམས་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀུང་གིས་བཞུགས་ཤིང་། མཚན་པོ་གཉིས་དང་དཔེ་བྱད་བ་་་་་ཅུས་བརྒྱན་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན་མདངས་སུ་ཡལ་ཡལ་ཕྲམ་ཕྲམ་འཕྲོ་བ། ཡིད་ལ་དྲན་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ། གསོལ་བ་བཏབ་པ་ཙམ་གྱི་བྱིན་རླབས་འབྱུང་བ་སྨོས་མི་དགོས་པ་གཅིག་བཞུགས། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་སེར་པོ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཤིང་། ན་མོ་བུདྷ་ཡའི་ཐུན་མོང་མ་ཡིན་པའི་བརྒྱུད་པའི་བླ་མ་རྣམས་སྤྱན་དྲངས། སྤྱི་བོའི་བླ་མ་ལ་ཐིམ། ཛཿཧཱུྃ་བཾཿཧོཿ གཉིས་སུ་མེད་པར་གྱུར། བླ་མའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་མཐུན་རྐྱེན་ཐམས་ཅད་ངས་སྒྲུབ། འགལ་རྐྱེན་ཐམས་ཅད་ངས་སེལ། ཁྱད་པར་དུ་ཡང་བླ་མ་མགོན་པོ་དབྱེར་མེད་དུ་འགྲུབ་པ་དང་། རྣམས་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པ་ངས་བྱ། ཞེས་གསུང་ལྷང་ལྷང་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སེར་པོ་འཕྲོས་ཤིང་། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཀའི་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པ་རྣམས་རྩེ་མོ་གཅིག་ཏུ་དྲིལ་བའི་འོད་ཟེར་གྱིས་བསིལ་བའི་ཚལ་གྱི་མགོན་པོ་དངོས་ཀྱི་ཐུགས་ཀར་ཕོག་པས། ཐུགས་རྒྱུད་བསྐུལ་ཏེ།
སྤྱན་འདྲེན་པ་ནི། ཧཱུྃ། བསིལ་བའི་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་ཡེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། ཨོཾ་ཤྲཱི་མཧཱ་ཀཱ་ལ། ཨེ་ཧྱ་ཧེ་ཁྲཱིཾ། རིང་པོ་ཉེར་གཅིག་གི་ཉེ་བར་སྤྱན་དྲངས། བསིལ་བའི་ཚལ་གྱི་མགོན་པོ་དེ་ཉིད་ཌཱ་མ་རུ་དང་། དྲིལ་བུ་གཡེར་ཁའི་སྒྲ་འུར་འུར་ཆེམ་ཆེམ་སྐད་ཅིག་གི་བཞེངས་ནས་ཐོགས་པ་མེད་པར་བྱོན་ཏེ། རང་གི་སྤྱི་བོའི་མགོན་པོའི་ལ་བྲིམ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མགོན་པོའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ། འགལ་རྐྱེན་ཐམས་ཅད་ངས་སེལ་ལོ། །ཞེས་གསུང་ལྷང་ལྷང་མཛད་པས་འགལ་རྐྱེན་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་དོན་ཀླུ་དང་ས་བདག །བར་གདོན་བཙན་དང་རྒྱལ་པོ་འབྱུང་པོ་མི་དང་མི་མིན་པའི་གནོད་པ་གདོན་སྡིག་སྒྲིབ་ཐམས་ཅད་གྲི་གུག་གིས་བཅད། མེ་ལྕེས་བསྲེགས། ཤ་ཁྲག་རུས་པ་གསུམ་གྱི་རྣམ་པར་ཞལ་དུ་དམར་ཆིལ་ཆིལ་གསོལ་བར་བསམ། དེ་ནས་བླ་མ་ལ་ཕྱི་མེ་ཏོག་དང་། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་གཉིས་སུ་མེད་པའི་ཚོགས་འཁོར། གསེར་གྱི་མཎྜལ་དང་བཅས་ཏེ་ཕུལ། ས་གཞི་སྤོས་ཀྱིས་ཕྱུགས་ཤིང་མེ་ཏོག་བཀྲམས། ཞེས་སོགས་བརྗོད། བླ་མ་རིན