Mkha' 'gro rnam gsum gyi gdams pa

From Shangpa Resource Center








Resource ID SCv6p283
Title mkha' 'gro rnam gsum gyi gdams pa
Topics Three dakini
Link BDRC W23922

༄༅། །མཁའ་འགྲོ་རྣམ་གསུམ་གྱི་གདམས་པ་བཞུགས་སོ།།

ཨོཾ་སྭ་སྟི།
བླ་མ་རྣམས་ལ་ཕྱག་འཚལ་ལོ། །གསང་སྔགས་རྡོ་རྗེ་ཐེག་པ་ལ། །ཉོན་མོངས་ལམ་དུ་བྱེད་པ་ཡོད། །བདེ་བས་བདེ་བ་འགྲུབ་འགྱུར་ཞིང་། །འདོད་ཆགས་ཀྱིས་ནི་འདོད་ཆགས་གང་། །སུ་ཁ་སིདྡྷིའི་ཞལ་ན་རེ། །གཞན་ལུས་ལམ་དུ་ལེན་པ་ལ། །རིག་མ་བརྟགས་ཤིང་དགུག་པ་དང་། །བདེ་བ་སྒོམ་པ་གསུམ་དུ་བཞེད།
།དང་པོ་རིག་མ་བརྟག་པ་ནི། །དཔྲལ་བར་སྨེ་བ་དཀར་པོ་ཡོད། །དེ་ནི་བུདྡྷ་བཟང་མོར་བཞེད། །ནག་པོ་ཡོད་ན་རྡོ་རྗེའི་རིགས། །སེར་པོ་རཏྣ་སྔོན་པོ་ལས། །དམར་པོ་ཡོད་པ་པདྨའི་རིགས། །ཀུན་ཀྱང་རྣམ་སྣང་རིགས་ལས་བྱེད། །ལྟེ་བར་སྨེ་བ་ཡོད་པ་དང་། །དཔྲལ་བར་རྩེ་གསུམ་ཡོད་པ་ནི། །རིན་ཆེན་འབྱུང་ལྡན་རིགས་སུ་འདོད། །དེ་ལའང་ནང་མཚན་རིགས་ལྔ་ཡོད། །མགྲིན་པའི་དབུས་སུ་སྨེ་བ་ཅན། །ཐབས་ཀྱི་རེག་ན་མི་བཟོད་པ། །འོད་དཔག་མེད་པའི་རིགས་སུ་འདོད། །རྣ་བ་གཡོན་པར་སྨེ་བ་ཅན། །དོན་ཡོད་གྲུབ་པའི་རིགས་ཡིན་གསུང་། །ནུ་ཕྲག་དབུས་སུ་སྨེ་བས་མཚན། །མི་འཁྲུགས་པ་ཡི་རིགས་ཡིན་ཏེ། །ཁ་དོག་དབྱེ་བ་མི་འདྲ་ལྔ། །ཀུན་ལ་ཡོད་དེ་ཉེར་ལྔ་ཡིན། །གཞན་ཡང་དཀར་པོ་བུདྡྷའི་རིགས། །ཁམས་ལ་དམར་བ་པདྨའི་རིགས། །ལས་ཀྱི་རིགས་དང་རྡོ་རྗེའི་རིགས། །གཉིས་ཀ་སྔོ་སངས་ཡིན་ཅེས་གསུང་། །ཤ་མདོག་དམར་བ་རིན་ཆེན་རིགས། །བུདྡྷའི་རིགས་ནི་བདེ་བ་བུལ། །མཁུལ་བ་བཟང་སྟེ་ཟློག་པ་སླ། །རཏྣ་དེ་དང་འདྲ་བ་ལ། །འཛིན་པ་སླ་བའི་ཡོན་ཏན་ཡོད། །པདྨའི་རིགས་ནི་བདེ་བ་མྱུར། །ཆགས་པར་བྱེད་པའང་བསྔགས་པ་ཡིན། །ལས་རིགས་བདེ་བ་བརྟན་པ་དང་། །རྡོ་རྗེའི་རིགས་ཞི་གསལ་ལ་དྭངས། །འདི་གཉིས་རྗེས་ནི་བཟང་བར་འདོད།
།གཉིས་པ་དགུགས་པར་བྱ་བ་ནི། །མི་བསྐྱོད་པ་ལ་གཟུགས་བརྙན་བྱ། །རཀྟ་དང་ནི་གྷི་ཏང་གིས། །མིང་རུས་བྲིས་ལ་སྙིང་གར་གཞུགས། །ཟངས་ཀྱི་ཁབ་བམ་རྟགས་ཀྱི་ནི། །བྷ་གར་བསྐུལ་ཞིང་ཞག་བདུན་སྒྲུབ། །ལྟེ་བའི་འཁོར་ལོ་བཅུག་ནས་ནི། །གནས་པ་མེད་པ་རྣམ་གསུམ་སྒོམ། །ཆགས་པས་དྭངས་མ་འཛག་པར་བསམ། །དེ་ཡང་ཡི་གེ་ལྔ་ལ་བསྟིམ།
