Ni gu'i chos spyod ngag 'don gyi rim pa

From Shangpa Resource Center








Resource ID SCv10p675
Title zab lam ne gu'i gser chos kyi 'jug ngogs chos spyod ngag 'don gyi rim pa nges gsang snying po'i sgo 'byed
Topics Six doctrines of Niguma
Sub-Topics Preliminary practices
Author Rigdzin Tsewang Norbu
Link BDRC W23922

༄༅། །ཟབ་ལམ་ནེ་གུའི་གསེར་ཆོས་ཀྱི་འཇུག་ངོགས་ཆོས་སྤྱོད་ངག་འདོན་གྱི་རིམ་པ་ངེས་གསང་སྙིང་པོའི་སྒོ་འབྱེད་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། ན་མོ་གུ་རུ།
ཕ་བླ་མ་ལ་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཅིག
།ངེས་པ་དོན་གྱི་མཐར་ཐུག་པ། །གསང་བ་སྔགས་ཀྱི་སྙིང་པོའི་བཅུད། །སྟོན་མཛད་རྡོ་རྗེ་སློབ་དཔོན་ལ། །ཕྱག་འཚལ་ཐུགས་ཡིད་དབྱེར་མེད་ཤོག
།ཟབ་ལམ་ནི་གུའི་མན་ངག་གི །ཉམས་ལེན་ཆོས་སྤྱོད་ངག་འདོན་གང་། །འཇུག་པ་བདེ་ཕྱིར་འདིར་བཀོད་ན། །བླ་མ་ལྷ་ཡིས་བྱིན་གྱིས་རློབས།
།འདིར་ཟབ་ལམ་ནི་གུའི་གསེར་ཆོས་ཉམས་སུ་ལེན་པའི་འཇུག་ངོགས་རྣལ་འབྱོར་ཆོས་སྤྱོད་ངག་འདོན་དུ་བྱ་བའི་རིམ་པ་ལ་གསུམ་སྟེ།
སྔོན་འགྲོ་སྐྱབས་སེམས་མཎྜལ་ཐུན་མོང་ཆོས། ཐུན་མིན་དག་བྱེད་སྟོང་རའི་གསོལ་འདེབས་དང་། །བྱེ་བྲག་གསོལ་འདེབས་བླ་མའི་རྣལ་འབྱོར་ཡིན། །རྗེས་སུ་སྨོན་ལམ་བཀྲ་ཤིས་བསྔོ་བའོ།
།དེ་ཡང་དང་པོ་ལ་གསུམ་གྱི་ཐོག་མར་སྐྱབས་སུ་འགྲོ་བ་ནི།
རང་ཉིད་གང་དུ་གནས་པའི་ཁང་ཁྱིམ་དང་། །ཡུལ་ཕྱོགས་ཀུན་ཀྱང་དག་པའི་ཞིང་དུ་མོས། །མདུན་མཁར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་དམ་པའི་སྐུ་དེ་ཀ །བཀྲག་མདངས་གཟི་བཇིད་འོད་དུ་འབར་བ་ཡིས། །དགྱེས་པའི་ཞལ་རས་འཛུམ་བཅས་བདག་ལ་གཟིགས། །དེ་ནི་མཆོག་གསུམ་རྩ་གསུམ་ཀུན་འདུས་ཏེ། །སྤྱི་དཔལ་རྩ་བའི་བླ་མ་མཁྱེན་སྙམ་བྱ། །དེ་ལ་རང་གི་ཚེ་འདིའི་ཕ་མ་དང་། །གནོད་བྱེད་དགྲ་བགེགས་ཡུལ་གནས་གཞི་བདག་གི །གཙོ་བྱས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །རང་དང་ལྷན་ཅིག་སྐྱབས་འགྲོ་བྱེད་པར་བསམ།
།ངག་ཏུ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་བ་ལགས་སོ།