་པོ་ཆེ། བདག་གི་བླ་མ་དང་མགོན་པོ་དབྱེར་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སེར་པོ་གཅིག་འཕྲོ། མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཕོག་པས། མདངས་དང་འོད་ཟེར་ཐམས་ཅད་ལྗང་ནག་དུ་ཡལ་ཏེ་བྱུང་བས་བླ་མ་མགོན་པོ་དབྱེར་མེད། བླ་མའི་ཐུགས་རྗེ་དང་མགོན་པོའི་མཐུ་ཐོབ་དབྱེར་མེད་པས་བླ་མ་མགོན་པོ་དབྱེར་མེད། བླ་མའི་བྱིན་རླབས་དང་མགོན་པོའི་ནུས་པ་དབྱེར་མེད་པས། བླ་མ་མགོན་པོ་དབྱེར་མེད། བླ་མའི་ཐུགས་ཆོས་སྐུ་དང་མགོན་པོའི་ཐུགས་ཆོས་སྐུ་་་་དབྱེར་མེད་པས། བླ་མ་མགོན་པོ་དབྱེར་མེད་དུ་བསམས། སླར་ཡང་མགོན་པོ་ལ་མཎྜལ་དང་མཆོད་པ་སྔར་བཞིན་ཕུལ་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་བླ་མ་དབྱེར་མེད་་་་་དུ་འགྲུབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་གཅིག་ཡར་ཕྲོས། བླ་མའི་ཐུགས་ཀའི་ཧཱུྃ་ལ་ཕོག །མདང་དང་འོད་ཟེར་ཐམས་ཅད་ལྗང་སེར་དུ། ཡལ་ཏེ་བྱུང་བས་མགོན་པོ་བླ་མ་དབྱེར་མེད། མགོན་པོའི་མཐུ་ཐོབ་དང་བླ་མའི་ཐུགས་རྗེ་དབྱེར་མེད་པས། མགོན་པོ་བླ་མ་དབྱེར་མེད། མགོན་པོའི་ནུས་པ་དང་བླ་མའི་བྱིན་རླབས་དབྱེར་མེད་པས། མགོན་པོ་བླ་མ་དབྱེར་མེད། མགོན་པོའི་ཐུགས་ཆོས་སྐུ་དང་བླ་མའི་ཐུགས་ཆོས་སྐུ་གཉིས་དབྱེར་མེད་པས་མགོན་པོ་བླ་མ་དབྱེར་མེད་དུ་གྱུར། སླར་ཡང་བླ་མའི་སྐུ་ལས་འོད་ཟེར་འཕྲོས་མགོན་པོ་ལ་ཕོག་པས། མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར། འུར་འུར་སིལ་སིལ་གར་མཛད་ཅིང་། མགོན་པོའི་སྐུ་ལས་འོད་ཟེར་འཕྲོས། བླ་མ་ལ་ཕོག་པས། བླ་མ་འོད་དང་བདེ་བའི་རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོགས། བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མེད་དུ་གྱུར་པར་བསམ་ནས།
གསོལ་བ་གདབ་པ་ནི། གཞུང་བཞིན། མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། བྱིན་རླབས་ཞུ་བར་མོས་ནས། སྤྱི་བོའི་བླ་མ་དང་མགོན་པོ་ལ་གུས་པ་དྲག་པོས། བླ་མ་མགོན་པོ་དབྱེར་མེད། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབས་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་ཤོལ་མི་མངའ་བ། བྱིན་རླབས་རྒྱང་རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་བརླབས་ཏུ་གསོལ། ལུས་ཀྱི་སྡིག་སྒྲིབ་དག་པར་བྱིན་གྱིས་བརླབས་ཏུ་གསོལ། བུམ་པའི་དབང་བསྐུར་དུ་གསོལ། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དང་མགོན་པོའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དང་། མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་དཀར་པོ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱོན་བྱུང་བ་དེ། རང་གི་དཔྲལ་བའི་ཨོཾ་དཀར་པོ་ལ་སིབ་སིབ་ཐིམ་པས། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། འབྲས་བུ་སྤྲུལ་པའི་སྐུ་འགྲུབ།
