Rje btsun mu tig gi 'phreng ba'i zhal gdams kyi rim pa

From Shangpa Resource Center








Resource ID SCv7p1
Title rje btsun mu tig gi 'phreng ba'i zhal gdams kyi rim pa rnams
Topics Six doctrines of Niguma
Sub-Topics Instructions
Author Khyungpo Neljor
Associated Person Niguma
Link BDRC W23922
BDRC W1KG4284

༄༅། །རྗེ་བཙུན་མུ་ཏིག་གི་འཕྲེང་བའི་ཞལ་གདམས་ཀྱི་རིམ་པ་རྣམས་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
།ལུས་ངག་ཡིད་གསུམ་གུས་བཏུད་ནས། །ཡེ་ཤེས་ཌཱ་ཀི་ནི་གུ་མའི། །ཞལ་གྱི་གདམས་པ་བྲི་བར་བྱ།
།དེ་ལ་རྗེ་བཙུན་མུ་ཏིག་གི་ཕྲེང་བ་བསྒོམ་པར་འདོད་པས། དབེན་པའི་གནས་སུ་འབོལ་བའི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་སྟེ། སེམས་བསྐྱེད་སྔོན་ཏུ་སོང་བའི་ངོས་ནས་རང་ཉིད་དཔལ་འཁོར་ལོ་བདེ་མཆོག་ཏུ་སྐད་ཅིག་གིས་བསྐྱེད་ལ། རྩ་གསུམ་གསལ་བདབ་བོ། །དེ་ནས་གཡས་རཱ་ས་ནའི་ནང་ན་ཨ་ལི་བཅུ་དྲུག་ལྟར་ལ་བརྒྱུས་པ་ལྟར་དཀར་བྲེང་ངེ་བསམ་མོ། །གཡོན་ལ་ལའི་ནང་ན་མར། ཀཱ་ལི་སུམ་ཅུ་རྩ་གཉིས་བྱེ་རུ་བཅག་པའི་མདོག་ལྟར་དམར་བ། དེ་ཉིད་འོད་ཀྱི་རང་བཞིན་དུ་རྩ་ནང་ནས་མར་བདེ་ཕྲི་ལི་ལི་སོང་བ་དང་། ལྟེ་པའི་འོག་རྩ་གསུམ་འདོམ་པའི་སར་སླེབས་པ་དང་། གཡས་གཡོན་གྱི་རྩ་གཉིས་པོ་འདོམ་པའི་སར་ཨ་ཝ་དྷཱུ་ཏི་ཁ་གདེངས་ཡོད་པའི་ནང་ན་མར་ཁྱོགས་ཆུད་པས། ཡིག་འབྲུ་རྣམས་རྩ་གཉིས་ལས་དོན་ཏེ་ཨ་ཝ་དྷཱུ་ཏིའི་ནང་ན་ཡར་ལ་དཀར་དམར་དུ་ཕྲི་ལི་ལི་སོང་བ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་རིན་པོ་ཆེའི་གཞལ་ཡས་ཁང་ཞེས་པ་རྩ་མདུད་གྲུ་གསུམ་དུ་ཡོད་པ་དེ། ཆོས་འབྱུང་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ་གཅིག་ཏུ་བསམ། དེར་ཡིག་འབྲུ་རྣམས་བསྐྱིལ་བ་བཞིན་དུ། ཆོས་འབྱུང་གི་ནང་དུ་དཀར་དམར་དུ་ཁྱི་ལི་ལི་འཁྱིལ་པས། ཡིག་འབྲུ་རྣམས་འོད་ཀྱི་རང་བཞིན་དུ་ཞུ་བ་དང་། འོད་ཟེར་ལས་རྗེ་བཙུན་མར་རིམ་གྱིས་བསྐྱེད་དེ། དེ་ཡང་ཞབས་ཀྱི་བོལ་མན་ཆད། པུས་མོ་དང་བརླ་གཉིས། རྐེད་པ། ཐུགས་ཁ། ཕྱག་གཉིས། མགྲིན་པ། དབུ་མན་གསལ་སིང་པ་བསྐྱེད། དེ་ཡང་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དམར