Chos rje sku 'da' ka'i rnam thar
Resource ID | SCv1p549 |
---|---|
Title | mkhas grub chos rje sku 'da' ka'i rnam thar |
Alt. title | mkhas grub chos rje'i mdzad pa tha ma'i rnam thar |
Topics | Biography |
Associated Person | Shönu Drup |
Link | BDRC W23922 W3PD988 |
Notes | See chos rje gzhon nu grub kyi rnam thar |
༄༅། །མཁས་གྲུབ་ཆོས་རྗེ་སྐུ་འདའ་ཀའི་རྣམ་ཐར་བཞུགས་སོ།།
༈ ན་མོ་རཏྣ་གུ་རུ། ཆོས་རྗེ་བླ་མའི་སྐུ་གསུང་ཕྲིན་ལས་རྣམས། །གདུལ་བྱའི་སྣང་ངོར་གང་འཚམས་ཆོས་ཉིད་ཡིན། །མ་འོངས་རྣམ་པ་དངོས་སུ་མཁྱེན་པས་གསུངས། །ཟས་ནོར་ལོངས་སྤྱོད་འཁོར་གསུམ་སྤོང་དག་མཛད། །འདུས་པའི་འཁོར་ལ་གདམས་པའི་ཆོས་ཆར་ཕབ། །སྲས་ཀྱི་དམ་པ་རྒྱལ་མཚན་ཕྲིན་ལས་བསྐོས། །སེམས་ངོ་འཕྲོད་པས་བླ་མ་འབྲལ་མེད་ཀྱི། །མོས་གུས་ཅན་ལ་ཐུགས་རྗེའི་ཞིང་ཁམས་ཡིན། །ཆོས་བརྒྱུད་སློབ་བརྒྱུད་བསྟན་པ་རྒྱས་ཀྱི་གསུངས། །དངོས་འཛིན་ཅན་ལ་མི་རྟག་ཚུལ་བསྟན་ནས། །ངོ་མཚར་རྟགས་ཀྱིས་གདུལ་བྱའི་ཡིད་ཚིམ་མཛད། །བདེ་བ་ཅན་གཤེགས་ཁྱེད་ལ་གསོལ་བ་འདེབས། བདག་ཅག་རྣམས་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ།
།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁས་གྲུབ་རིན་པོ་ཆེ་འདི་ཉིད་ཀྱིས་ས་ཕོ་རྟ་ལོའི་དགུན་སྒྲུབ་སྲིན་པོ་རི་དོན་གྲུབ་ཀྱི་གནས་སུ་མཛད། དེའི་ཚེ་ད་ལོ་བར་ཆད་གཅིག་རྩམ་གྱིན་འདུག་པ་དང་། ནང་གཅིག་ལ་སྟོད་ཀྱི་ལྷ་འདྲེ་རྣམས་དང་། ཕུག་མོའི་བཙན་དེ་མཇལ་དུ་བྱུང་གསུངས། དེ་དགེ་ལགས་སམ་མི་དགེ་ལགས་ཞུས་པས། སངས་རྒྱས་སྟོན་པ་ཞི་བར་གཤེགས་ཙ་ན་ལྷ་འདྲེ་རྣམས་མཇལ་བའི་ལོ་རྒྱུས་ཤིག་གསུངས་སོ། །དགུན་སྒྲུབ་ཐོན་ནས་ཞག་ཉི་ཤུ་ཙམ་ཆོས་མང་པོ་གསུངས། དབང་བཀའ་ཁ་ཅིག་མཛད། ཚོགས་པ་རྣམས་ཀྱིས་བློས་བླངས་ཀྱི་རིམ་གྲོ་མང་པོ་མཛད་དོ། །དེ་ནས་སྐུ་ཁམས་བཟང་། བསམ་སྡིངས་སུ་བྱོན་དུས་དོན་གྲུབ་དང་། ཟུར་ཁང་གི་མཆོད་ཆ་གདན་ཆ། ཐབ་ཆ་ཕལ་ཆེར་ཁྱེར་ཅིག །ངའི་མལ་ས་འདིར་ཁྱེད་རང་ཀུན་ཉལ་བས་ཆོག་གསུངས། ཚུར་འབྱོན་ཁར་གཞན་དབང་ལ་རླུང་ལྟས་ཞིག་ལོག་འདུག་གསུངས་པ་རྣམས་མ་འོངས་པ་དངོས་སུ་མཁྱེན་ནས་གསུངས་པར་གདའ། དེར་མི་ལ་མཇལ་ཁ་མེད་པར་བསམ་སྡིངས་སུ་བྱོན་ནས་སྐུ་མཚམས་དམ་པོ་མཛད། དེར་ཕྱོགས་ཀྱི་དགེ་བཤེས། མི་ཆེན། རི་བ་ལ་སོགས་པ་བཞི་བརྒྱ་ཙམ་ཞིག་འདུས་བྱུང་། དེ་རྣམས་ལ་བསྙེན་དཀུར་འབུལ་བ་གྲལ་འགྱེད་བཟང་པོ་མཛད། ཞལ་བཀོད་གསུང་ཡིག་བྱོན། ད་རེས་དེ་ཁམས་ངན། ལུས་པོ་ལྗི། ཁྱེད་རྣམས་འདོད་པའི་ཆོས་རྣམས་མི་ནུས་པར་འདུག་པས་རང་རང་སོ་སོར་བྱོན། ཕྱིས་རྟེན་འབྲེལ་ཅི་འགྲིགས་བལྟ། ཞ་ལུ་པས་གཟིམ་ཁང་འདིར་སྡོད་ན་དགའ། དགེ་སྦྱོར་འཕེལ་ལ་རེ་ནས་རྒྱུ་བཏང་། ཁ་ཏ་བྱས། སྒོམ་ཆེན་རྣམས་ཀྱིས་ཀྱང་འབད་པ་བཏོན་ནས་བསྒྲུབས་པ་ཡིན་པས་མཁར་ལས་ཀྱི་ཕྱིར་སྲོག་ཆགས་ལ་གནོད་འཚེ་བྱུང་བའི་སྒྲིབ་སྦྱོང་ལ་ལོ་མཚམས་འདི་གར་བྱ། ཁྱེད་སྒོམ་ཆེན་ལོ་སྒྲུབ་མཛད་པ་རྣམས་ཀྱང་འདི་གར་བཞུགས། མཐུན་རྐྱེན་མ་འཛོམ་ན་ངེད་ཀྱིས་བྱ། མི་བྱེད་པ་རྣམས་རང་རེ་གར་དགའ་སར་བྱོན། གཅིག་གིས་གཅིག་ལ་མི་གནོད་པ་གལ་ཆེའོ་གསུངས་སོ། །སྤྱིར་གྱི་རྒྱུ་ཆ་རྐྱེན་ཆེན་པོ་བྱུང་ན་དགའ་བ་དང་ཞེན་འཛིན་ཆེན་པོ་སྔར་ཡང་མ་བྱས། དད་པ་ཅན་གྱིས་ཕུལ་བ་རྣམས་དགེ་བ་ཉིས་འགྱུར་དུ་མ་བྱུང་ན་བསླུས་པར་འགྲོ་བས་བསོད་ནམས་གང་ཆེ་ལ་ཐོངས། འབུལ་བ་སྣ་ཐག