།ཞེས་ཅི་ནུས་བརྗོད་ཅིང་སྐྱབས་འགྲོའི་འདུན་པ་དྲག་པོས་གདུང་གདུང་བ་རྒྱུན་ཆགས་སུ་བྱ། །ཐུན་མཐར་བླ་མ་འོད་དུ་ཞུ་རང་ལ་ཐིམ། དབྱེར་མེད་བསམ་ངང་ཅུང་ཟད་མཉམ་པར་བཞག
།གཉིས་པ་སེམས་བསྐྱེད་པ་ནི། མཁའ་ཁམས་ཡོང་ཁེངས་སེམས་ཅན་འདི་ཐམས་ཅད། །བདག་གི་དྲིན་ཅན་ཕ་མར་མ་གྱུར་མེད། །འདི་རྣམས་བདེ་འདོད་སྡུག་བསྔལ་སྙིང་རེ་རྗེ། །དེས་ན་བདེ་བ་དམ་པར་འགོད་བྱའི་ཕྱིར། །བདག་གིས་སངས་རྒྱས་གོ་འཕང་ཐོབ་བྱ་སྟེ། །དེ་ཡང་དམ་ཆོས་དོན་བསྒོམས་ལས་འབྱུང་བས། །ཟབ་ལམ་མཐར་ཐུག་མཁའ་འགྲོ་ནི་གུ་ཡི། །ཞལ་ལུང་མན་ངག་ཉམས་སུ་བླང་བར་བགྱིའོ།
།ངག་ནས་འདི་སྐད་ཅེས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། ཞེས་དང་།
དེ་ཡི་ཕྱིར་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། །དེས་མཚོན། ནི་གུའི་ཕྱག་རྒྱ་ཆེན་པོ། ནི་གུའི་ལམ་ཁྱེར་རྣམ་གསུམ། ནི་གུའི་འཆི་མེད་རང་གྲོལ། ཞེས་ཉམས་སུ་ལེན་པ་གང་ཡིན་པ་དེར་ཚིག་བསྒྱུར་ལ་དལ་བུའི་བརྗོད་ནས། དོན་ལ་ནན་ཏན་བསམ་བཞིན་དུ་བྱའོ།
།གསུམ་པ་མཎྜལ་ནི། ལུགས་འདིར་མཎྜལ་གྱི་དམིགས་ཁྲིད་གུད་དུ་མཛད་པ་གསུང་ཡང་། སྐྱབས་སེམས་བླ་མའི་རྣལ་འབྱོར་བར་སྐབས་རྣམས་སུ་ཅི་ནུས་འབུལ་བ་སྟེ།
དེ་ཡང་ཤངས་པའི་མཎྜལ་བཀའ་རྒྱ་མ་ནི། བཀོད་པ་ཤིན་ཏུ་མཛས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བར་བྱེད་པའི་མཎྜལ་འདི། །དོན་གཉིས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་ཡི་དམ་དང་། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ་བར་བགྱི། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་བྱང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་སྟེ། གཞན་ཡང་མཎྜལ་གྱི་ཚིག་ཁུངས་ལྡན་ཅི་རིགས་པས་ཀྱང་འབུལ་བའོ།
།སྤྱི་དོན་གཉིས་པ་ལའང་།
དང་པོ་དག་བྱེད་ཨ་ཡི་སྟོང་རའི་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་གདན་བཞིར་བླ་མའི་སྐུ། །གསལ་ལ་མོས་གུས་གདུང་ཤུགས་ཆེར་བསྐྱེད་པས།
