Ni gu'i brgyud pa'i gsol 'debs e yig chos 'byung ma
Resource ID | SCv10p697 |
---|---|
Title | nai gu'i brgyud pa'i gsol 'debs |
Alt. title | nai gu brgyud pa'i gsol 'debs rin po che blo gros kun dga' grol mchog gis mdzad pa |
Topics | Lineage prayer |
Author | Künga Drölchok, Nenyingpa Aï Sengé, Lekpa Gyeltsen |
Link | BDRC W23922 BDRC W3CN18508 (v2p674) BDRC W1PD45495 (v39p202) |
Notes | Author: Künga Drölchok in W3CN18508 v2p674. Author: Nenyingpa Aï Sengé and Lekpa Gyeltsen in Catalog of Jamgön Kongtrül |
༄༅། །ནཻ་གུའི་བརྒྱུད་པའི་གསོལ་འདེབས་༼ཨེ་ཡིག་ཆོས་འབྱུང་༽བཞུས་སོ།།
།ཨེ་ཡིག་ཆོས་ཀྱི་འབྱུང་གནས་ཕོ་བྲང་དུ། །ཨ་དཀར་ཟག་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །ཨ་བྷི་ཥིཉྩ་སེམས་ཀྱི་དྲི་མ་འཁྲུད། །ཨ་ཧཾ་མི་ཕྱད་བདེ་སྟོང་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།དག་བྱེད་སྟོང་རའི་རྣལ་འབྱོར་སྒོམས་པའི་མཐུས། །འགལ་རྐྱེན་ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །མཐུན་རྐྱེན་རྟགས་གསུམ་ཅི་རིགས་ཤར་ནས་ཀྱང་། །ཏིང་འཛིན་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས།
།མི་རྟོག་གཏུམ་མོས་རྣམ་རྟོག་བུད་ཤིང་བསྲེག །བདེ་བའི་གཏུམ་མོས་སྡུག་བསྔལ་ཚང་ཚིང་འཇོམས། །ཟུང་འཇུག་གཏུམ་མོ་ཡེ་ཤེས་མེ་ལྕེ་འབར། །གཏུམ་མོ་མཐར་ཕྱིན་མཁའ་འགྲོ་ནཻ་གུ་མ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།ཟས་དང་གོས་དང་སྟན་གྱིས་རྣལ་འབྱོར་གྱིས། །སྤྱོད་ལམ་ཀུན་ཏུ་གཏུམ་མོ་འབྲལ་མེད་ཅིང་། །སྲིན་པའི་དབང་ཐོབ་གེགས་ཀུན་རང་སར་གྲོལ། །རླུང་འབྱོངས་བདེ་དྲོད་འབར་བར་བྱིན་གྱིས་རློབས།
།སྣང་བ་སྒྱུ་མར་རྟོགས་པས་ཆགས་སྡང་གྲོལ། །རང་སེམས་སྒྱུ་མར་ཤར་བས་འཁྲུལ་པ་དག །རྨི་འཛིན་རསྒྱུ་མར་གསལ་བས་འོད་གསལ་ཤར། །སྒྱུ་མའི་དོན་རྟོགས་ཁྱུང་པོ་རྣལ་འབྱོར་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།ཡང་རབ་བླ་མའི་མོས་གུས་འབྲལ་མེད་ཅིང་། །འབྲིང་གི་བརྗོད་བྲལ་བར་མ་ཆད་དུ་བསྒོམ། །ཐ་མས་ཀུན་ཀྱང་སྒྱུ་མར་སྦྱངས་ནས་ནི། །ཞེན་མེད་རང་སར་གྲོལ་བར་བྱིན་གྱིས་རློབས།