།ཨ་ཧ་རི་ནི་ས་ཆེ་གེ་མོ་ཁུག །རྣམ་ཤེས་བྲིང་བྲིང་དུང་དུང་། །བདག་གི་དབང་དུ་བསྡུས། །ཨ་ཧ་རི་ནི་ས།
།ཞག་བདུན་བར་དུ་སྒྲུབ་ནས་ནི། །སྔགས་ཀྱི་བཏབ་པའི་བཟའ་བཏུང་བྱིན། །དེས་ནི་དབང་དུ་འདུས་པར་ངེས།
།གསུམ་པ་བདེ་བ་སྒོམ་པ་ནི། །དབབ་དང་བཟུང་དང་ཟློག་པ་དང་། །དགྲམ་དང་རླུང་དང་བསྲེ་བ་དང་། །ཡེ་ཤེས་ཆེན་པོ་སྐྱེལ་བའོ། །ཁ་ཅིག་འདོད་ཡོན་ལྔ་པོ་ལ། །རིམ་བཞིན་སློབ་པར་འདོད་མོད་ཀྱང་། །དུས་ཅིག་དག་ཏུ་འབྱུང་བའི་ཕྱིར། །གཅིག་ཆར་སླེབ་པ་བཟང་བར་བཞེད། །ཅུང་ཟད་སྲུབ་ཅིང་རྩོལ་བ་ན། །ནོར་བུ་ཧཱུྃ་གིས་བཀག་པར་བསམ། །འགྱུར་བ་བཞི་ཡི་འཛིན་པ་ཡིན། །ཟིན་པ་དཀའ་ན་ཐིག་ལེ་ནི། །ཧཱུྃ་གིས་ཕུལ་ནས་ཧཱུྃ་གི་འདྲེན། །སྤྱི་བོར་ཧན་ཧན་བསྟིམ་པར་བསམ། །སྤྲུག་ཅིང་གླིང་བཞི་འཕང་བ་དང་། །གཉིས་ཀའི་བོ་དྷི་ཞུ་བར་བྱ། །དེ་ནས་མདུན་སྲུབ་རྒྱ་མཚོ་སྦྱར། །ཧཱུྃ་གི་དྲག་ཏུ་དྲང་བར་བྱ། །ཤེས་རབ་འོད་དུ་ཞུ་ནས་ནི། །རྡོ་རྗེའི་ལམ་ནས་རང་ལུས་ཁྱབ། །འོལ་མ་སེའི་མདོག་འདྲ་བ། །རང་ཉིད་བཀྲག་མདངས་རྒྱས་པར་མོས། །དེའི་ཆོས་འབྱུང་དབུས་སུ་ནི། །ཁྱུར་ཁྱུར་ཉམས་སུ་མྱོང་ནས་ཀྱང་། །ཟུག་ངུར་བཅས་པ་འབྱུང་བར་འགྱུར། །རྡོ་རྗེ་ཐལ་མོ་པུས་གཙུག་གཉིས། །བཟློག་པའི་ལས་ལ་བསྔགས་པ་ཡིན། །ལྕགས་འཕར་དང་ནི་རེ་མོས་ཕྲ། །དགྲམ་པའི་མན་ངག་ཡིན་པར་བཞེད། །ཐིག་ལེ་རླུང་ལ་བསྲེ་བའི་ཕྱིར། །བུམ་ཅན་ཚར་འགའ་སྒོམ་པར་བྱ། །དབྱིངས་སུ་སྐྱེལ་བར་བྱེད་པ་ནི། །སེམས་ནི་མི་རྟོག་ནམ་མཁའ་འདྲ། །སྣང་བ་བདེན་མེད་སྒྱུ་མ་བཞིན། །རླུང་གི་ཡོན་ཏན་སེམས་ལ་ཐིམ།
།གསང་སྔགས་ལམ་གནད་ཀྱི་གདམས་པ་ནི། །སྐལ་མེད་རྣམས་ལ་སྦ་བར་བྱ། །ཨྀཐི།། །

༈ ན་མོ་གུ་རུ། རྫའི་སྦལ་པའི་ནང་དུ་མིང་རུས་བྲིས་ལ་གཞུག །ཡུངས་ཀར་བདུན་ནང་དུ་གཞུག །བདུན་སྦལ་པའི་འོག་ཏུ་བཅུག །རང་ཕག་མོའི་ཐུགས་ཀ་ནས་ཕོ་ཉ་མང་པོ་སྤྲུལ། ཁམས་གསུམ་དབང་དུ་བསྡུས་པར་བསམ་ལ་ངག་བཅད་དེ། སྭཱ་ཧཱ་སྦལ་ཤ་ཁོལ། ཙག་ཙག་དུང་དུང་། འདུར་འདུར། ཡེད་ཡེད། ཆེ་གེ་མོའི་ཙིཏྟ་དཀྲུག །བདག་གི་དབང་དུ་གྱུར་ཅིག་ཅེས་སེམས་མ་ཡེངས་པར་རབ་ཞག་གཅིག་འབྲིང་གཉིས་ཐ་མ་གསུམ། རྨི་ལམ་དུ་བུད་མེད་འདུ་བ། ཁྲོམ་འཚོགས་པ། གཏེར་རྙེད་པ་སོགས་འབྱུང་ངོ་། །ལས་སྦྱོར་ནི་ཉི་མ་དམར་ཐག་ཆོད་པ་ན། རྫས་ལ་སྔགས་སྟོང་ཙམ་བཟླས། རབ་ཕྱིའི་ཡུང་ཀར་གཏོར་བ། འབྲིང་ཤ་ལ་བརླན་པ་ཙམ་དང་། ཐ་མའང་སྦལ་པ་ལུས་ལ་ཐེབས་ན་ཐེ་ཚོམ་མེད། ལུས་འཁྱོར་བ་དང་། སེམས་མི་གནས་པ་འོང་ཉེན་ཡོད། དེ་ལ་འདོད་པ་སྤྱད་པས་སེལ། གྲོལ་བར་འདོད་ན་གངས་ཆུ་གྲང་མོ་ལུས་ལ་རྒྱག །སྔགས་མགོ་མཇུག་བཟློག །སྦལ་པ་བཅག །མིང་རུས་སྤོས། ཆུས་ཁྲུས་བྱས་པས་གྲོལ་བར་འགྱུར་རོ། །ཨྀཐི།

ན་མོ་གུ་རུ། ཀློད་དང་འགྱུར་བཞི་གཞོམ་པ་རེ། །འཛིན་པ་རྣམ་པ་གསུམ་དུ་འདོད། །རྡོ་རྗེ་ཐལ་མོ་པུས་བཙུགས་དང་། །རྩལ་སྤྲུགས་ཁོང་འདྲེན་རྟ་ཞོན་ཚུལ། །འདྲེན་པའི་འཁྲུལ་འཁོར་རྣམ་ལྔའོ། །ཁྱབ་པའི་འཁྲུལ་འཁོར་རྣམ་དགུ་ནི། །དང་པོར་མགོ་ལྕོག་འཕར་སྤྲུག་བྱ། །གཉིས་པ་རྐང་ལག་རེ་མོས་ཁྲབ། །གསུམ་པ་དཔུང་འཛིན་གཞི་སྤྲུག་རྡེབས། །བཞི་པ་མཁལ་མནན་ཕོ་བ་བསྐོར། །ལྔ་དྲུག་ལག་སྤྲུག་གན་རྐྱལ་འཁྲབ། །བདུན་པ་སུག་བཞི་གཡས་གཡོན་འཐེན། །བརྒྱད་དགུ་བརྐྱང་བསྐུམ་གན་རྒྱལ་རྒྱང་། །ལུས་ཀྱི་འདུག་སྟངས་འཁྲུལ་འཁོར་གྱིས། །ཡང་དག་ཏིང་འཛིན་བསྐྱེད་པ་འདི། །མཁའ་འགྲོ་བདེ་བའི་དངོས་གྲུབ་དང་། །དཔལ་ལྡན་གང་ག་རྡ་རི་དང་། །ཌཱ་ཀི་ཀུན་ཏུ་བཟང་མོ་ཡི། །དགོངས་པ་གཅིག་ཏུ་གུང་སྤྲོས་པ། །རྟོགས་ལྡན་ཞང་སྒོམ་གསུང་བཞིན་དུ། །ལྷག་ཆད་མེད་པར་བཀོད་པ་ཡིན། །ཨྀཐི།

འགྱུར་བ་བཞི་ནི། རྒྱ་མཚོ་རི་རབ་ལ་གཅེར་བ། །གླིང་བཞི་དབང་དུ་བསྡུ་བ། དར་པོ་ཆེ་རང་གནས་སུ་འཆར་བ། ཉི་ཟླ་ནམ་མཁར་བཟུང་བ་སྟེ་བཟུང་པའོ། །བཟློག་པ་ནི། རྡོ་རྗེ་ཐལ་མོ་སྤྱི་བོར་འཐེན་ལ། རླུང་སེམས་ནམ་མཁར་འཕང་བའོ། །ཡང་པུས་མོ་དང་རྡོ་རྗེ་ཁུ་ཚུར་སར་བཙུགས་ལ། ཧག་ཧིག་ཧོག་ཅེས་སྙིང་ཁ། མགྲིན་པ་སྤྱི་བོ་རྣམས་སུ་དྲང་ངོ་། །ཁྱབ་པར་བྱེད་པ་ལ་ལངས་ཏེ་མགོ་ལ་ཐལ་ལྕག་རེ་མོས་སུ་རྡེག་པ་དང་། འཕགས་ཤིང་ལག་པའང་སྤྲུག་གོ། །གཉིས་པ་ནི་རྒུར་ནས་རྐང་ལག་རེ་མོས་འཁྲབ་བོ། །མཁའ་འགྲོ་མ་སུ་ཀ་སིདྡྷིའི་གདམས་པའོ། །ཨྀཐི།