།ངག་ཏུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། །བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཅེས་གསོལ་བ་དོས་དྲག་ལ་ཡུན་རིང་དུ་བཏབ་པའི་མཐར།
བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམས། མགོ་ཡི་སྟོང་རར་ཆོས་འབྱུང་དཀར་དྭངས་དབུས། །བླ་མ་རང་རིག་དབྱེར་མེད་སྤྲོས་བྲལ་བ། །སྐྱེ་མེད་ཨ་དཀར་འོད་འཚེར་བདུད་རྩི་ཡིས། །སྡིག་སྒྲིབ་ནད་གདོན་སྦྱངས་དམིགས་ཨ་བཟླས་འབད། །ཨ་ཨ་ཨ།
གཉིས་པ་གདམས་པའི་སྙིང་ཕུར་བླ་མའི་རྣལ་འབྱོར་བྱེ་བྲག་གི་གསོལ་འདེབས་ནི། བདག་ལུས་ཕུང་ཁམས་འཛིན་མེད་སྣང་བ་ཡི། །སྤྱི་བོར་བཞི་རྫོགས་གདན་ལ་འཁོར་ལོའི་མགོན། །སངས་རྒྱས་ལས་ལྷག་རྩ་བའི་བླ་མ་གསལ། །སྙིང་ནས་ཕུར་ཚུགས་གུས་པས་གསོལ་བ་བཏབ། །ནི་གུའི་གསེར་ཆོས་ལྔ་ཡི་རྩ་བ་ཆོས་དྲུག་ལས།
།གཏུམ་མོ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། ཞེ་གསོལ་བ་དྲག་ཏུ་བཏབ། མཐར་བླ་མ་བདུད་རྩིའི་ངོ་བོར་ཞུ། །རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་སྒོ་གསུམ་ཐ་མལ་དུ་སྣང་བ་དག །ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་སུ་གྱུར།
།ཡང་རང་ཉིད་ཡི་དམ་དུ་གསལ་བའི་སྤྱི་བོར་བཞུགས་པའི་བླ་མ་ལ་མཆོད་པ་བཞི་རྫོགས་སུ་ཕུལ་བ་དམིགས་ཞིང་།
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ་ལ། ཕྱི་མེ་ཏོག་བདུགས་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། །གསང་བ་བདེ་སྟོང་གི་ཡེ་ཤེས། །ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་སྐུ་ལས་བདུད་རྩི་བདེ་རྒྱུན་བབས། །སྤྱི་བོ་ནས་ཞུགས་འཁོར་ལོ་བཞི་བརྒྱུད་དེ། །ལུས་ཀུན་ཁེངས་པས་དབང་བཞི་ཡོངས་རྫོགས་ཐོབ། །མཐར་ནི་བླ་མ་རང་ཉིད་དབྱེར་མེད་གྱུར། །ཞེས་སྲིད་པའི་དབང་ཞུ་བའོ། །ཡང་འདི་ལྟར་སྒོམས་ཏེ།
།རང་ཉིད་སྐད་ཅིག་ལྷག་པའི་ལྷ་སྐུར་གྱུར། །སྟེང་གི་ནམ་མཁར་རྩ་བའི་བླ་མ་གསལ། །དེ་ཡི་ཐུགས་ཁ་ནས་བྱུང་འོད་ཟེར་གྱི། །རྩ་རྒྱུད་བླ་མ་ཡི་དམ་རབ་འབྱམས་ཚོགས། །ཕྱོགས་དུས་སངས་རྒྱས་ལུང་རྟོགས་དམ་པའི་ཆོས། །འཕགས་པའི་དགེ་འདུན་མཁའ་འགྲོ་ཆོས་སྐྱོངས་ཀུན། །བསྡུས་ཏེ་བླ་མའི་སྐུ་ལ་ཡོངས་སུ་ཐིམ། །སྐྱབས་གནས་ཀུན་འདུས་རྒྱལ་བའི་སྤྱི་གཟུགས་ཏེ། །དེ་ལ་བདག་གི་ཕ་མ་དགྲ་བགེགས་དང་། །གཞི་བདག་གིས་གཙོས་འགྲོ་དྲུག་མ་ལུས་ཤིང་། །འབྱུང་བཞི་ལས་ཀྱང་གསོལ་བ་འདེབས་པའི་སྒྲ། །བདག་གི་རམ་འདེགས་འུར་དིར་སྒྲོག་པར་བསམ།