་ཅན་དུམ་གཅིག་ཡོད་པ་འདིས་གང་བྱེད་ཀྱང་འདོང་གསུངས་ནས། ཆུ་ཞལ་གྱིས་སྟོང་སྐོར་བརྒྱད། བླ་མ་རྣམས་ཀྱི་གདན་ས་སྒོམ་གྲྭ་གཙང་མ་རྣམས་སུ་བསྙེན་བཀུར་བ་དང་བཅས་པ་མཛད་དོ། །དེའི་ཟླ་བ་ཕྱི་དེ་སྐུ་ཁམས་བཟང་། ཐུགས་དམ་འཕེལ། སྒྲུབ་པ་བདུན་བཅུ་ཙམ་གྲབས་སུ་ཚུད་དེ། དེའི་ཚེ་མཇལ་གང་ཡོད་ལ་ཆོས་གསུངས་བར་འདུག་གོ་ཟེར་བའི་ཁ་སྐྱུགས་ཆེན་པོ་ཞིག་བྱུང་ནས་མི་ཆེན་གཉན་བཙུན་འདུས། ཉ་སྐྱེས་ཕོ་མོ་མང་པོས་ལྟ་བསྐོར་བྱེད་པ་བཞིན་ཞལ་མཐོང་གསུང་ཐོས་རེ་བ་མང་པོ་བྱུང་བས། སོ་སོ་ལ་ཞུ་བ་ནན་ཏན་བྱས་པས་མ་བཟོད་པར་ད་འདིར་ཡང་སྡོད་དུ་མི་སྟེར་བར་འདུག །ད་རེས་འདི་ཚོའི་སེམས་འདྲེ་གཅིག་བསད་ནས། ཕྱིས་གཞན་ཞིག་ཏུ་འགྲོ་དགོས་གསུངས་ནས། ཆོས་དྲུག་ཕྱག་ཆེན་གའུ་མ། སེམས་འཆི་མེད། ཡི་གེ་བཞི་པའི་ཁྲིད་རྣམས་གང་འོས་སུ་གནང་། བདེ་མཆོག་དྲིལ་བུ་པ། བདེ་མཆོག་ལྷ་ལྔའི་དབང་། རྡོ་རྗེ་དབྱུག་པའི་བཀའ། ནམ་མཁའ་སྒོ་འབྱེད་རྣམས་གནང་། ཚོགས་ཆོས་ལ་གཅོད་བཀའ་བརྒྱུད་དང་ཉམས་བརྒྱུད་ལ་སོགས་པ་གསུངས། སྔར་བས་གསུང་ལྷོད་པ། ངོ་མཚར་བའི་གསུང་ཐོ་རེ་བ་ཙམ་བྱོན། དགེ་བཤེས་རྒན་པ་རྣམས་སྔར་དང་ཆོས་གསུངས་མི་འདྲ་ཟེར་ཅིང་ཐེ་ཚོམ་བག་ཙམ་བྱུང་ཡང་ཞུ་བའི་གནད་གང་ཡང་མ་སྤོབས་སོ། །ཟླ་བ་ལྔ་པ་ཉི་རྩེ་ཤར་གྱི་ཆོས་ཞུ་བ་མང་བ་དང་། ཧོར་གྱི་མཇལ་འཕྲད་ཞུ་ཟེར་བ་བྱུང་། དེའི་ནུབ་མོ་ཚེམས་བསྙུང་། སྐུ་ཁམས་ཟི། གསོལ་མི་བདེ། སྐུ་ལུས་ལྗི་ཐིབ་བེ་བ་ཞིག་བྱུང་སྟེ། ཁྲིད་ཆོས་ཀྱི་འཕྲོ་དང་། གལ་པོ་ཆེ་རེ་རེ་ཙམ་མིན་པ་དབེན་པར་བཞུགས། སྐུ་ཁམས་གསོ་ཐུབ་བྱུང་། ཟླ་བ་ཕྱི་མའི་ཚེས་དྲུག་ལ་ཆགས་བཟུང་གི་དངོས་པོ་ཐམས་ཅད་ཡི་གེ་ལ་ཐོབ་གསུངས་སོ། །ཚེས་བརྒྱད་ལ་རྒན་པ་རྣམས་ཀྱིས་སྐུའི་རིམ་གྲོ་བག་ཙམ་བྱེད་པར་ཞུས་པས། སྔར་ནི་རིམ་གྲོ་ལ་མིང་བཏགས་ནས་དགེ་བ་བྱེད་མ་མྱོང་། ད་རུང་རྙེད་ལ་བརྟེན་ནས་བསོད་ནམས་བསགས་པ་འགལ་བ་མེད་པས། བསྙེན་བཀུར་ཐམས་ཅད་ནང་ནས་ཐོན་ལ་གཞན་ལ་ཁྲལ་སྡུད་མ་བྱེད། ངེད་ཀྱི་ཁམས་འདི་གླང་པོ་ཆེ་འདམ་ལ་བྱིང་བ་འདྲ་བ་ཞིག་ཡོང་གསུངས། དེ་ནས་སྨན་བླ། དོན་ཞགས། ཡིག་བརྒྱ། རྣམ་འཇོམས། ཆོས་སྐྱོང་། གཙུག་ཏོར་རྣམ་རྒྱལ། བླ་མ་སྒྲུབ་པ་ལ་སོགས་པའི་སྒྲུབ་མཆོད། མདོ་འབུམ་ཞལ་སྤྲོད་གསུང་མི་ཆད་པ་གཏོར་མ་འབུམ་ཐེར། ཆ་གསུམ་སོགས་དེར་བཞུགས་ཐམས་ཅད་ཀྱིས་འབད་པས་བཏོན་ནོ། །ཚེས་བཅུ་གཉིས་ལ་དཔོན་མོ་སྲས་མོ་བ་བྱོན་ནས་རིམ་གྲོ་པ་ཐམས་ཅད་ཀྱིས་བསྙེན་བཀུར་དང་། ཚོགས་སུ་ཆོས་སྟོན་མང་ཇ་དང་བཅས་པ་ངེད་ཀྱིས་བྱེད་གསུངས། གཞན་རྣམས་ཀྱིས་ཀྱང་བསྙེན་བཀུར་འབུལ་བ་ཡིད་བྱུང་བ་བྱས། ཚེས་བཅུ་བཞི་ལ་རིན་པོ་ཆེ་པའི་གསུང་ནས། ང་དང་པོ་ཤུལ་མེད་རྗེས་མེད་ཅིག་བྱ་བསམ་པ་ཡིན་ཏེ། ད་དེ་ཙུག་ཀྱང་མི་ཡོང་བར་འདུག །སྤྱིར་བུ་སློབ་ཐམས་ཅད་དང་ཁྱད་པར་ཞྭ་ལུ་པ་ཡབ་ཡུམ་གྱིས་སྔ་ཕྱི་བར་གསུམ་ཐ་མ་རྗེས་དང་བཞིར་སྐྱོ་ངལ་མེད་པའི་མོས་གུས་བྱས། ཁྲུང་ཁྲུང་དཀར་ལ་མཇུག་མ་ནག་པ་མ་བྱས། སྲས་མོ་པ་བྱོན། རིམ་གྲོ་བཟང་ལ་མང་བ་བྱས། ཞུ་བའི་བྱེད་ལུགས་འདི་ཚོ་ཡང་ཐུགས་ཉེ་བ་དང་རང་འདོད་མེད་པ་ཡིན། འདི་ཀུན་ཏུ་ཡང་གོ་ཆོད་པ་རེ་ཙམ་གྱིས་དབུ་མཛད་བྱས་ནས་དགེ་སྦྱོར་ཅི་འཕེལ་བལྟ་བ་ཡིན་མོད་གསུངས། སུ་འོས་པ་གདམས་པའི་ཆོད་ཆེ་བ་དྲུང་ནས་བྱིན་རླབས་ཀྱི་ཐུགས་བཅག་པ་གཅིག་ལ་གསུང་འབྱོན་པར་ཞུ་ཞུས་པས། མི་དྲུག་དཔང་པོར་བཞག་པའི་གསུང་ཡིག་བྱོན། སྐུ་ཞབས་སུ་བྱོན་པ་དང་ཀློག་གསུངས། འབུལ་བ་སྣ་ཐག་ཅན་འདི་རྣམས་བླ་མ་རྣམས་ཀྱི་གདན་ས། ཇོ་བོ་ཤཱཀྱའི་དྲུང་། ཆུ་ཞལ་གྱི་སྟོད་སྐོར་སྒོམ་གྲྭ་གཙང་མ་རྣམས་སུ་བསོད་ནམས་གང་ཆེ་ལ་ཐོངས་གསུངས། གསོན་པའི་སྤོང་ཐག །ན་བའི་རིམ་གྲོ། ཤི་བའི་དགེ་རྩ་ཡིན་ནོ་གསུངས། ཚེས་བཅོ་ལྔའི་ནུབ་མོ་རྟེན་འབྲེལ་འཆུག་ཡང་ཡང་གསུངས། ནང་པར་ལེགས་ཕྱོགས་ཀྱི་རྟེན་འབྲེལ་བསྒྲིག་པར་ཞུ་ཞུས་པས། རྟེན་འབྲེལ་ཡས་འགྲིགས་མ་འགྲིགས་གཉིས་ཡིན། ཁྱེད་བུ་སློབ་རྣམས་ཀྱི་ལུས་ངག་ཡིད་གསུམ་བླ་མའི་ཕྱོགས་སུ་བཏབ་སྟེ་ཆོས་དང་བསྟུན་ན། རྟེན་འབྲེལ་གྱི་རྒྱལ་པོ་བླ་མའི་གསུང་སྒྲུབ་བྱ་བ་ཡིན། དེས་བླ་མའི་བྱིན་བརླབས་འཇུག་པ་ཡས་འགྲིགས་ཡིན་གསུངས། ནུབ་གཅིག་མདང་འགྲོ་འདོད་པ་ཡིན་ཏེ་མི་དཀར་པོ་གཅིག་གིས་འགྲོ་ཡེར་མ་སྟེར་གསུངས། ལྷ་འདྲེ་མང་པོས་ཆོས་ཞུ་ཟེར་བ་དང་། མཇལ་ཟེར་བ་འདུག་པས་ཁམས་བཟི། ཕྱི་མི་གཅིག་ཀྱང་མ་གཏོང་གསུངས། ནང་གཅིག་ད་རེས་ཐབས་གང་གིས་ཀྱང་མི་བཟློག་པར་འདུག་སྟེ། འདི་ཀུན་གྱི་ལས་ལྷག་བསྡུས་ནས་ཕྱི་མ་ལ་ལུས་གཟུགས་སྐུ་དང་སེམས་ཆོས་སྐུར་འགྲོ་བར་གདའ་གསུངས། ཉི་ནུབ་ཀྱི་ཞབས་ཏོག་གང་ཞུས་ཀྱང་དེ་ཀ་ཞོག །གང་བྱས་ཀྱང་བདེ་རུ་མི་འགྲོ་བ་ནད་པའི་མལ་བྱ་བ་ཡིན་གསུངས། སངས་རྒྱས་སྟོན་པ་བྲག་དགོན་དུ་བསྙུང་བའི་ལོ་རྒྱུས་གཅིག་གསུངས། འོ་སྐོལ་ཡང་འོད་གསལ་ཁོར་ཡུག་གཅིག་ལ་རྟོག་པ་གཏད་དགོས་གསུངས་པ་དང་། རྗེ་དམ་པའི་ལོ་རྒྱུས་ཤིག་ཀྱང་གསུངས། ཚེས་བཅོ་བརྒྱད་ཀྱི་སྔ་དྲོ་ཚེས་དུ་ཡིན་གསུངས། བཅོ་བརྒྱད་ལགས་ཞུས་པས། དགེ་སློང་བཀྲིས་མགོན་ལ་མཆོད་པ་བཟང་པོ་ཤོམས་གསུངས་པ་དེའི་དྲོ་བར་ཙམ་ན། སློབ་དཔོན་ཁྲ་སྟོན་ལ་སོགས་པའི་མི་ལྔ་ཡིས་སྐུ་ཚེ་རིང་བའི་རྟེན་འབྲེལ་བསྒྲིག་པར་ཞུས་པས