།འཛིན་པ་ལ་ཀློད་པའི་མན་ངག་ནི། ལུས་སེམས་ཁོང་ཀློད་ཅིང་སྲིན་པོ་ཡན་པའོ། །བཟློག་པ་ནི་ལུས་སྤྲུག་ཏེ། རླུང་ཕྱིར་འཕང་སྲིན་པོ་འཐེན། ཁུ་ཚུར་བརླ་ལ་བཙུགས་ཏེ་འདྲེན་ནོ། །ཡང་གཉིས་པ་ནི། ལག་པ་གཉིས་ཀྱི་ཕན་ཚུན་དུ་དཔུང་པ་བཟུང་ནས། སྨད་ཀྱི་རླུང་ཁོང་ནས་དྲང་ངོ་། །འགྲེམ་པ་ལ་དང་པོ་ལག་པ་གཉིས་ཀྱི་དཔུང་པ་བཟུང་ལ་ཕོ་ཁར་བསྣོལ། བཞི་སྤྲུག་བྱས་ནས་མཆན་ཁུང་དང་འཕོངས་ཚོས་རྡེབ་པའོ། །ཡང་ཁུ་ཚུར་མཁལ་མའི་ཐད་དུ་བཙུགས་ལ་ཕོ་བ་སྐོར། གསང་བར་གཅོག་ཅིང་གཡས་གཡོན་འཐེན་ནོ། །ཡང་ལངས་ནས་ལག་གཉིས་སྤྲུག་གོ། །ཡང་ཅུང་ཟད་གན་རྐྱལ་དུ་བྱས་ནས་སུག་བཞི་འཁྲབ་བོ། །གང་ག་དྷ་རིའི་ལུགས། ཨྀཐི།

།ན་མོ་གུ་རུ། བོ་དྷི་ཙིཏྟ་བཟུང་འདོད་ན། །ཆགས་པའི་ངོ་བོ་དབྱིངས་སུ་གཞོམ། །རླུང་ཡང་རང་ཡན་ལུས་ཀྱང་ཀློད། །དགའ་བའི་རང་ཞལ་ལྟ་བར་བྱ། །དེས་ནི་འཁྲིལ་བར་ཐེ་ཚོམ་མེད། །ལག་པ་གཅིག་བརྐྱང་གཅིག་ཤེས་ནི། །ཁུ་ཚུར་དཔུང་པའི་ཐད་དུ་བཅང་། །རྐང་པ་གཅིག་ཤེས་བཙུག་ནས་ནི། །གཅིག་གིས་རྟ་ལ་འགོང་ཚུལ་བྱེད། །ཁ་སྐྱོར་སྟོད་དུ་འཐེན་པར་བྱ། །གནས་སུ་སྐྱེལ་བའི་མན་ངག་ཡིན། །ཡན་ལག་སུག་བཞི་བཙུག་ནས་ནི། །གཡས་གཡོན་དབུས་སུ་རྡེག་ཅིང་འཐེན། །གདུང་སྣ་ལ་འཇུས་དཔྱངས་ནས་ནི། །ལུས་ནི་བརྐྱང་བསྐུམ་དྲག་ཏུ་བྱ། །རྩ་མིག་གནས་སུ་འདེབས་པ་ཡིན། །མཁའ་འགྲོ་ཀུན་ཏུ་བཟང་མོ་ལུགས། །ཨྀཐི།

།ན་མོ་གུ་རུ། སྔགས་ལམ་མགྱོགས་བྱེད་ཕོ་ཉའི་ལམ། །བློ་ངན་རྣམས་ལ་མི་བསྟན་ཏེ། །དུག་ཆེན་ཧ་ལ་ཧ་ལར་འགྱུར། །དཔེར་ན་བཅུད་ཆེན་འོ་མ་དེ། །གདུག་པའི་སྦྲུལ་ལ་བླུད་པ་འདྲ། །འགའ་ཞིག་ཆོས་ལ་སྐུར་པ་འདེབས། །ཡང་ན་ཆོས་ཀྱི་གང་ཟག་བརླག །དེ་བས་སྣོད་ལྡན་འཚོལ་བ་གཅེས། །རིག་མ་མཚན་ལྡན་རྙེད་སླ་སྟེ། །རྟེན་གྱི་གང་ཟག་ཤིན་ཏུ་དཀོན། །རབ་ནི་མངོན་ཤེས་སྟོབས་ཀྱིས་བརྟག །འབྲིང་ནི་མཁའ་འགྲོའི་ལུང་བསྟན་ཚོལ། །ཐ་མ་རྟེན་གྱི་གང་ཟག་དེ། །བླ་མས་ཅི་གསུང་སྒྲུབ་ནུས་ཤིང་། །ཆོས་ཀྱི་ཕྱིར་དུ་དཀའ་བ་སྤྱོད། །ངོ་ཚ་ཆེ་ཞིང་སྡིག་པ་འཛེམ། །བརྩོན་འགྲུས་ཆེ་ཞིང་གསང་ཐུབ་ལ། །ཆོས་ཕྱིར་འབད་མེད་གཏོང་ནུས་ན། །སྐལ་ལྡན་དེ་རང་ཡིན་ཅེས་གསུངས། །འདི་ལ་རིག་མ་བརྟག་པ་དང་། །རྩ་འཚོལ་བ་དང་རྩ་བསྐྱེད་དང་། །སྦྱངས་དང་ལས་ལ་སྦྱར་བ་དང་། །མཐར་ཐུག་སྒོམ་པ་དྲུག་ཏུ་བཞེད།