༈ ཡང་བླ་མ་མགོན་པོ་དབྱེར་མེད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། ཅེས་པ་ནས། ཁྱེད་རྣམས་ཀྱི་གསུང་གི་སྒོ་ནས་བྱིན་གྱིས་བརླབས་ཏུ་གསོལ། ངག་གི་སྡིག་སྒྲིབ་དག་པར་བྱིན་གྱིས་བརླབས་ཏུ་གསོལ། གསང་བའི་དབང་བསྐུར་དུ་གསོལ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དང་མགོན་པོའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དང་། མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་དམར་པོ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་ཏུ་མེད་པ་གར་སྟབ་ལིང་ལིང་བྱོན་བྱུང་བ་དེ། རང་གི་མགྲིན་པའི་ཨཱཿདམར་པོ་ལ་སིབ་སིབ་ཐིམ་པས་གསུང་གི་བྱིན་རླབས་ཞུགས། ངག་གི་སྡིག་སྒྲིབ་དག །གསང་བའི་དབང་ཐོབ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ།
ཡང་བླ་མ་མགོན་པོ་དབྱེར་མེད་དམ། ཅེས་པ་ནས། ཁྱེད་རྣམས་ཀྱི་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབས་ཏུ་གསོལ། ཡིད་ཀྱི་སྡིག་སྒྲིབ་དག་པར༴ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། འབྲས་བུ་ཆོས་སྐུ་ཐོབ༴ ཞེས་གསོལ་བ་བཏབ་པས། བླ་མ་དང་མགོན་པོའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་དང་། མགོན་པོ་སྐུ་ཆུང་ལ་ཡན་ལག་རགས་པ་སྔོན་པོ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱོན་བྱུང་བ་དེ། རང་གི་ཐུགས་ཀའི་ཧཱུྃ་སྔོན་པོ་ལ་སིབ་སིབ་ཐིམ་པས། ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱིས་དབང་ཐོབ། འབྲས་བུ་ཆོས་ཀྱི་སྐུ་ཐོབ།
ཡང་བླ་མ་མགོན་པོ་དབྱེར་མེད་ཅེས་པ་ནས། ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་བརླབས་ཏུ་གསོལ། ཐོགས་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་ཀྱི་སྡིག་སྒྲིབ་བག་ཆག་དང་བཅས་པ་ཐམས་ཅད་དག་པར་བྱིན་གྱིས་བརླབས་ཏུ་གསོལ། དབང་བཞི་པ་བསྐུར་དུ་གསོལ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་མགོན་པོའི་གནས་གསུམ་གྱི་ཡིག་གེ་གསུམ་ལས་འོད་ཟེར་དང་། མགོན་པོའི་སྐུ་ཆུང་ལ་ཡན་ལག་རག་པ་དཀར་དམར་མཐིང་གསུམ། ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་དཔག་ཏུ་མེད་པ་གར་སྟབས་ལིང་ལིང་བྱོན་བྱུང་བ་དེ་རྣམས་རང་གི་གནས་གསུམ་གྱི་ཡིག་གེ་གསུམ་ལ་སིབ་སིབ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས། ཚེ་འཁོར་བ་ཐོགས་མ་མེད་པ་བསགས་པའི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་ཐོབ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ།