།རྨི་ལམ་ལྟ་བུར་ཆོས་ཀུན་ཐུགས་སུ་ཆུད། །རྨི་ལམ་ཉིད་ཀྱང་བདེན་མེད་སྒྱུ་མར་གཟིགས། །རྨི་ལམ་སྒྱུ་མའང་འོད་གསལ་གནས་འགྱུར་ཏེ། །རྨི་ལམ་མཐར་ཕྱིན་མཉམ་མེད་རྨོག་ལྕོག་པ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།འདུན་པའི་གནད་ཀྱིས་རྨི་ལམ་བཟུང་ནས་ནི། །སྦྱང་དང་སྤེལ་དང་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས། །ཡུལ་སྣང་རྣམ་བཞི་གཏན་ལ་ཕབ་ནས་ཀྱང་། །གསལ་སྟོང་འཛིན་མེད་འཆར་བར་བྱིན་གྱིས་རློབས།
།གསལ་སྟོང་ཞེན་མེད་འོད་གསལ་རང་ཤར་གྱིས། །ཟབ་ཞི་སྤྲོས་བྲལ་འོད་གསལ་མཐར་སྦྱངས་ནས། །བདེ་ཆེན་མཐར་ཐུག་འོད་གསལ་མངོན་འགྱུར་ཏེ། །འོད་གསལ་དག་པ་གཉིས་ལྡན་སྐྱེར་སྒང་པ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།འོད་གསལ་བཟུང་ཞིང་ལམ་དུ་འཁྱེར་བ་དང་། །བསྲེ་འཕོའི་གནད་ཀྱིས་གེགས་སེལ་བོགས་འདོན་ཞིང་། །དམ་ཚིག་མ་ཉམས་འཆར་སྒོ་ངོས་ཟིན་ནས། །འོད་གསལ་ཉམས་མྱོང་འབྱོངས་པར་བྱིན་གྱིས་རློབས།
།ཆོས་སྐུར་འཕོ་བས་སྒྱུ་མ་ལམ་དུ་འཁྱེར། །ཟུང་འཇུག་འཕོ་བས་ཡི་དམ་ལམ་དུ་འཁྱེར། །བྱིན་རླབས་འཕོ་བས་བླ་མ་ལམ་དུ་འཁྱེར། །འཕོ་བའི་ལམ་ལ་མངའ་བརྙེས་གཉན་སྟོན་པ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།ལམ་འཁྱེར་གསུམ་གྱིས་འཕོ་བ་མཐར་ཕྱིན་ནས། །འཆུག་མེད་མཁའ་སྤྱོད་གནས་སུ་འཁྲིད་པ་དང་། །མཐར་ཐུག་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།
།རྨི་ལམ་བར་དོར་སྤྲུལ་སྐུ་མཐར་སྦྱངས་པས། །སྐྱེ་ཤི་བར་དོར་འོད་གསལ་རྒྱུན་ཆད་མེད། །སྲིད་པ་བར་དོར་རང་ཤར་ལྷུན་གྱིས་གྲུབ། །བར་དོ་རང་དག་ཆེན་པོ་སྟོན་པ་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།འཇིགས་པའི་སྒྲ་བཞི་ཡ་དའི་གཡང་ས་སོགས། །བར་དོའི་འཕྲང་དུ་འཆུག་མེད་ཐབས་ཀྱི་གནད། །སྤྱི་གནར་གསུམ་གྱིས་འཇིགས་པ་རང་སར་དག །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས།
།ཕྱི་རོལ་ཡུལ་རྣམས་སྣད་སྟོང་རྒྱས་བཏབ་ཅིང་། །ནང་གི་སེམས་ཉིད་གསལ་སྟོང་རྒྱ་ཡིས་བཏབ། །རང་ལུས་ཆོས་ཀུན་བདེ་སྟོང་རྒྱས་བཏབ་ནས། །ཕྱག་རྒྱ་ཆེན་པོའི་ངོན་རྟོགས་ཤངས་སྟོན་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།སྔོན་འགྲོ་རང་བབས་རྣམ་གསུམ་གནད་ལ་དབབ། །དངོས་གཞི་སྐྱོན་བཞི་ལས་གྲོལ་ཉམས་ལེན་གྱིས། །མཐར་ཐུག་སྐུ་བཞི་རང་ཤར་ལྷུན་གྱིས་གྲུབ། །ཕྱག་ཆེན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས།
།སྣང་བའི་རོལ་པ་བླ་མའི་ཡི་དམ་སྐུ། །གྲགས་སྟོང་བརྗོད་བྲལ་ཡན་ལག་དྲུག་བཅུའི་གསུང་། །གསལ་སྟོང་འཛིན་མེད་བདེ་གསལ་མི་རྟོག་ཐུགས། །ཁམ་འཁྱེར་མཐར་ཕྱིན་ཁྱུང་པོ་ཚུལ་ཁྲིམས་མགོན། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།སྤྱོད་ལམ་ཀུན་ཏུ་སྣང་བ་སྣ་ཚོགས་ཀུན། །བླ་མ་ཡི་དམ་སྒྱུ་མ་ལམ་ཁྱེར་ནས། །སེམས་ཉིད་འོད་གསལ་འཛིན་མེད་གནད་ཀྱིས་ནི། །མཚན་རྟོག་རང་སར་གྲོལ་བར་བྱིན་གྱིས་རློབས།
།མཁའ་འགྲོའི་དབང་མོ་བྱེ་བའི་ཞལ་གྱིས་ལུང་། །མཁའ་འགྲོའི་དབང་ཕྱུག་མཆེད་ལ་ལེགས་བརྒྱུད་པའི། །མཁའ་འགྲོའི་གསང་ཚིག་ནཻ་གུ་སུ་ཀའི་ཆོས། །མཁའ་འགྲོའི་རྗེས་བཟུང་མཚན་ལྡན་རི་ཁྲོད་པ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།མཁའ་སྤྱོད་དཀར་དམར་བསྐྱེད་རྫོགས་ཟུང་འཇུག་ལམ། །མཁའ་སྤྱོད་རིལ་བུའི་སྒྲུབ་པ་མཐར་ཕྱུང་ནས། །མཁའ་སྤྱོད་འཕོ་བའི་ཏིང་འཛིན་ཉེ་ལམ་གྱིས། །མཁའ་སྤྱོད་ཞིང་དུ་བགྲོད་པར་བྱིན་གྱིས་རློབས།
།རང་ལུས་ལྷ་སྐུ་སྣད་སྟོང་མཐའ་དང་བྲལ། །སེམས་ཉིད་འཛིན་མེད་འོད་གསལ་ལྷུན་གྱིས་གྲུབ། །འཆིང་བར་བྱེད་པའི་རང་སར་དག་གྱུར་ཏེ། །འཆི་མེད་དོན་རྟོགས་མཁྱེན་ལྡན་ཤངས་དཀར་བ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།བློས་བྱས་རྩོལ་བའི་དྲི་མས་མ་གོས་ཤིང་། །ཐ་མལ་ཞེན་པའི་འཛིན་པ་རང་དག་ནས། །སྣང་ལ་རང་བཞིན་མེད་པ་ལྷའི་སྐུ། །རང་སེམས་འཆི་མེད་རྟོགས་པར་བྱིན་གྱིས་རློབས།
།བར་དོའི་སྲིད་པ་ལག་མཐིལ་སྤུ་ཇི་བཞིན། །མ་འདྲེས་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །སྙིང་རྗེས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །ཐར་པའི་ལམ་དུ་འཁྲིད་མཛད་སངས་རྒྱས་དཔལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།རྣམ་མང་འགྲོ་བའི་སྐྱེ་སྒོ་མཐའ་ཡས་པ། །རྣམ་དག་ལྷའི་འཁོར་ལོས་ལེགས་སྦྱངས་ནས། །རྣམ་པར་མྱོང་བའི་ལས་སྒྲིབ་ཀུན་བསལ་ཏེ། །འཆུག་མེད་ལོངས་སྐུ་ཐོབ་པར་བྱིན་གྱིས་རློབས།
།རོ་རྐྱང་ཉི་ཟླའི་བགྲོད་པ་ངྷུ་ཏི་རུ། །ཡོངས་སུ་འཇུག་པའི་བཙན་ཐབས་སྦྱོར་བ་ཡིས། །ལས་རླུང་རྒྱུ་བའི་གྲོང་ཁྱེར་ཀུན་བཅོམ་པའི། །གྲུབ་པའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།ཕྱག་རྒྱ་བཅིང་གྲོལ་བུམ་ཅན་ཤིང་རྟ་ཅན། །ལུས་སེམས་འཆི་མེད་གྲུབ་པའི་འཁྲུལ་འཁོར་གྱིས། །ཆགས་ཅན་རྣལ་འབྱོར་ཕོ་ཉའི་མྱུར་ལམ་ལས། །འཇའ་ལུས་མངོན་སུམ་འགྲུབ་པར་བྱིན་གྱིས་རློབས།
