Mgon po yid bzhin nor bu'i mchod 'bul

From Shangpa Resource Center








Resource ID Gönkar6
Title mgon po yid bzhin nor bu'i mchod 'bul
Topics White protector
Sub-Topics Offering
Link BDRC W23681 (p. 223)
Notes Close to mgon dkar bskang gsol 'dod rgu'i char 'bebs

༄༅། །མཆོད་འབུལ་བཞུགས།

ཧཱུྃ། རྒྱུ་དང་འབྲས་བུ་ཁྱད་པར་བཞིན། །བསྐྱེད་ཅིང་བསྟིམ་པའི་རང་བཞིན་གྱིས། །མ་ཧཱ་ཀཱ་ལ་འདིར་བཞུགས་ལ། །བདག་གིས་མཆོད་བསྟོད་བཞེས་སུ་གསོལ།
ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །བདག་གི་གནས་མཆོག་དམ་པ་ནས། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མི་ཁྱི་གླང་ཆེན་རྟ་ཡི་ཤ། །བ་གླང་ཁྱུ་མཆོག་ལ་སོགས་དང༌། །དྲི་ཆེན་རྣམས་དང་བྱང་ཆུབ་སེམས། །རཀྟ་དྲི་ཆུར་སྦྱར་བ་རྣམས། །མི་ཟད་འབུལ་ལོ་བཞེས་སུ་གསོལ།
།དཔལ་ལྡན་མགོན་པོ་ནག་པོ་ལ། །བདག་གི་གནས་མཆོག་དམ་པ་ནས། །ཤ་ཡི་བྱེ་བྲག་འབུལ་བ་ནི། །བཙོས་པ་དང་ནི་བསྲེགས་པ་དང༌། །སྐམ་པ་དང་ནི་རློན་པ་དང༌། ཁུ་བ་དུར་ཁྲོད་རུས་པའི་ཚོགས། །མི་ཟད༴
དཔལ་ལྡན༴ བདག་གི༴ ཚོགས་ཀྱི་བྱེ་བྲག་འབུལ་བ་ནི། །བལྟ་ན་མཛེས་ཤིང་མཉན་ན་སྙན། །བསྣམ་ན་ཡིད་འོང་མྱ་ངན་ཞིམ། །རེག་ན་འཇམ་པའི་མཆོད་པའི་ཚོགས། །ཅི་འབྱོར་བ་ནི་བདག་འབུལ་གྱི། །མི་ཟད༴
དཔལ་ལྡན༴ བདག་གི༴ སྤྱན་གཟིགས་བྱེ་བྲག་འབུལ་བ་ནི། །མེ་ཏོག་ལ་སོགས་མཆོད་པའི་ཚོགས། །རྒུན་འབྲུམ་ལ་སོགས་ཆང་གི་ཚོགས། །གུར་གུམ་ལ་སོགས་སྨན་གྱི་ཚོགས། །ཉ་ཤ་ལ་སོགས་ཤ་ཡི་ཚོགས། །སོ་བ་ལ་སོགས་འབྲུ་ཡི་ཚོགས། །ལ་དུ་ལ་སོགས་སྦྱར་བའི་ཚོགས། །གོ་ལ་ལ་དུ་ལ་ཕུག་དང༌། །ཁུར་བ་ཞོ་ལ་སོགས་པ་རྣམས། །མི་ཟད༴
དཔལ་ལྡན༴ བདག་གི༴ སྒྲ་ཡི་བྱེ་བྲག་འབུལ་བ་ནི། །པ་ཊ་ཧ་དང་གླིང་བུ་དང༌། །རྫ་རྔ་པི་ཝཾ་ཅང་ཏེའུ་དང༌། །རྔ་རིང་ཀུན་ཛ་ཏི་མ་དང༌། །ཆ་ལང་ཕེག་དང་ཧོར་པ་རྣམས། །མི་ཟད༴
དཔལ་ལྡན༴ བདག་གི༴ གཞན་ཡང་མཆོད་པའི་བྱེ་བྲག་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང༌། །ལྷན་ཅིག་སྐྱེས་དང་སྦྱར་བའི་སྤོས། །རང་གཞན་རྐྱེན་ལས་བྱུང་བའི་འོད། །ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །འདོད་ཡོན་ལྔ་དང་ལྡན་པའི་ཟས། །མི་ཟད་འབུལ་ལོ་བཞེས་སུ་གསོལ།
།མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །དཔལ་ལྡན་ལྷ་མོའི༴ གནོད་སྦྱིན་བཞི་ཡི༴ ཕྱོགས་སྐྱོང་བཅུ་པོའི༴ དཔལ་མགོན་བདུན་ཅུའི༴ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།།