་པོ་ཞལ་ཁྲོ་འཛུམ། མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་ཧྲིག་ཧྲིག་གཟིགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེ་གྲི་གུག་གི་སོ་ནང་དུ་བསྟན་ནས་དཔུང་པའི་ཐད་དུ་འཛིན་པ། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། མཆན་ཁུང་ན་ཁ་ཊྭཱྃ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཆོས་འབྱུང་གི་ནང་དུ་གར་སྟབས་ཀྱིས་བཞུགས་ཤིང་། གཞོན་ནུ་ལངས་ཚོ་དར་ལ་བབས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསམ། དེ་ཡང་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའམ། ཆུ་ནང་གི་ཟླ་བ་ལྟ་བུ་གསལ་སིང་པར་དམིགས་ལ། སྔགས་གསུམ་སྦྲེལ་གི །ཨོཾ་གཉིས་བཞག་ནས་ཅི་ཙམ་ནུས་པ་བཟླའོ། །དེ་ལས་སྐྱོ་ན་ཕྱག་གཡས་པའི་གྲི་གུག་དེ་ཇེ་དམའ་ལ་སོང་བ་ཕྱག་གཡོན་པའི་ཐོད་པའི་ནང་དུ་བཅུག་ནས། གྲི་གུག་གི་ཐོད་པའི་བདུད་རྩི་དཀྲུགས་པས་འོད་དུ་ལྟེམ་ཞུ་ནས་གྲི་གུག་ལ་ཐིམ། གྲི་གུག་འོད་དུ་ཞུ་ནས་རྗེ་བཙུན་མ་ལ་ཐིམ། རྗེ་བཙུན་མ་འོད་དུ་ཞུ་ནས་མེ་ལོང་ལ་ཧས་བཏབ་པ་བཞིན་མཐའ་ནས་དབུས་སུ་ཡལ་བ་དང་། དེའི་ངང་ནས་སྐྱེ་མེད་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག་གོ །དེ་ལ་ཇི་སྲིད་གནས་ཀྱི་བར་བཞག་གོ །དེ་ལ་སྐྱོ་ན་སྟོང་པའི་ངང་ལས་རྗེ་བཙུན་མར་ལངས་ལ་སྤྱོད་ལམ་བྱའོ།
།རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། །དེ་ལྟར་མ་ཆག་པ་ཉམས་སུ་བླངས་པས། ཕྱིའི་བར་ཆད་གདོན་བགེགས། ནང་གི་བར་ཆད་འདུ་བ་རྣམ་བཞི། གསང་བའི་བར་ཆད་ཉོན་མོངས་པས་མི་ཚུགས་ཤིང་རང་གི་རྒྱུད་ལ་ཡོན་ཏན་གྱི་ཆོས་སྐྱེ་བ་དེ་གནས་པ། འཕེལ་བ་སོགས་དཔག་ཏུ་མེད་པ་འབྱུང་ངོ་། །འདིའི་བསྙེན་པ་བྱེད་ན་སྔར་བཞིན་ནོ། །རྗེ་བཙུན་མར་བསྒོམ་སྟེ། ཨོཾ་སརྦ་བུདྡྷ་ལ་སུམ་བརྒྱ། བཛྲ་བཻ་རོ་ཙ་ན་ལ་སུམ་བརྒྱ། བཛྲ་ཝརྞ་ནི་ལ་སུམ་བརྒྱ་སྟེ། དགུ་བརྒྱ་སོང་བ་དང་། ཨོཾ་གཉིས་བཞག་སྟེ་འབུམ་གྱི་བར་དུ་བསྐྱལ་ལོ།
།བྱིན་རླབས་ཆེ་ཞིང་ཟབ་པས་ཤིན་ཏུ་གསང་བའོ།