།དེ་ལ་དང་པོ་བརྟག་པ་ནི། །དུང་ཅན་ལ་ནི་བདེ་བ་མྱུར། །དེ་ཡི་དཔྲལ་བ་མགྲིན་པ་དང་། །སྙིང་ཁ་ལྟེ་བ་སྐྱེ་གནས་ཏེ། །གནས་ལྔ་དེ་དག་གང་རུང་ཏུ། །དུང་དང་འདྲ་བའི་རི་མོ་ཡོད། །གླང་ཆེན་མ་ནི་སྨེ་བ་སྨུག །སྟོང་ཉིད་བསྒོམ་ན་བོགས་སུ་ཆེ། །པདྨ་ཅན་ནི་བདེ་བ་རྒྱས། །ལུས་ལ་ཐིག་ལེའི་རི་མོ་འབྱུང་། །རི་མོ་སྒུར་པོ་རྒྱབ་སྤྲོད་དུ། །ཡོད་ན་རི་དྭགས་ཅན་མ་ཡིན། །བདེ་བ་མི་ཆེ་ཤིན་ཏུ་བརྟན། །རི་མོ་ཅན་ལ་རི་མོ་ནི། །དྲང་པོ་ཕལ་ཆེར་གསུམ་སྒྲིགས་ཡོད། །གནས་སུ་དཀྱིལ་བ་ཤིན་ཏུ་སླ། །ལྕུག་ཕྲན་མ་ལ་ལྔ་ཡོད་དེ། །གསལ་ཉམས་མཐའ་དབུས་མེད་པར་འཆར། །ཆོས་འབྱུང་མ་ནི་ཆོས་འབྱུང་གཟུགས། །ཟག་བཅས་བདེ་བ་ཤུགས་དང་ལྡན།
།གཉིས་པ་ནི་ལི་འཚོལ་བ་ནི། །སྤྱི་བོར་གླ་རྩི་ཙན་དན་དཀར། །ཏིལ་མར་གསུམ་པོ་བསྲེས་པས་མཉེ། །རྒྱབ་བསྟན་སྟེང་དུ་ཁ་བསྣོལ་དང་། །ཤིང་ལེབ་དང་ནི་སྐ་རག་བསྡམས། །ཀྵུཾ་ཡིག་གནས་སུ་འགྱིང་བུ་བཞག །དེས་ནི་རྩ་དེ་རྙེད་པར་འགྱུར། །སྦོམ་ན་པུན་ད་རི་ཀ་ཡི། །རྩ་བ་དགོས་ཏེ་མི་རྙེད་དོ། །ཁུག་ཆོས་བ་དཀར་འོ་མ་དང་། །ཀ་ར་མར་སར་རྒྱ་ཙང་ཚིལ། །ཆང་དང་སྦྱར་བ་བྱུག་ནས་ནི། །ཕྲ་ཞིང་ཤིན་ཏུ་རྣོ་བར་འགྱུར།
།གསུམ་པ་རྩ་ནི་སྐྱེད་པ་ལ། །ཤ་ཆེན་ཆུ་སེར་ཕྱུང་ནས་ནི། །ག་བི་དམར་སེར་བཅད་དུ་གཙོ། །ཁ་རུ་ཚ་དང་ཤིང་ཀུན་བཏབ། །ཡང་ན་མཁའ་ལྡིང་རྒྱ་གཙང་བཏང་། །ར་མོ་ཤ་དང་དཀར་གསུམ་དང་། །ཐབས་ཤེས་དམ་རྫས་བརྟེན་པ་ཡིས། །གཉིས་ཀ་ལུས་ཟུངས་སྐྱེད་པར་བྱ།
།བཞི་པ་སྔོན་འགྲོ་སྦྱངས་བ་ནི། །གཟུགས་སྣང་སྒྱུ་མར་ཤེས་བྱ་ཞིང་། །ངག་ནི་ལས་རླུང་ཁེགས་པར་བྱ། །སེམས་ནི་འཛིན་མེད་ནམ་མཁའ་འདྲ། །མ་རྟོག་འགྲོ་དྲུག་སེམས་ཅན་ལ། །སྙིང་རྗེ་མཁའ་ཁྱབ་སྒོམ་པ་གཅེས།