དེ་ནས་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་ངམ་གྱི་ནས། ན་མོ་བུདྷ་ཡའི་ལན་གསུམ་གསོལ་བ་བཏབ་ཅིང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས༴ ཡི་དམ་དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་ཀྱི༴ དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་ཀྱི༴ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས། ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་ཤོལ་མི་མངའ་བ། བྱིན་རླབས་ལ་རྒྱངས་རིང་ཐུང་མི་མངའ་བ། ཁྱོད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་བཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ༴ བདག་གི་སྙིང་དབུས་པདྨའི་ཟེའུ་འབྲུ་ལ་བརྟན་པར་བཞུགས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་བརྗོད་པ་དང་མཉམ་དུ། སྤྱི་བོར་མགོན་པོའི་གདན་གྱི་ཚོགས་བདག་མེད་པར་བྱས་པའི་མགོན་པོ་དང་བླ་མ་རྩ་དབུ་མའི་ནང་ནས་མར་བྱོན། སྙིང་ཁའི་བུམ་སྐུའི་ནང་གི་མགོན་པོ་ལ་ཐིམ། བླ་མ་བུམ་སྐུའི་ཏོག་གི་རྡོ་རྗེ་ལ་ཐིམས་པས། སྙིང་ཁའི་མགོན་པོ་འོད་དང་འོད་ཀྱི་རང་བཞིན་ཆེར་འབར་བས། འོད་ཟེར་སྔོན་དཔག་མེད་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་བས། དངུལ་ཆུས་གསེར་བཟོས་པ་བཞིན་དུ་ཐ་མལ་གྱིས་ལུས་འོད་ཀྱིས་སྦྱངས་པས། ལུས་རགས་པ་མགོན་པོའི་སྐུར་གྱུར་པ་ནི། རང་ཉིད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཞེས་པ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། ཞེས་པའི་བར་བརྗོད། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ། བུམ་སྐུའི་ཐུགས་ཁའི་ཧཱུྃ་དང་དབྱེར་མེད་པའི་ན་ད་ལས་འོད་ཟེར་ལྔ་ཞིང་། ཞབས་ཀྱུ་ནས་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་འཐིག་ལ་ཁད་ལ་མ་འཐིག་ཙམ།
གསུམ་པ་ནི། དེ་ལ་སེམས་ཕྲ་ཐིག་ལ་གཏད་ནས་མགོན་པོ་དངོས་ཡིན་པར་འདུག །ང་སྤངས་པའི་ཕ་རོལ་ན་མགོན་པོ་མེད། མགོན་པོ་སྤངས་པའི་ཕ་རོལ་ན་ང་མེད། ད་ལྟ་ཁམས་གསུམ་ན་ང་བས་མཐུ་སྟོབས་ཆེ་བ་མེད་སྙམས་སུ་བསྒོམས་པ་དེ། སྣང་བའི་ངོས་ནས་སྟོང་པ། སྟོང་པའི་ངོས་ངོས་སྣང་བ། སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུ། གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུ། ལྷ་སྐུ་རང་ཤར་ཕྱག་རྒྱ་ཆེན་པོ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོགས་པ་མེད་པ། བདེ་ལ་ཞེན་པ་མེད་པ། སྣང་བ་གཟུགས་སུ་གྲུབ་པ། རིགས་པ་གཟུགས་སུ་མ་གྲུབ་པ། བར་སྣང་གི་འཇའ་ཚོན། ཆུ་ནང་གི་ཟླ་བ། མེ་ལོང་ནང་གི་གཟུགས་སྙན་ལྟ་བུ་གསལ་གདབ། དེ་ནས་བུམ་སྐུའི་ནང་གི་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་གི་མཐའ། ཨོཾ་བཛྲ་མཧཱ་ཀཱ་ལ། མཐིང་ནག་གྱེན་དུ་འགྲེང་ཞིང་། ཁ་ནང་དུ་བསྟན