།ཞི་བའི་དབྱིངས་ལས་ཐུགས་རྗེ་ཁྲོས་པའི་གར། །མྱུར་མཛད་ཡེ་ཤེས་མགོན་པོའི་སྐུར་བཞེངས་ནས། །བར་ཆད་བདུད་དཔུང་གཡུལ་ལས་ལེགས་རྒྱལ་བའི། །རྒྱ་སྒོམ་བླ་མ་མགོན་པོ་དབྱེར་མེད་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།ལས་བཞིའི་ཕྲིན་ལས་སྒྲུབ་པའི་བསྲུངས་མའི་ཚོགས། །དུས་ལས་མི་འདའ་བྲན་དུ་འཁོལ་ནུས་ཤིང་། །སྲིད་འཕེལ་ཕན་བདེའི་དཔལ་གྱིས་བསྐལ་བཟང་རྣམས། །རེ་བ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།
།དུས་གསུམ་རྒྱལ་བའི་ཐུགས་བསྐྱེད་རྨད་བྱུང་དང་། །རྒྱལ་སྲས་སེམས་དཔའི་རླབས་ཆེན་མཛད་པ་དང་། །བསྟན་འཛིན་སྐྱེས་བུ་ཀུན་གྱི་ལྟ་སྤྱོད་ལ། །རྗེས་སུ་ཡི་རང་མཐར་ཕྱིན་གྲོལ་མཆོག་ལ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས།
།ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་དང་། །ཐར་པའི་ལམ་མཆོག་ཡང་དག་དམ་པའི་ཆོས། །ཐར་པའི་ལམ་དུ་ཆས་པའི་མཆེད་གྲོགས་ལ། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས།།
རྩ་བ་ནེ་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་ཀྱི་གོ་རིམས་བཞིན་སྦྱར།།
BDRC W1PD45495 (v39p202):
འདིའི་ཁ་སྐོང་རྗེ་ཚུལ་ཁྲིམས་ཀྱིས་མཛད་པ་ནི།
སྔོན་གོམ་སྨོན་ལམ་བཟང་པོའི་ལེགས་བྱས་ཀྱིས། །ཉེར་གྲངས་མཁའ་འགྲོའི་སྙན་རྒྱུད་བདུད་རྩིའི་བཅུད། ཁྱོད་ཐུགས་རིན་ཆེན་བུམ་བཟང་ཆུད་སོར་ལྡེམས། །ཆོས་དྲུག་མཐར་ཕྱིན་ངག་དབང་བློ་གྲོས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།སྒྲིབ་གཉིས་བག་ཆགས་འཐུག་པོའི་ནོན་པའི་དྲི། །ཆོས་དྲུག་ཆབ་ཀྱིས་ལྷག་མེད་འཁྲུད་པ་དང་། །འགྲོ་བའི་ནད་གསོ་སྦས་པའི་རྣལ་འབྱོར་གྱིས། །རང་གཞན་སྨིན་ཞིང་གྲོལ་བར་བྱིན་གྱིས་རློབས།
ཁྱོད་གསུང་ཐུགས་ཀྱི་ཉིང་ཁུ་འཛིན་པ་ལ། །མཁྱེན་རབ་ཐུགས་རྗེས་ནམ་ཡང་མི་དོར་ཞིང་། །སངས་རྒྱས་ཀུན་ལས་ལྷག་པའི་བརྩེ་བ་ཅན། །རྡོ་རྗེ་འཆང་ཆེན་ངག་དབང་འཇམ་དབྱངས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།རྣམ་ཀུན་རྩ་རྒྱུད་བླ་མའི་རྣམ་ཐར་ལ། །མི་ཕྱེད་དད་པའི་རྗེས་འཇུག་སྙིང་ཁོང་ནས། །རྩེ་གཅིག་གུས་པའི་གསོལ་བ་བཏབ་པའི་མཐུས། །ཟབ་ལམ་མཐར་ཕྱིན་མཁའ་སྤྱོད་བསྒྲོད་པར་ཤོག
།བཀའ་དྲིན་འཁོར་མེད་རྒྱལ་བ་རྡོ་རྗེ་འཆང་། །བཅུ་གསུམ་སྙིང་པོའི་དོན་རྩོལ་སྒྲོལ་བའི་མགོན། །སྙིགས་མའི་དུས་འདིར་འདྲེན་མཆོག་ཆོས་ཀྱི་རྗེ། །ཀིརྟི་དྷརྨ་ཝརྟིའི་མཚན་ཅན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
ཁྱེད་ཀྱི་ཟབ་གསུང་ཆོས་དྲུག་བདུད་རྩིའི་རོ། །བདག་བློ་མ་དག་འཛིན་རྟོག་ཀུན་བཀྲུས་ཏེ། །འཁོར་བ་གནས་འགྱུར་ཡེ་ཤེས་མངོན་མཐོང་བའི། །ཧེ་རུ་ཀ་ཉིད་ཐོབ་པར་བྱིན་གྱིས་རློབས།།
།།ཞེས་སོ། །བཀྲ་ཤིས། །