།ལྔ་པ་ལས་ལ་སྦྱར་བ་ནི། །དང་པོ་གཟུགས་ལ་ལྟ་བ་དང་། །གཉིས་པ་སྒྲ་ལ་བསླབ་པ་དང་། །གསུམ་པ་དྲི་ཞིམ་བདེ་བ་རྒྱས། །བཞི་པ་ལུས་ཀྱི་རེག་བྱ་དང་། །རོ་མཆོག་ཁྱད་པར་མྱང་བ་ནི། །འཁྱུད་དང་ཙུམ་པ་བྷ་གར་རེག །ལྔ་པ་སྙོམ་པར་འཇུག་པ་ཡིན། །རྩ་སྣ་རིགས་ན་རྐང་པ་རྐྱང་། །ཐུང་ན་ཕྲག་པར་སྐལ་བ་ཡིན། །ཕྱོགས་བཞིར་རྡོ་རྗེས་རྩལ་བྱ་ཞིང་། །གཅིག་ཤེས་ཀྱིས་ཀྱང་འོག་རླུང་བསྐུམ། །སྲོག་རྩོལ་མནན་པས་གཏོར་བར་བྱ། །འཕོ་འཕོ་འདྲ་ན་ཀློད་པ་ཅེས། །མིག་ནི་གྱེན་དུ་ལྟ་བར་བྱ། །ཅིག་ཤེས་རྐེད་པ་ཉག་གིས་བཏང་། །རླུང་ནི་གསང་བར་ཕུལ་བ་ན། །བདེ་བ་ཟིན་པར་ཐེ་ཚོམ་མེད། །ཉམས་དེ་ཡལ་དུ་མི་འཇུག་པར། །ཡང་ཡང་དབབ་པར་བྱ་བ་ལས། །བདེ་བས་ཀློད་པར་མི་ནུས་ན། །ལག་པ་སོགས་ཀྱི་ཀློད་པར་བཞེད། །རྩལ་སྤྲུག་བྱེད་ཅིང་ཁོང་ནས་འདྲེན། །མཁལ་མནན་ཕོ་བ་བསྐོར་བ་དང་། །ལག་པ་སྤྲུག་ཅིང་གན་རྐྱལ་འཁྲབ། །གནས་སུ་བཟློག་ཅིང་གནས་སུ་ཁྲོམས།
།དྲུག་པ་མཐར་ཐུག་སྒོམ་པ་ནི། །རིག་པ་དྭངས་སྙིགས་ཕྱེ་བ་ན། །བདེ་བ་རང་གིས་རིག་པ་ཙམ། །རིག་པ་གསལ་སྟོང་བརྗོད་དུ་མེད། །ནམ་མཁའི་དབྱིངས་དང་མཉམ་པར་བསྲེ། །མཁའ་འགྲོ་གང་ག་དྷ་ར་དང་། །རྗེ་བཙུན་རིན་ཆེན་ལྷ་མོ་གཉིས། །ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས། །གདམས་པ་མཁའ་འགྲོས་བསྟན་པ་ཡིན། །ཨྀཐི།

།ན་མོ་གུ་རུ། མན་ངག་ཟབ་མོ་སྨིན་མཛད་པའི། །བླ་མ་སངས་རྒྱས་ཞབས་ལ་འདུད། །མགྱོགས་བྱེད་ལས་ཀྱི་ཕྱག་རྒྱའི་ལམ། །མཁའ་འགྲོའི་སྙིང་ཁྲག་ལྟ་བུ་ལ། །ཀུན་ཏུ་བཟང་མོའི་ཞལ་ན་རེ། །སེང་གེའི་འོ་མ་འདྲ་ཞེས་གསུངས། །དཔེར་ན་སེང་གེའི་འོ་མ་དེ། །ཕལ་པའི་སྣོད་དུ་བླུག་པ་ན། །སྣོད་ཀྱང་འཆག་ལ་བཅུད་ཀྱང་འབོ།
།རིན་ཆེན་སྣོད་དུ་བླུག་པ་ནི། །དྲི་ཞིམ་རོ་མཆོག་ལྷག་པར་འཕེལ། །བརྟེན་དང་རྩལ་སྟོབས་རྒྱས་པར་འགྱུར། །འདོད་ཆགས་ཐ་མལ་ཉོན་མོངས་འདི། །སྐྱེ་བོ་ཀུན་ལ་དུག་ཡིན་ཀྱང་། །ལམ་དུ་ལོངས་ན་འཆི་མེད་སྟེར། །དུས་གསུམ་སངས་རྒྱས་བྱང་སེམས་ཀྱི། །ཡོན་ཏན་མ་ལུས་ཐམས་ཅད་ཀྱང་། །ལྷན་སྐྱེས་བདེ་བ་ཆེ་ལས་བྱུང་། །བདེ་བ་ཀུནྡ་ཡིན་པས་ན། །ལས་རྒྱ་ལམ་དུ་བྱེད་པ་བསྔགས། །འདི་ལ་མཚན་ཉིད་བརྟག་པ་དང་། །སྐོམ་དང་བདེ་གནས་འཚོལ་བ་དང་། །སད་དང་ལས་ལ་སྦྱར་བ་སྟེ། །རྩིས་མགོ་རྣམ་པ་ལྔ་རུ་བཞེད།