། ཧ་ཧ་དེ་ཀ་ཡིན་མོད་གསུངས་ནས་མ་གནང་། དེ་དུས་སུ་ཞིང་ཁམས་གང་དུ་གཤེགས། གསོལ་བ་གང་དུ་འདེབས་ལགས། ཆོས་བརྒྱུད་དང་སློབ་བརྒྱུད་དར་བར་ཐུགས་རྗེས་གཟིགས་པར་ཞུ་བྱས་ཤིང་ཕྱག་འཚལ་བས། སྐུ་སེང་མཛད་ནས་ཁ་ཏ་མི་རེ་ལ་སྔར་བྱས་པ་དེ་ཀ་ཡིན་མོད། སེམས་ངོ་འཕྲོད་པ་ཡིན་ན་གསོལ་བ་གཞན་དུ་གདབ་མི་དགོས།
རྣལ་འབྱོར་ཆེ་མཆོག་ཧེ་རུ་ཀ །ཡུལ་ཕྱོགས་གང་ན་གནས་གྱུར་བ། །ཡུལ་དེ་ཡོངས་སུ་བཏག་པ་ཡིན།
།ཞེས་གསུངས་པས་བླ་མ་དང་འདུ་འབྲལ་མེད་ཀྱི་གསུངས། རབ་ལ་དེ་ལྟར་ལགས་ཀྱང་། འབྲིང་མན་ཆད་ལ་དམིགས་གཏད་ཅན་རེ་གསུང་བར་ཞུ་ཞུས་པས། ད་རེས་བདེ་བ་ཅན་དུ་འདུན་པ་བཏང་སྨོན་ལམ་བཏབ་པ་ཡིན་པས་དེར་ཐོབ་གསུངས། ངེད་ལ་འཁོས་ཀ་ཙམ་མི་འདུག་སྟེ། ཐམས་ཅད་ཀྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཡིན་མོད་གོའམ་གསུངས། བཅུ་དགུའི་དགོང་མོ་དབུགས་མི་བདེ་བ་འདུག་གེ་གསུངས། གཞན་མི་གདའ། ནང་དུ་ཡུན་རིང་དུ་ཞུགས་ནས་ཕྱི་རུ་མི་འབྱུང་བ་ཡོང་ཞིང་གདའ། དེ་ཅི་ལགས་ཞུས་པས། རླུང་དབུ་མར་འཇུག་པའི་རྟགས་ཡིན་གསུངས། དེ་ནས་རེ་ཞིག་ནས་བླ་མ་གོང་མ་རྣམས་བྱོན་པ་དང་། མི་མ་ཡིན་གྱི་རྣམ་འགྱུར་ལ་སོགས་པ་ཅི་འདྲ་འདོག་ལགས་སམ། བདག་ཅག་རྣམས་ཀྱིས་ནི་གང་ཡང་མི་ཤེས་པར་གདའ། ཐད་ཀར་བསམ་པའི་གསུང་གསལ་འདྲ་འབྱོན་པར་ཞུས་པས། ཟ་ཟི་འདྲ་འདུག་སྟེ་འདི་ཡིན་ཙམ་མེད་ཀྱི་གསུངས། ཉི་ཤུ་གསུམ་ལ་སྐུ་ཞང་པའི་ཞུ་ཡིག་འདམ་ནས་ཕུལ་བ་དང་། མཆེད་གྲོགས་རྣམས་ལ་ཞལ་བཀོད་ཀྱི་གསུང་ཡིག་སྙན་དུ་ཕུལ་བས་ཤིན་ཏུ་མཉེས། ཁོང་པའི་ཐུགས་དགོངས་བཞིན་གོས་སྟན་ཆ་གཅིག་མིན་པ་ཐམས་ཅད་ཐོངས་གསུང་པའི་ཞལ་བཀོད་བཞིན་བསྒྲུབས་སོ། །ཉི་ཤུ་བཞིའི་ནུབ་མོ་དེ་ནུབ་ནས་ཕྱི་