Mgon po yid bzhin nor bu'i rjes gnang gi yi ge

From Shangpa Resource Center








Resource ID SCv11p228
Title mgon po yid bzhin nor bu'i rjes gnang gi yi ge
Topics Initiation
Sub-Topics White protector
Link BDRC W23922
BDRC W1KG4284

༈ མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་གི་ཡི་གེ་བཞུགས་སོ།།

༈ ༼པི༽ ཨོཾ་སྭསྟི་སིདྡྷི།
མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་། གནས་དབེན་པ་དམ་ཚིག་མི་གཙང་བ་དང་གྲིབ་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། བཀྲ་ཤིས་པའི་གནས་སུ། ས་གཞི་ཕྱག་བདར་དང་ཆག་ཆག་ལེགས་པོར་བྱས། དཀོན་མཆོག་གི་རྟེན་དང་ཁྱད་པར་མགོན་པོ་འདིའི་བྲིས་སྐུ་སོགས་ལེགས་པར་བཤམས། ས་གཞི་དྲི་བཟང་གིས་བྱུགས་པར་བསམ། མཎྜལ་པདྨ་དཀར་པོ་འདབ་མ་བཞི་པ། ལྟེ་བར་ཉི་མའི་དཀྱིལ་འཁོར་དང་བཅས་པ་མཐའ་མེ་རིས་བསྐོར་བ་བྲིས། ལྟེ་བ་ལ་ཧཱུྃ་དཀར་པོ་བྲིས། མཐའ་མཆོད་པ་དང་སྤྱན་གཟིགས་ཀྱིས་བསྐོར། ཟས་སྣ་ཚོགས་ཚད་བཤམས། མཎྜལ་གྱི་སྟེང་དུ་མཉྫི་ལ་སོགས་པའི་ཐོག་ཏུ་གཏོར་མ་དཔལ་བཤོས་ཟུར་གསུམ་མར་གྱི་ནོར་བུ་དང་སྦྲང་རྩི་ལ་སོགས་པས་བརྒྱན་ཅིང་། མདའ་བྱ་རྒོད་མ་ལ་དར་དང་མེ་ལོང་དང་མགོན་པོ་འདིའི་ཙཀླི་བཏགས་གཙུགས་གཙུགས་པ་གཞག་པར་བྱའོ།
།དེ་ནས་སློབ་དཔོན་རང་ཉིད་མགོན་པོའི་སྒོམ་བཟླས་དང་། མདུན་བསྐྱེད་མཎྜལ་བསང་སྦྱངས་དབུས་ཀྱི་ཧཱུྃ་ལས་མགོན་པོར་བསྐྱེད་ཅིང་། ཡེ་ཤེས་པ་སྤྱན་དྲངས་ནས་གཞུག་པ་དང་། གསོལ་འདེབས་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་རྫོགས་པར་བྱས་ནས། སློབ་མ་གཅིག་ཁྲུས་བྱས་ཏེ་གསེར་གྱི་མཎྜལ་ཕུལ་ནས་མདུན་དུ་འདུག་པ་ལ་སྤྱི་བོར་མགོན་པོ་ཐུགས་བསྐྱེད་ཚུལ་དང་། ཁྱད་པར་དུ་མགོན་པོ་འདི་ཉིད་ཆོས་སྒྲུབ་པའི་མཐུན་རྐྱེན་དགོས་འདོད་མ་ལུས་པ་སྩོལ་ཞིང་དབུལ་བའི་རྒུད་པ་མཐའ་དག་ལས་བསྐྱབས་པ་དང་། དེའི་གདམས་པ་ཁྱད་པར་ཅན་བླ་མ་རཱ་ཧུ་ལས། བླ་མ་ཁྱུང་པོ། འཕན་ཡུལ་འཇོག་པོའི་རི་ལ་བཞུགས་དུས། རྒྱ་གར་ནས་ནམ་ལངས་པ་ལ་བྱོན་ནས་འཕན་ཡུལ་དུ་ཉི་མ་ཤར་བ་ཙམ་ལ་ཕེབས་པ་མཛད། གདམས་ངག་སྒོར་སྐྱེལ་མཛད་པའི་ལོ་རྒྱུས་བཤད་ནས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་སེམས་བསྐྱེད་ཅིང་སྡོམ་པ་ལེན་དུ་གཞུག །སློབ་མས་ཐལ་མོ་སྙིང་གར་སྦྱར་ཏེ། གང་གི་དྲིན་གྱིས་བདེ་ཆེན་གནས། །ཞེས་སོགས་ཀྱི་མཐར། ཁྱོད་ཞབས་པདྨོ་སྤངས་ནས་ནི། །སོགས་སྦྱར་བ་ལན་གསུམ་གྱིས་གསོལ་བ་གདབ། བླ་མ་རྗེ་བཙུན་ཁ་སར་པཱ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་ཐུགས་ཀར་མགོན་པོ་ཡིད་བཞིན་གྱི་ནོར་བུ། དེའི་ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ། དེའི་ཐུགས་ཀར་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་པ། དེའི་སྟེང་དུ་ཧཱུྃ་དཀར་ལ་དམར་བའི་མདངས་ཆགས་པ་སློབ་མས་སྒོམ་ནས། དེ་ལ་མོས་འདུན་དྲག་པོ་བྱེད་དུ་གཞུག །སློབ་མ་ཐ་མལ་དུ་གནས་པའི་སྙིང་གར་ཐིག་ལེ་དམར་པོ་གཅིག་གི་སྟེང་དུ་ཐིག་ལེ་དཀར་པོ་གཅིག་བསྒོམ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། མགོན་པོ་སྐུ་ཅི་འདྲ་བ་བསྐྱེད་པའི་ཐུགས་ཀར་པད་ཉིའི་སྟེང་དུ་ཐིག་ལེ་དམར་པོའི་སྟེང་དུ། ཧཱུྃ་དཀར་པོ་དང་བཅས་བསྒོམ་དུ་བཅུག་ནས། སློབ་མས་མོས་འདུན་དྲག་པོས་ཐལ་མོ་སྦྱར་ཏེ། བདག་ལ་སྐུའི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། སློབ་དཔོན་གཉིས་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བསིལ་བའི་ཚལ་ནས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་སློབ་མ་ལ་སྟིམ། བླ་མ་བརྒྱུད་པ་རྣམས་ཀྱི་མཚན་བརྗོད། ཡེ་ཤེས་ཀྱི་མགོན་པོ་ཁྱོད་ཀྱིས་རྡོ་རྗེ་སློབ་མ་འདི་ཞེས་བྱ་བའི་ཕྱི་བཞིན་དུ་རྒྱུགས་ལ་ལུས་ལ་གྲིབ་བཞིན་འགྲོགས་ནས་སངས་རྒྱས་ཐོབ་ཀྱི་བར་དུ་ཕྲིན་ལས་གང་བསྒོ་བ་སྒྲུབས་ཤིག །ཅེས་བཀའ་བསྒོ་བ་ལན་གཅིག་བྱའོ།
།གསུང་གི་རྗེས་གནང་ནི། བླ་མ་ལ། བདག་ལ་ཡེ་ཤེས་མགོན་པོའི་གསུང་གི་བྱིན་རླབས་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། བླ་མ་ཁ་སར་པཱ་ཎིའི་ཐུགས་ཀའི་མགོན་པོའི་ཐུགས་ཀར་ཧཱུྃ་དཀར་པོ་ལ་སྙིང་པོ་ཡིག་འབྲུ་བཅུ་གསུམ་གྱིས་བསྐོར་བ་བཀོད། དེ་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འབྱུང་སྟེ། སློབ་མའི་ཁ་ནས་ཞུགས། སྙིང་གར་ཧཱུྃ་དཀར་པོའི་མཐའ་མ་ལ་འཁོར་བར་དམིགས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། བཀའ་བསྒོ་སྔར་ལྟར་བྱའོ།
།དེ་ནས་ཡང་སློབ་མས་བདག་ལ་ཡེ་ཤེས་མགོན་པོའི་ཐུགས་ཀྱི་བྱིན་རླབས་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། བླ་མའི་ཐུགས་ཀའི་པད་ཉིའི་སྟེང་དུ་ཐིག་ལེ་དམར་པོའི་སྟེང་དུ་ཧཱུྃ་དཀར་ལ་འཚེར་བའི་ནཱ་ད་སངས་རྒྱས་མཁའ་འགྲོ། དེའི་ཕྱོགས་བཞིར་མཁའ་འགྲོ་རིགས་བཞི་བཞུགས། དེ་དག་བླ་མའི་ཤངས་བུག་གཡས་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་སྙིང་གར་ཞུགས་པར་བསམ་ནས་བཀའ་བསྒོ་སྔར་ལྟར་བྱའོ།
།ཡང་སློབ་མས་བདག་ལ་ཡེ་ཤེས་མགོན་པོའི་ཕྲིན་ལས་ཀྱི་དབང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། བླ་མའི་རྩ་འཁོར་བཞི་དང་། སྨིན་ཕྲག་དང་ལྔར་མཁའ་འགྲོ་སྡེ་ལྔས་མཚན་པ་ལྔ་སྒོམ། བླ་མའི་སྐུའི་མཁའ་འགྲོ་དེ་དག་ལས་མཁའ་འགྲོ་དཔག་ཏུ་མེད་པ་འཕྲོས། བླ་མའི་ཐུགས་ཀའི་མགོན་པོའི་ཞབས་འོག་གི་ཚོགས་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ནོར་ལྷ་སོགས་དང་། འཇིག་རྟེན་འབྱུང་པོ་མཐུ་ཆེ་བ་རྣམས་དང་། བསྒྲུབ་བྱ་དབང་དུ་བྱ་བ་འདོད་པ་དེ་དག་བཀུག་སྟེ། ཚོགས་བདག་ལ་བསྟིམ། བླ་མའི་རྩ་འཁོར་བཞིའི་མཁའ་འགྲོ་མ་རྣམས་དབུ་མའི་ནང་ནས་ཡར་སོང་། སྨིན་ཕྲག་གི་མཁའ་འགྲོ་ལྔ་ལ་ཐིམ། དེ་རྣམས་ལས་མཁའ་འགྲོ་དང་དཔག་ཏུ་མེད་པ་འཕྲོས་རིགས་དེ་འདྲ་བ་དཔག་ཏུ་མེད་པ་དབང་དུ་བསྡུས། སློབ་མའི་སྨིན་ཕྲག་གི་མཁའ་འགྲོ་ལྔ་ལ་ཐིམ་པར་བསམ་མོ། །ཐོད་པའི་ནང་གི་བུམ་པ་རིན་པོ་ཆེས་ཁེངས། དེ་ལུད་པས་ཐོད་པ་ཁེངས་ཏེ་ལུད་པར་བསམ་མོ། །དེ་ནས་བསྒྲུབ་པའི་ལུང་བྱིན། ཚོགས་བྱིན་གྱིས་བརླབས་ཏེ་རྒྱས་པར་དབུལ་ཞིང་། ལོངས་སྤྱོད་དགེ་བའི་རྩ་བ་བསྔོ། །བཀྲ་ཤིས་དང་སྨོན་ལམ་བྱའོ།། །།