།ལྷ་སྐུ་ལ་བརྟེན་ནས་བོགས་འདོན་པའི་སྐབས་སུ། རང་ཉིད་ལྷར་གསལ་བའི་རྡོ་རྗེ་ནོར་བུའི་བུམ་པར་ཐིག་ལེ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་གཅིག་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལུས་ཀྱི་ནང་ནས་ཡར་འཕྲོས་པས་ལུས་ཐམས་ཅད་འོད་ཟེར་ཁ་དོག་ལྔས་ཁེངས་པས། ལུས་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་ལྟེམ་ལྟེམ་འདུག་པས་ཕྱི་ཤ་ཁྲག་ཐམས་ཅད་དག །ནང་གི་རྒྱུས་པ་ནང་ཁྲོལ་སོགས་དག་པས་ཉོན་མོངས་དུག་ལྔ་དག་སྟེ། འོད་ཟེར་ཁ་དོག་ལྔའི་ལུས་སེམས་ཡེ་ཤེས་ལྔའི་རང་བཞིན་དུ་གསལ་སིངས་པ་ལ་སེམས་གཏད་དེ། སྔར་གྱི་ཐུན་ཞབས་ལ་མ་ཆག་པར་བསྒོམ། ལུས་ལ་ཚ་གྲང་གི་ནད་བྱུང་ན། རྡོ་རྗེ་ནོར་བུའི་བུག་པར་ཐིག་ལེ་ནག་པོ་བསྒོམ་ལ་དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས། ལུས་ཀྱི་ནང་གི་ནད་ཐམས་ཅད་བསྡུས་ཏེ། བཤང་ལམ་དང་ཆུ་ལམ་ནས་མར་སངས་སངས་འཐོན་པར་བསྒོམ་མོ། །དེས་ནས་ཐམས་ཅད་སེལ་ལོ། །འཆི་བའི་དུས་སུ་འཆི་རྟགས་ས་ཆུ་ལ་ཐིམ་པས་ལུས་ལྕི་ཐིབས་ཀྱིས་འགྲོ། དེ་དུས་ཐིག་ལེ་དཀར་པོ་འོད་ཟེར་འཕྲོ་བ་དེ། རྐང་པ་གཡས་པའི་རྒྱུ་མ་ཁུགས་ན་རྩ་མདུད་ཡོད་པས། དེའི་ནང་དུ་རང་གི་རྣམ་ཤེས་དང་གཉིས་སུ་མེད་པར་བསམ་ལ། དེ་རྩ་ནང་ནས་ཡར་རིམ་གྱིས་དྲངས་ཏེ། བོལ་དང་བྱིན་པ་དང་། པུས་མོ་དང་། བརླའི་རྩ་བོ་ཆེ་ན་ཡར་རིམ་གྱིས་དྲངས་ཏེ། སྐུ་སྨད་ན་རྩ་གསུམ་འདོམས་པར་སླེབ་པ་དང་། རྩ་དབུ་མའི་ཁར་ཚུད་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་མེར་གྱིས་བྱུང་བར་བསམ། ཡང་ཆུ་མེ་ལ་ཐིམ་པའི་དུས་སུ། མར་སྣ་གཤེར་བཏབ་འགྲོ། དེའི་དུས་སུ་ཐིག་ལེ་མགྲིན་པར་དྲངས་ལ་དེ་ལ་སེམས་གཏད། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ཤེས་པ་ཕྱད་ཕྱོད་དུ་འགྲོ། དེའི་དུས་སུ་ཐིག་ལེ་རྣམ་པར་ཤེས་པ་དང་བཅས་པ་དེ་སྤྱི་བོར་དྲངས་ལ། སྤྱི་བོའི་ཚངས་བུག་ནས་རྒྱངས་ཏེ་འཐོན་པ་དང་། ཐིག་ལེ་རྣམ་པར་ཤེས་པ་དང་བཅས་པ་དེ། ལྷན་སྐྱེས་ཡབ་ཡུམ་དུ་ལམ་གྱིས་གྱུར་པར་བསམ། དེ་ཡང་ཤ་ཁྲག་གདོས་བཅས་མ་ཡིན་ཏེ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ། བར་སྣང་གི་འཇའ་ཚོན་ནམ། འོད་ཟེར་ཁ་དོག་ལྔ་འཕྲོ་བའི་རང་བཞིན་ཅན་དུ་བསམ་མོ། །དེའི་ངང་ལ་མ་ཡེངས་པར་ཤི་ན་བར་དོ་མེད་པར་གཟུགས་སྐུ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ།