།དང་པོ་རིགས་ནི་མ་གསུངས་ཀྱང་། །བརྟེན་དུ་རུང་སྟེ་དེ་ལྟར་ཡང་། །རབ་འབྲིང་ཐ་མའི་ཁྱད་པར་ཡོད། །མཆུ་ལ་བྷ་ག་བརྟག་པར་བྱ། །སྲབ་དང་རྒྱས་དང་བར་མ་ཡིན། །ཁ་ཡིས་དཀྱུས་ལ་གཅིག་ཤེས་བརྟག །དགུ་ལ་སོར་ལྔ་ལྷག་པ་སྤངས། །བཅུ་དྲུག་ལ་ཡང་མཁྱུད་གང་དང་། །རྩལ་རྫོགས་ན་ཡང་ཉི་ཤུའམ། །དེ་བས་རིང་བ་མི་བརྟེན་ནོ། །མན་ཆད་བརྟེན་དུ་རུང་བ་ཡིན། །བདེ་བའི་མཚན་ཉིད་མིག་ལ་བརྟག །མིག་དཀྱུས་རིང་ཞིང་མིག་འབྲས་སྣུམ། །སྲི་ལ་འཛུམ་པ་ཡོད་ན་བཟང་། །ནུ་མ་དང་ནི་སྐྲ་དག་ལས། །གུས་དང་མི་གུས་རྟག་ཏུ་རུང་། །ལི་ན་བཟང་སྟེ་སེར་ན་འབྲིང་། །ནག་ཅིང་རྩུབ་པ་ཐ་མ་ཡིན། །ཟླུམ་པོ་བཟང་སྟེ་རྣོ་བ་འབྲིང་། །ཤིན་ཏུ་འཕྱང་ན་མི་བཟང་ངོ་། །ཨོལ་མདུད་སྦོམ་ཞིང་སྙིང་གི་སྤུ། །འདུག་ན་གསང་སྒྲོགས་ཐུབ་པར་འོང་། །ཆོས་འབྱུང་བ་སྤུ་སྤངས་བ་རབ། །སེར་ཁམ་འབྲིང་དང་ནག་པོ་ངན། །རུས་སྦལ་དཀར་ཞིང་ནང་དམར་མ། །འདི་ནི་མཆོག་ཏུ་འདོད་པ་ཡིན། །སྨུག་པ་འབྲིང་ནི་གཞན་ནི་སྤང་། །ལྕེ་དང་སྙིལ་ལས་ཁ་དོག་དང་། །མཆན་ཁུང་ལས་ནི་བ་སྤུ་རྟག །སྐེམ་ནི་རྒྱ་སྐྱེགས་ཁུ་བ་དེ། །ཆུ་རྩའི་མེ་ལ་སྐོལ་ནས་ནི། །སྤང་རྒྱན་མེ་ཏོག་བཏབ་པ་འཐུང་། །གཉེར་པོ་ཆེ་ནི་གསེར་གྱིས་སྲེག །བྷ་གར་ཆུ་བཅག་བཏབ་པ་དང་། །བེར་ཀ་སོར་ནི་བརྒྱད་པ་ཡིན། །ཚང་ར་འཕངས་ཚོས་དལ་བུས་བརྡུང་།
།གསུམ་པ་བདེ་གནས་འཚོལ་བ་ནི། །བཅོས་མའི་འབོ་ལས་ཕྱི་དང་ནི། །ནང་དུ་ཡང་ཡང་རེག་པར་བྱ། །གང་ལ་ངོ་གཅིག་བྱུང་བ་དེར། །རྡོ་རྗེ་དབྱིངས་ཕྱུག་ཡོད་པ་ཡིན།
།བཞི་པ་སད་སར་བྱ་བ་ནི། །མིག་ནི་གྱེན་བསྟན་ལག་པ་གཉིས། །པུས་མོ་དག་ལ་བཀབ་པར་བྱ། །ཧཱུྃ་ཡིག་རིང་པོ་རིང་པོའི་མཐར། །ཧིག་ནི་མང་དུ་བཏུད་པ་ཡིན། །དེ་འདྲ་ཡང་ཡང་སྦྱངས་ནས་ནི། །འོག་སྒོ་འབྱེད་འཛུམ་སྦྱོར་བ་ལས། །གསང་བའི་གནས་སུ་བཅུད་པར་བྱ། །དེ་ནས་ལན་ཅིག་ལྕམ་པ་ཡིས། །རྐང་གི་རྩལ་འདི་ཡང་ཡང་དྲངས། །འབྱེད་འཛུམ་སྦྱོར་བས་ཡང་ཡང་དབྱུང་། །འདི་ལ་རྟགས་སུ་ཐོན་ན་ནི། །དངོས་གཞིའི་ལས་ལ་འཇུག་པར་བྱ།