་པ་གཡས་བསྐོར་དུ་འཁོར་བ་རང་སྒྲ་སྒྲོགས་པའི་ཡིག་གེ་རྣམས་ཀྱི་དབུ་ལས་ཡེ་ཤེས་ཀྱི་མེ་འཕྲོ་ཞིང་། མགོན་པོ་སྐུ་ལས་འཕྲོས་པས་མེ་རྣམས་ཀྱིས་རང་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་མེད་པར་སོང་ཞིང་། ཧཱུྃ་གི་ཞབས་ཀྱུའི་ཐིག་ལེ་དང་སྔགས་རྣམས་ལས་འོད་ཟེར་ལྔ་འཕྲོས་པས། རང་གི་ལུས་གང་ཞིང་། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱང་། མགོན་པོའི་སྐུར་གྱུར། བདེ་བས་རྒྱུད་གང་། ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་ཤིང་། སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པར་བསམས་ནས་བཟླས་པ་བྱ་བ་ནི། ཐུན་མོང་མ་ཡིན་པའི་བཟླས་པའོ།
།བཞི་པ་ནི། དང་པོ་སྦྱོང་བའི་རྣལ་འབྱོར་ནི། ལུས་རག་པ་མགོན་པོའི་སྤྱི་བོར་རྗེ་བཙུན་མཁའ་སྤྱོད་མ་དཀར་མོ། ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུ་སྟོབས་པ། མཆན་ཁུང་ན་ཁ་ཊྭཱཾ་ག་ཡོད་པ། གཅེར་མོ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་བརྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ་གཞོན་ནུ་ལངས་ཚོ་དར་ལ་བབས་པ། ཞལ་ཁྲོ་འཛུམ་གྱི་ཉམས་དང་། བཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་ཕྱོགས་བཅུའི་སངས་རྒྱས་ཀྱི་ནམ་མཁའ་གང་བ་ལ་ཧྲིག་ཧྲིག་གཟིགས་པ། ཞབས་གཉིས་རྒྱབ་ངོས་ཀྱི་ཕྱག་པ་ལ་བཀལ་བའི་ཕྱག་གཡས་གཡོན་གྱི་ཁྲིག་མ་ལ་བོལ་བཀལ་བས་གསང་གནས་དམར་ཧུར་རེ་ཡོད་པའི་ཚངས་བུག་དང་འབྱར་བ། ཡེ་ཤེས་ཀྱི་མེ་དཀར་པོ་འབར་བའི་དབུས་ན་འཕར་ལ་ཁར་ལ་མ་འཕར་ཙམ་མཛད་ནས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧྲཱིཿདཀར་པོ་རིང་ཆ་ཚིགས་དྲག་དང་བཅས། ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་མཁའ་སྤྱོད་མ་ལ། མ་རྒྱུད་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ན་ར་ཀྲིཾ་ཀྲིཾ་གྱིས་སྤྱན་དྲངས། སྤྱི་བོའི་མཁའ་སྤྱོད་མ་ལ་ཐིམ། ཛཿཧཱུྃ་བཾཿཧོཿ གཉིས་སུ་མེད་པར་གྱུར། རྗེ་བཙུན་མཁའ་སྤྱོད་མའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ། འགལ་རྐྱེན་ཐམས་ཅད་ངས་སེལ། ཁྱད་པར་དུ་ཡང་འཕོ་བའི་རྣལ་འབྱོར་འབྱོངས་པ་དང་། དག་པ་མཁའ་སྤྱོད་ཀྱི་གནས་སུ་དྲངས་ཀྱི། ཞེས་ལྷང་ལྷང་གསུང་པར་བསམ། དེ་ནས་མཁའ་སྤྱོད་མ་ལ། ཕྱི་མེ་ཏོག་དང་བདུག་སྤོས། ནང་ཤ་ལྔ། བདུད་རྩི་ལྔ། གསང་བ་གཉིས་སུ་མེད་པའི་ཚོགས་འཁོར་གསེར་གྱི་མཎྜལ་དང་བཅས་པ་ཕུལ་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་གི་འཕོ་བའི་རྣལ་འབྱོར་འབྱོངས་པར་བྱིན་གྱིས་བརླབས་ཏུ་གསོལ། བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་དྲངས་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྐར་མདའ་གཏོང་བ་ལྟར་མགྱོགས་པར་བྱུང་བའི