།གསོལ་འདེབས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། །དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་ནི་གསོལ་འདེབས་ཐམས་ཅད་ཀྱི་གཞིར་བཞག་ནས། ཚིག་རྐང་གསུམ་པ་ནས་མཐའ་བསྒྱུར་བ་ཁོ་ན་སྟེ།
དེ་ཡང་སྒྱུ་ལུས་ལ། སྒྱུ་ལུས་འབྱོངས་པར་མཛད་དུ་གསོལ། མི་ལམ་འབྱོངས་པར་མཛད་དུ་གསོལ། །འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྦྱར་རོ།
།དེ་བཞིན་དུ་རྨི་ལམ་སྐབས་སུ། རྨི་ལམ་ཟིན་པར་མཛད་དུ་གསོལ། མི་ལམ་འབྱོངས་པར་མཛད་དུ་གསོལ། མི་ལམ་སྤེལ་ནུས་པར་བྱིན་གྱིས་བརླབས། རྨི་ལམ་སྤྲུལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་བསྒྱུར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། ཞེས་ཚིག་རེ་རེ་བཞིན་རིམས་པས་སྦྱར་བ་དང་།
།འོད་གསལ་ལ། འོད་གསལ་ཟིན་པར་མཛད་དུ་གསོལ།
།འཕོ་བ་ལ། བར་དོར་སངས་རྒྱ་བར་མཛད་དུ་གསོལ།
།བར་དོ་ལ། བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་པ་རྣམས་གོ་རིམས་བཞིན་དང་།
ཆོས་དྲུག་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ་ནི། གོང་གི་སྒྱུ་ལུས་ཀྱི་གསོལ་འདེབས་ལྟར་ལ། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཞེས་བསྡམས་པ་ཙམ་སྟེ།
།སྒྱུ་ལུས་དབང་པོ་ཐ་མའི་གསོལ་འདེབས་ཀྱང་འདི་ཉིད་དོ། །སྡོང་པོ་ཕྱག་རྒྱ་ཆེན་པོ་ལ་ཡང་། སྒྱུ་ལུས་ཀྱི་གསོལ་འདེབས་དེ་གའམ། །འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། །ཞེས་ཚིག་རྐང་གསུམ་པར་འདོན། །ཡལ་ག་ལམ་ཁྱེར་གསུམ་གྱི་དང་པོ་བླ་མ་ལམ་ཁྱེར་ལ། ཅི་སྣང་བླ་མར་འཆར་བར་མཛད་དུ་གསོལ། །གཉིས་པ་ཡི་དམ་ལམ་ཁྱེར་ལ། ཅི་སྣང་ཡི་དམ་དུ་འཆར་བར་མཛད་དུ་གསོལ། །གསུམ་པ་སྒྱུ་མ་ལམ་ཁྱེར་གྱི་སྣང་བ་སྒྱུ་མ་ལམ་ཁྱེར་ལ། སྣང་བ་རང་སེམས་སུ་རྟོགས་པར་མཛད་དུ་གསོལ། །རྨི་ལམ་སྒྱུ་མ་ལམ་ཁྱེར་ལ། ཅིར་སྣང་སྒྱུ་མ་རྨི་ལམ་དུ་འཆར་བར་མཛད་དུ་གསོལ། ཞེས་པའོ། །མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་གསོལ་འདེབས་གཞན་དུ་ཤེས་པར་བྱས་ལ།
