Nag po chen po'i bstod pa chos dbyings spros bral ma
Resource ID | Gönkar14 |
---|---|
Title | nag po chen po'i bstod pa chos dbyings spros bral ma |
Topics | White protector |
Sub-Topics | Praise |
Author | Mokchokpa Künga Ö |
Link | BDRC W23681 (p. 246) |
༄༅། །ནག་པོ་ཆེན་པོའི་བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་ཞེས་བྱ་བ་བཞུགས།
ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་སྤྲོས་དང་བྲལ་བའི་རང་བཞིན་ལས། །གདུག་པ་འདུལ་ཞིང་བར་ཆད་སྲུང་བའི་ཕྱིར། །འཇིགས་བྱེད་འཇིགས་པར་བྱེད་པའི་རྣམ་འཕྲུལ་གྱིས། །ཐུགས་དམ་རྗེས་སུ་སྐྱོང་ལ་བདག་བསྟོད་དོ།
།སྒེག་ཅིང་དཔའ་གཏུམ་མི་གདུག་གཟུགས་འཆང་བ། །འཇིགས་པའི་ཆ་ལུགས་བསྐལ་པའི་མུན་རིམ་བཞིན། །མཐིང་ནག་རབ་འབར་རྣམ་འགྱུར་ཅི་ཡང་སྟོན། །ཁྲོ་གཏུམ་གཤིན་རྗེའི་གཤེད་ལ་བདག་བསྟོད་དོ།
།རྒོད་དང་དྲག་ཤུལ་འཇིགས་སུ་རུང་བ་ཡི། །ཧཱུྃ་དང་ཕཊ་ཀྱིས་ལོག་འདྲེན་སྙིང་རབ་འགས། །ཧ་ལ་ཧ་ལའི་གད་མོས་འཇིག་རྟེན་གཡོ། །རབ་བརྗིད་འབྲུག་སྒྲ་སྒྲོགས་ལ་བདག་བསྟོད་དོ།
།སྙིང་རྗེ་རྔམ་ཞིང་ཞི་བའི་རང་བཞིན་ལས། །སྒྲིབ་གཉིས་བག་ཆགས་སྤྲོས་པའི་ཕྱོགས་ལས་དབེན། །འགྲོ་འོང་སྐྱེ་བའི་འཕོ་འགྱུར་མེད་པའི་ཀློང༌། །དུས་གསུམ་རྣམ་པར་གཟིགས་ལ་བདག་བསྟོད་དོ།
།གང་གིས་ཁྱེད་ལ་གུས་པས་གསོལ་བཏབ་ན། །མཆོག་དང་ཐུན་མོང་དཔལ་འབྱོར་དགོས་འདོད་ཀུན། །དབང་གི་རྒྱལ་པོ་ལས་ཀྱང་ལྷག་པར་འགྱུར། །ཡོན་ཏན་མི་ཟད་གཏེར་ལ་བདག་བསྟོད་དོ།
།བདུད་བཞི་དྲེགས་པ་གདུག་པའི་ཚོགས་པ་ལ། །གནམ་ལྕགས་རལ་གྲི་གངས་རིའི་ཆར་ཕབ་ནས། །སྐད་ཅིག་ཉིད་ལ་བསྒྲལ་ནས་རྗེས་སུ་འཛིན། །ཕྲིན་ལས་ཐོགས་པ་མེད་ལ་བདག་བསྟོད་དོ།
།གཏོར་མ་རྒྱ་ཆེན་འབུལ་གྱི་མི་དགེ་བཤགས། །ཉིད་ཀྱི་ཟག་མེད་དགེ་ལ་རྗེས་ཡི་རང༌། །འགྲོ་བའི་དོན་དུ་བཀའ་སྒྲུབ་སྐྱོང་བ་ལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས།
།ས་བཅུའི་མངའ་བདག་བྱང་ཆུབ་སེམས་དཔའ་ཁྱོད། །བསྟན་པ་བསྲུང་ཞིང་འགྲོ་བ་འདུལ་བའི་ཕྱིར། །སྔོན་གྱི་ཐུགས་དམ་ཞལ་གྱིས་བཞེས་པ་རྣམས། །དྲན་པར་མཛོད་ལ་ཡུད་ཙམ་བདག་ལ་དགོངས།
།ཐུབ་པའི་བསྟན་པ་སྣུམ་ཟད་མར་མེ་བཞིན། །དམ་པ་རྣམས་ནི་ཉིན་སྐར་རུས་སྦལ་སྤུ། །བླུན་པོ་བཀུར་ཞིང་མཁས་བཙུན་རིང་དུ་བསྲིངས། །ཡང་དག་ཆོས་ནུབ་ཆོས་མིན་དར་བའི་དུས།
།ལམ་ཞུགས་ཕལ་ཆེར་བདུད་ཀྱི་ཞགས་པས་ཟིན། །ཁྱེད་ཀྱི་ཕྲིན་ལས་ནུས་པ་ཟད་དམ་ཅི། །ཀྱེ་མ་བདག་གིས་མ་བཟོད་ཞུས་པའི་དོན། །རྡོ་རྗེ་གཏུམ་མཆོག་ཁྱོད་ལ་གསོལ་འདེབས་ཀྱི།
།ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་མཆོག །ཉིན་མོའི་པདྨོ་བཞིན་དུ་རྒྱས་པ་དང༌། །བཀའ་བཞིན་སྒྲུབ་པའི་སྐྱེས་མཆོག་དམ་པ་རྣམས། །སྐུ་ཁམས་བཟང་ཞིང་དོན་གཉིས་མཐར་ཕྱིན་མཛོད།
།ཡུལ་ཁམས་ཀུན་ཏུ་དུས་ངན་འཐབ་རྩོད་ཞི། །ནད་དང་ཉེར་འཚེ་མུ་གེ་མེད་པ་དང༌། །སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་གྱུར་ནས། །མྱུར་དུ་སྲིད་ཞིའི་མཐའ་ལས་གྲོལ་བར་མཛོད།
།བླ་མའི་སྐུ་དགྲ་བསྟན་པའི་དཀྲུགས་ཤིང་བྱེད། །བསྒྲལ་བའི་ཞིང་དུ་གྱུར་པའི་མ་རུངས་རྣམས། །རྩད་ནས་བཅད་ནས་མ་ནོར་ལམ་མཆོག་ཏུ། །གཞུག་ཅིང་དོན་ཆེན་འགྲུབ་པའི་ལས་མཛོད་ཅིག
།མགོན་པོ་མཆོག་ལ་བསྟོད་ཅིང་གསོལ་བཏབ་པས། །བདག་ནི་སྒྱུ་ལུས་འདི་ལ་བརྟེན་ནས་སུ། །ས་ལམ་མཐར་ཕྱིན་ཕྲིན་ལས་རྣམ་བཞི་ཡིས། །འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམ་པར་ཤོག
།ནག་པོ་ཆེན་པོའི་བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་ཞེས་བྱ་བ་འདི། ཀུན་དགའ་འོད་ཀྱིས་རྨོག་ལྕོག་འོད་གསལ་གྱི་གཞལ་ཡས་ཁང་དུ་ཆོས་སྐྱོང་དང་ཞལ་མཇལ་དུས་བསྟོད་ཅིང་གསོལ་བ་བཏབ་པ་ཡིན་ནོ།།