ནང་གི་འགྲུལ་བསྡོམས། སྟེར་སློང་རྒྱུན་ཆོད། ཕྱི་ནས་ར་ཏི་གཅིག་ཀྱང་མ་ལེན། ཁྱེད་ཚོ་ཡང་འགྲོ་འདུག་མ་བྱེད། སྒོམ་ཆེན་པ་རྣམས་མཚམས་ལ་ཚུད་པར་གྱིས། ང་ཡང་དགེ་སྦྱོར་གྱི་ངང་ནས་ན་རོགས་ཤི་རོགས་གཞན་མི་ཚོལ། འདི་ཀ་ལ་ཉལ་བ་ཡིན་ནོ་གསུངས། དེར་དགེ་སློང་རྒྱལ་བ་དཔལ་གྱི་དབུ་མཛད་པའི་མི་གསུམ་གྱིས་ཕྱག་ཡང་ཡང་འཚལ་ཞིང་སྐུ་ཁམས་འདི་ཤིན་དུ་བསྐྱེད་ཆུང་བར་གདའ། གདུལ་བྱ་རྗེས་སུ་འཛིན་པའི་གདུང་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་རྟགས་འདྲ་ཐུགས་ལ་འདོགས་པར་ཞུ་ཞུས་པས། དེའི་ཁ་ན་ཙམ་མེད། ཕུང་པོ་འདི་སྦྱོངས་ལ་དེའི་རུས་པ་འདི་ཉིད་ཆུ་དང་གཙང་ཆུ་ལ་ཐོངས། ཕྱི་རྟེན་དང་ནང་རྟེན་མི་དགོས་གསུངས། ཡང་བསྐྱར་གཅིག་ཞུས་པས། འོ་ན་ཁྱེད་རང་ཞེ་ཐག་པ་ནས་གསོལ་བ་ཐོབ། ཐོ་རེ་ཙམ་ཞིག་བཞག་གིས་གསུངས། ཕྱི་རྟེན་ནང་རྟེན་མཛུབ་གང་བས་ཆེ་བ་མ་བྱེད། བྱས་ན་དམ་ཚིག་དང་འགལ་ལོ་གསུངས། དེའི་དགོང་མོ་གསུང་གསལ་མ་བྱོན་པའི་ཕྱག་བརྡ་འགའ་མཛད། དེའི་ནང་པར་ནས་གསུང་ཙམ་མང་པོ་མི་འབྱོན། གསོལ་ཟས་ཙམ་ཡང་མི་གསོལ་བར། གཟིམས་མལ་ཡང་མི་སྤོ། སྐུ་གཟི་མདངས་དང་ལྡན་པ་བསྙུང་བའི་ཚུལ་མེད་པ་ལྟ་བུ་གདའ་འོ། །དེའི་དུས་སུ་ངོ་མཚར་བའི་རྟགས་ཉེ་རིང་ཀུན་ལ་མངོན་དུ་གྱུར་པ་མང་པོ་དང་། མཁའ་འགྲོ་མའི་བསུ་མ་ལ་སོགས་པ་ངོ་མཚར་བའི་རྟགས་མང་ཞིག་བྱ་བ་ཐོས་སོ། །དེ་ནས་དབྱར་ཟླ་ར་བའི་ཉི་ཤུ་དགུའི་སྐར་མ་རྒྱལ་སྨད་ལ་བབ་པའི་ཉིན་མོར་ཉི་མ་རི་མཐོའི་རྩེ་ལ་ཤར་བའི་ཚེ། སྐུའི་མཛད་པ་ཆོས་ཉིད་ཀྱི་ངང་དུ་གཤེགས་སོ། །ཞེས་པ་དེ་རྣམས་ཞབས་ཏོག་བྱེད་པ་རྣམས་ལ་གསུང་བྱོན་པ་རྣམས་རགས་རིམ་ཡི་གེར་བཀོད་པའོ། །སརྦ་དཱ་ཀ་ལྱཱ་ཎ་བྷ་ཝནྟུ།། །།