།འབྲས་བུ་འཆི་མེད་འཆུག་མེད་ལ་ནི། སེམས་འཆི་མེད་རང་གྲོལ་དུ་རྟོགས་པར་མཛད་དུ་གསོལ། ཞེས་པ་སྟེ།
།དེ་ལྟར་ཆོས་དྲུག་རྨི་ལམ་མན་དང་། །འཁྲིད་ཆེན་ལྷག་མ་གསུམ་གྱི་གསོལ་འདེབས་སུ། །གོང་གི་བཞི་དེ་ལ་ཚིག་རྐང་གསུམ་པ་བསྒྱུར་བ་ཁོ་ན་ལའོ།
།འབྲི་བསྣན་གཞན་བྱ་རྒྱུ་མེད་ཅིང་། །དེ་ཡང་གོང་གི་མཛད་དུ་གསོལ། ཞེས་པ་རྣམས་སུ་བྱིན་གྱིས་བརླབ་སུ་གསོལ། ཞེས་འདོན་པ་གང་བདེ་བྱེད་པ་ཉིད་དོ།
།དེ་ལྟར་གསོལ་འདེབས་འདི་རྣམས་བཅོམ་ལྡན་འདས་རྡོ་རྗེ་འཆང་ནས་གྲུབ་ཐོབ་ཆེན་པོ་འབའ་ཞིག་གྱུར་པའི་རྒྱུད་ལྡན་བླ་མའི་གསུང་གི་རྒྱུན་ལ་སོ་སྐྱེའི་རྟོགས་བཟོ་སྤྲོས་པའི་བསྲེ་བསླད་མ་བྱས་པའི་བྱིན་བརླབས་ཚན་ཁ་ཆེས་ཆེ་བ་ཁོ་ན་ཡིན་པས་བསམ་པ་དང་ཀློག་པའི་སྒོ་ནས་རྒྱུན་དུ་ཉམས་སུ་བླང་བར་ཤིན་ཏུ་གལ་ཆེ་ཤིང་། གཅེས་པའི་ཆོས་སོ།
།དེ་ཡང་གསོལ་བ་འདེབས་དུས་སུ་ཚིག་ཕྱིར་འབྲང་པའི་ཡུལ་ཙམ་པ་མ་ཡིན་པར། རིག་ཐོག་ཏུ་རྡོ་རུས་ཐུག་པར་བྱས་པ་ཡི། །གསོལ་འདེབས་སྐད་ཆེ་བ་དང་ཆུང་བ། སྐབས་སུ་ཡིད་ལ་བསམ་ནས་བགྲང་བ་སོགས་ནན་ཏན་ཆེན་པོའི་སྒོ་ནས་རྣལ་འབྱོར་དུ་བྱ་བའོ།
།སྐབས་སུ་རྩ་བརྒྱུད་བླ་མའི་གསོལ་འདེབས་དུ་མ་གཞན་ནས་འབྱུང་བ་ལྟར་ཤེས་ཤིང་སྤྲོ་ན་བྱ། །གསོལ་འདེབས་ཀྱི་ཐུན་མཚམས་རྣམས་སུ།
ཕ་བླ་མ། ཕ་བླ་མ། ཕ་བླ་མ་རང་མཁྱེན། དྲིན་ཅན་རྩ་བའི་བླ་མ་ཁྱེད་ལ་གསོལ་བ་འདེབས་སོ།
།ཞེས་མོས་གདུང་སྙིང་ལ་འཁྲབ་པ་ཅིག་བྱས་ནས་དེ་ཡི་ངང་ལ་གློད་ཀྱི་བཞག །དེ་ལྟར་མོས་གུས་གསོལ་འདེབས་ཁོ་ནས་ཐུན་གྱི་དངོས་བཞི་བསྐྱང་སྟེ། ཐུན་འཇོག་ཁར། ཚར་གསུམ་ཁུག་པ་དབང་གི་མན་ངག་བཅས། བླ་མ་འོད་དུ་ལྟེམ་གྱི་ཞུ་རང་ལ་གཉིས་སུ་མེད་པར་ཐིམ། དེ་གའི་ངང་ལ་སེམས་དུས་གསུམ་གྱི་རྣམ་རྟོག་སྤང་ནས་ལྷོད་དེ་བཞག །གཞན་ཡང་སྐབས་འདིར་རང་གི་ཉམས་ལེན་གང་ལ་བྱེད་པ་དེ་ལ་འཇུག་པར་བྱ་ལ་དེ་ཡི་མཐར་རྗེས་ཀྱི་རིམ་པ་རྣམས་བྱའོ།