་རྣ་ལས་འོད་འཕྲོ་བ། གསང་གནས་ནས་ཐོན། ཚོངས་བུག་ནས་ཞུགས། དབུ་མའི་ནང་ནས་མར་སོང་བའི་འོད་ཟེར་བུམ་སྐུ་ལ་ཕོག་པས། བུམ་སྐུ་ཁ་ཕྱེ་བ་དང་མཉམས་དུ། ནང་གི་ཐིག་ལེ་དཀར་དམར་ཡང་ཁ་ཤིགས་སེ་ཕྱེ་ནས། འོད་ཟེར་གྱི་ལྕགས་ཀྱུ་དེས་མགོན་པོའི་ཐུགས་ཀར་བཏབ་པ་དང་མཉམས་དུ། རྐང་པའི་སོར་མོ་བསྐུམ་ཙམ་དང་འོག་སྒོ་ཚུམ་པས། འོག་སྒོ་ནས་རླུང་གྱེན་དུ་འོང་སྟེ། སྙིང་ཀར་སླེབས་པ་ན་མགོན་པོའི་ཐུགས་ཁ་ནས་རིགས་འདྲ་མར་མེ་གཅིག་ལ་གཉིས་ཆད་ཀྱི་རྣམ་པ་འོད་ཟེར་གྱི་ལྕགས་ཀྱུ་འདྲེན་པ་དང་མཉམས་དུ། ངག་ཏུ་ཧིག་ཅེས་དྲག་ཏུ་བརྗོད་པས། ཚངས་བུག་ནས་རྒྱངས་ཏེ་ཐོན། མཁའ་སྤྱོད་མའི་གསང་གནས་ནས་ཞུགས། ཐུགས་ཀའི་ཧྲཱིཿལ་ཐིམ་པ་དང་མཉམ་དུ། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་སྙམས་པའི་ངང་དུ་མཉམས་པར་འཇོག །དེའི་ངང་ནས་རང་གི་སེམས་མགོན་པོའི་རྣམ་པར་ཐུགས་ཁ་ནས་ཐོན་པ་གསང་གནས་ཐོན། ཚངས་བུག་ནས་དབུ་མའི་ནང་དུ་མར་ཞུགས། བུམ་སྐུ་སྔར་ལྟར་ལུས་པར་བསམས་ཞིང་། ཚངས་བུག་ཡང་ཁ་འགྲིགས་པར་མོས་ཏེ། ཡང་ནས་ཡང་དུ་སྦྱངས་བར་བྱའོ།
༈ དངོས་གཞི་ལས་སྦྱོར་གྱི་དུས་ཁྱད་པར་ནི། གསོལ་གདབ་དུས་སུ། བདག་གིས་འཕོ་བ་ཐེབས་པར་བྱིན་གྱིས་རློབས། ཅེས་དང་། འོད་ཟེར་ལྕགས་ཀྱུ་ལྟ་བུས་བུམ་སྐུའི་མགོན་པོའི་ཐུགས་ཀར་བཏབ་ཏེ་དྲངས་པས། རིག་འདྲ་ཆད་པར་མི་བྱེད་པ། མགོན་པོ་དངོས་ཡར་ཐོགས་པ་མེད་པར་བྱོན། སྔར་བཞིན་ཧྲཱིཿལ་ཐིམ་པ་དང་མཉམས་དུ་གསང་གནས་ཁ་བཅུ་གསུམ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས། ནང་གི་མཁའ་སྤྱོད་དུ་འཕོ་བར་བྱ་ཞིང་། ཕལ་ཆེར་གྱི་མཁའ་སྤྱོད་མ་ནམ་མཁའ་ལ་འཕུར་སྟེ་ཕྱིས་མཁའ་སྤྱོད་དུ་འཕོ་བར་བྱའོ། ཨྀཐི།
༈ བེ་བུམ་དཀར་པོའི་གདམས་པའི་སྙིང་པོ་མཆོག །བླ་མ་མགོན་པོ་རང་ཉིད་མགོན་པོ་རུ། །དབྱེར་མེད་སྒྲུབ་པའི་ཟབ་ལམ་རྨད་བྱུང་བ། །ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས། །ཐར་བར་དཀའ་བར་གཟིགས་ནས་ཐུགས་བསྐྱེད་པའི། །བར་དོའི་མགོན་པོར་གྲགས་པའི་གདམས་པ་མཆོག །ལས་སྦྱོར་འཕོ་བའི་གདམས་པ་འདི་དག་ནི། །སྙན་ནས་སྙན་དུ་བརྒྱུད་པ་མ་གཏོགས་པར། །སྔོན་ཆད་ཡི་གེར་བྲིས་པ་གཏན་མེད་ཀྱིས། །བརྗེད་པས་འཇིགས་སྟེ་གསོལ་བ་ལེགས་བཏབ་ནས། །བླ་མས་རྗེས་བཟུང་ཀུན་དགའ་བདེ་ལེགས་ཀྱིས། །ལྷན་སྐྱེས་བདེ་ཆེན་ཆོས་ཀྱི་ཕྲེང་དུ། །ཡི་གེར་བྲིས་ལ་བླ་མ་མགོན་པོའི་་་་་། །བཟོད་པར་བཞེས་ལ་སྒྲིབ་པར་མ་གྱུར་གཅིག །དབང་དང་གདམས་པ་མ་ཐོབ་པར། །དེས་སྟོན་རང་དགར་འཇུག་བྱེད་ན། །མགོན་པོ་གཏིང་ནས་འཁྲུགས་འགྱུར་བས། །རང་སྲོག་རང་གིས་མ་གཅོད་གཅིག མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས། །ལས་སྟོད་དཀོན་མཁར་དེ་ཉིད་ལ། །སྙན་བརྒྱུད་བཀའ་རྒྱས་བཏབ་ནས་བྱིན། །པུ་ལའང་དཔེ་ཙམ་སྟོན་མི་བྱ། བཀྲ་ཤིས། གཅིག་ཞུས།