།ལྔ་པ་ལས་ལ་སྦྱར་བ་ནི། །དང་པོར་གླུད་དང་དགའ་ཚིག་ཉོན། །དེ་རྗེས་ལུས་ཀྱི་ཆ་ལ་བརྟག །དེ་རྗེས་ཀུ་རེ་འཁྲིག་ཚིག་དང་། །དེ་ནས་རྩེད་འཇོ་སྣ་ཚོགས་དང་། །དེ་འོག་ཕྱི་ཡི་རེག་བྱ་སྟེ། །ལག་བཅངས་འོ་དང་འཁྱུད་པ་དང་། །སོ་དང་སེན་མོ་འདེབས་པ་དང་། །བདེ་རེག་བྱེད་ཅིང་ཕྱི་རོལ་འདུད། །དེ་ནས་སྙོམས་པར་འཇུག་པ་སྟེ། །ཆགས་སྤྱོད་བདུན་དུ་བཞེད་པ་ཡིན། །རུས་སྦལ་འགྲོས་ཀྱི་འབེབས་པར་བྱ། །སྐད་ཅིག་དེ་ལ་ཕྲད་གཞོམ་དང་། །རྟིང་པ་གསེར་གླིང་གནས་སུ་བཞག །དེ་ནི་བརྟེན་པར་འགྱུར་བ་ཡིན། །རྟ་གཞོན་ཚུལ་གྱིས་གནས་སུ་སྐྱལ། །སུག་བཞི་གཡས་གཡོན་འཐེན་ནས་ནི། །བརྐྱང་བསྐུམ་བྱ་ཞིང་གན་རྐྱལ་རྒྱང་། །དེ་འདྲ་རྩ་མིག་དག་ཏུ་འདེབས། །ལུས་གནད་རྣམ་སྣང་ཆོས་བདུན་ལས། །སེམས་ནི་མི་རྟོག་མཐའ་དབུས་མེད། །ངག་ནི་རང་བབས་འགྲོ་འོངས་བྲལ། །ཆགས་མེད་མཉམ་པར་བཞག་པ་ལས། །བདེ་བ་ཞོན་མེད་ངོ་མཚར་སྐྱེད། །དབྱིངས་སུ་སྐྱེལ་བའི་གདམས་ངག་ཡིན། །ཨྀཐི།

།ན་མོ་གུ་རུ། གསང་སྔགས་བདེ་བ་ལམ་བྱེད་ནི། །རྣམ་རྟོག་ཉིད་ཀྱི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱི་སྲིད་པ་དག །ཇི་ལྟར་མེ་ཡི་ཚིག་པ་ལ། །མེ་ཡི་ཡང་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེས་ནི་གདུང་བར་བྱ། །ཞེས་གསུང་གནད་དུ་ཆེ་ན་ཡང་། །ལས་རྒྱ་བརྟེན་པར་མི་ནུས་ན། །ཡིད་ཀྱི་སྒོམས་ནས་སྦྱོར་བར་བཞེད། །སྣང་སྟོང་སྒྱུ་མ་ལྟ་བུ་ལ། །འབད་རྩོལ་མེད་པར་བྱ་བར་གཅེས། །གཞན་དུ་ཐར་མེད་གནས་སུ་ལྟུང་། །རང་ཤར་ལྷ་སྐུའི་ལམ་ཁྱེར་བྱ། །ཚོགས་ཟླུམ་བྱིན་གྱིས་རློབས་པ་ཡིན། །རྩ་ཡིག་སྔགས་ཀྱིས་བྱིན་གྱིས་རློབ། །བར་ཆད་མི་འཇུག་ལམ་དུ་འགྲོ། །གཟུང་དུ་མེད་ཅིང་ཐོབས་པ་མེད། །བྱར་མེད་ནམ་མཁའི་དབྱིངས་དང་མཉམ། །ཆོས་ཉིད་འོད་གསལ་རྟོགས་པར་འགྱུར། །བླ་མ་ཤངས་པ་ཆེན་པོ་དེས། །མ་རྒྱུད་སྤྱི་ཡི་རྫོགས་རིམ་གནང་། །མཁའ་འགྲོ་རྣམ་པ་གསུམ་གྱི་ནི། །ཞལ་གདམས་ཐུགས་ལ་ཆུད་པར་མཛད། །རྟོགས་ལྡན་ཞང་སྒོམ་ཆོས་སེང་གིས། །བླ་མ་ཆེན་པོ་དེ་ལ་ནི། །ལུས་ཀྱི་ཞབས་རྟོགས་ཕུལ་བ་དང་། །སྒྲུབ་པ་ཉམས་མྱོང་ཤར་བ་ཡི། །སྒྲུབ་པའི་མེ་ཏོག་སྤུངས་པའི་དུས། །པདྨའི་སྟེང་དུ་ཐུགས་བཅུད་གནང་། །དེ་ལ་བླ་མ་རིན་ཆེན་གྱིས། །སྐང་ཐག་སྤངས་ཏེ་གསན་པ་ཡིན། །བྱིན་རླབས་རྒྱུད་ལྡན་མན་ངག་འདི། །སློབ་བུའི་དོན་དུ་གསལ་བར་བཀོད། །མཁའ་འགྲོ་རྣམ་གསུམ་གྱི་མན་ངག་རྫོགས་སོ།། །།མངྒ་ལཾ།། །།