།དེ་ནས་སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་ལས་དང་པོ་ནི། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་པ། །སངས་རྒྱས་ཉིད་དུ་འགྲོ་བ་ཡི། །ལམ་དེ་ཉིད་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་སྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ།
གཉིས་པ་ནི། །ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད།
།གསུམ་པ་ནི། །དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །ཅེས་དགེ་བ་བྱང་ཆུབ་ཏུ་བསྔོས་ནས་སྤྱོད་ལམ་ལ་འཇུག་གོ
།འདི་དག་ཀྱང་ཤེས་ན་སྨོན་ལམ་དང་། བཀྲ་ཤིས། དེ་བཞིན་བསྔོ་བ་བཀའ་བརྒྱ་མར་གྲགས་པ་རྣམས་སྐབས་སུ་ཅི་ནུས་བྱེད་པ་ཉིད་དོ།
།དེ་ཡང་དུས་ཀུན་མི་རྟག་འཆི་བ་སྙིང་ལ་ཟུག་པ་ཡི། །འདི་སྣང་ཞེན་པ་བཅད་ཅིང་ལམ་གྱི་རྩ་བར་བླ་མའི་རྣལ་འབྱོར་མོས་གུས་ལྟེམ་རྐྱང་མེད་པར་གསོལ་བ་བཏབ་ཅིང་དམ་ཚིག་སྲོག་ལས་ལྷག་པར་ལྟ་བ་དང་། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་བར་དོ་ཡིན་སྙམ་གྱི་དྲན་པ་དང་མི་འབྲལ་ཤིང་། །གཞན་ཡང་བསྲེ་བ་ལམ་ཁྱེར་གྱི་ལྷ་སྐུ། སྒྱུ་ལུས། འོད་གསལ། རང་ཤར་རང་གྲོལ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་སྐྱལ་བ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་འབད་པར་བྱའོ།
།དེ་ལྟར་བཀའ་ལ་གཟུ་ལུམ་མ་གྱུར་ཅིང་། །རྙིང་པའི་གཏམ་ལ་གསར་པའི་ལང་ཚོ་ཅན། །ཚུལ་བཞིན་སྦྱོར་བར་ནུས་པའི་བློ་མཐུ་འདི། །བླ་མའི་ཐུགས་རྗེས་བདག་འདྲའི་སྐལ་ཤར་བས། །འདི་འདྲ་བགྱིས་པའི་དགེ་བས་འགྲོ་བ་ཀུན། །ངེས་སངས་སྙིང་པོའི་ལམ་བཟང་འདི་ཐོབ་ནས། །རིང་མིན་ཧེ་རུ་ཀ་དཔལ་འབྲས་བུ་ལ། །རབ་ཏུ་སྤྱོད་པའི་དགའ་སྟོན་རྒྱས་པར་ཤོག
།ཞེས་ཡེ་ཤེས་མཁའ་འགྲོ་ནི་གུའི་གསེར་ཆོས་ཁྲིད་ཆེན་བཞི་ཐུན་མོང་གི་འཇུག་ངོགས། ཆོས་སྤྱོད་ངག་འདོན་གྱི་རིམ་པ་ལྷད་མེད་ཁྱེར་བདེར་བཀོད་པ་ཞིག་མ་མཐོང་བས། ཆོས་ཚུལ་འདིར་ཞུགས་པ་རྣམས་ལ་ཕན་པའི་སླད་དུ་ཤངས་པའི་གྲུབ་མཐའ་ལ་གུས་པ་མཆོག་ཏུ་ཐོབ་པའི་རྣལ་འབྱོར་པ་དཔལ་ཚེ་དབང་ནོར་བུས་རང་ལོ་བཞི་བཅུའི་བགྲང་བྱ་ལ་འཁོད་ཉེ་བ་མེ་སྦྲུལ་དབྱུག་ཟླ་ལྷ་བབ་དུས་བཟང་པོར་ཀོང་ཡུལ་ས་ཡི་ཐིག་ལེ་གུ་རུའི་གཏེར་གནས་སུ་རི་རིན་ཆེན་འབར་བར་སྦྱར་བའོ།། དགེའོ།།