།བླ་མ་ལ་བརྟེན་ནས་བོགས་འདོན་པའི་སྐབས་སུ། སེམས་རང་ལུས་ཡི་དམ་དུ་བསྒོམ་པའི་སྤྱི་བོར། བླ་མ་རྡོ་རྗེ་འཆང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། བདེ་ཞིང་འཛུམ་པའི་མདངས་དང་བཅས་པ་བསྒོམ་ལ་གསོལ་བ་བཏབ་པས་བླ་མའི་ནོར་བུ་ནས་ཐིག་ལེ་དཀར་པོ་བྱུང་། ཡུམ་གྱིས་པདྨ་ནས་ཐིག་ལེ་དམར་པོ་བྱུང་། རང་གི་ཚངས་བུག་ནས་མར་སོང་བས། དཀར་པོ་གཡས་ནས་མར་སོང་། དམར་པོ་གཡོན་ནས་མར་སོང་ནས་ལྟེ་བར་འཛོམས་པ་དང་། མས་ཡར་འཁྱིལ་ཏེ། ལྟེ་བ་ཡན་ཆད་སྤྱི་གཙུག་མན་ཆད་ཐིག་ལེ་དཀར་དམར་གྱིས་གང་བས་ལུས་སེམས་ལ་ཟག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པར་བསམ་ལ། བདེ་སྟོང་གཉིས་མེད་ཀྱི་ངང་དུ་ཇི་སྲིད་གནས་གནས་ཀྱི་བར་བཞག་གོ །སེམས་འཕྲོ་ན་སྔར་ལྟར་ཉམས་སུ་བླང་ངོ་། །ཡང་ཚ་གྲང་གི་ནད་གང་བྱུང་ཡང་། བླ་མ་ཡབ་ཡུམ་སྔར་བཞིན་བསྒོམ་པའི་བྱང་སེམས་དཀར་དམར་སྤྱི་བོའི་ཚངས་བུག་ནས་མར་སོང་བས། ལུས་ཀྱི་ནད་ཚ་གྲང་དང་། སྡིག་སྒྲིབ་ཐམས་ཅད་དེད་ནས་གཤང་སྒོ་ཆེ་ཆུང་ནས་མར་ནག་ཉིལ་ལི་ལི་སོང་སྟེ་སྦྱོང་ཤིང་དག་པར་བསམ་མོ། །དེ་ནས་བླ་མ་ཡབ་ཡུམ་ཚངས་བུག་ནས་མར་ཐིམ་པས། ནད་ཐམས་ཅད་སངས་ཀྱིས་དག །སྐྱེ་མེད་དམ་བདེ་སྟོང་གི་ངང་ལ་ལྷན་གྱིས་བཞག་གོ །རྗེས་དགེ་བ་བྱང་ཆུབ་ཏུ་བསྔོའོ།།

༈ ཡང་སྐོམ་དུ་འཐུང་བ་བདེ་དྲོད་ཀྱི་སྐབས་སུ། ས་བོན་བསྒོམ་པ་ནི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་ཨོཾ་ཡིག་སེར་པོ། དེ་བཞིན་དུ་སྙིང་གར་ཧཱུྃ་ཡིག་སྔོན་པོ། ལྟེ་བརཨཱཿཡིག་དམར་པོའོ།
།རྨི་ལམ་རང་ཟིན་གྱི་སྐབས་སུ། རང་ཉིད་འཁོར་ལོ་བདེ་མཆོག་ཏུ་བསྒོམ་ལ། དེའི་སྤྱི་བོར་ཟླ་བའི་གདན་གྱི་སྟེང་དུ། བླ་མ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན། བྱང་ཆུབ་སེམས་ཀྱི་འོད་ཀྱི་རང་བཞིན་ཅན་དུ་བསྒོམ་ལ་གསོལ་བ་གདབ། དེ་ནས་སྟེང་རླུང་ཅུང་ཟད་མནན་པས། རང་གི་སྤྱི་བོ་ནས་ཐིག་ལེ་དཀར་པོ་འཆད། སྙིང་ཁར་སླེབ་གཏི་མུག་དག །ལྟེ་བ་ནས་ཐིག་ལེ་དམར་པོ་འཆད། སྙིང་ཁར་སླེབ། འདོད་ཆགས་དག །ཞེ་སྡང་རང་དག་ཡིན། །དེ་ནས་ཐིག་ལེ་དེ་གཉིས་དབུ་མའི་ནང་དུ་འབྲོས་འདེད་ཀྱི་ཚུལ་དུ་ཁོར་རོ་རོ་འཁོར་བ་ལ་སེམས་གཏད། དེ་ལྟར་དུ་འཁོར་བ་བུམ་དབང་གི་ངོ་བོར་ཤེས་པར་བྱས་ལ། རྨི་ལམ་གྱི་འདུན་པ་མ་ཡེངས་པར་བྱའོ། །དེ་ནས་ཐིག་ལེ་དེ་གཉིས་གཅིག་ལ་གཅིག་རེག་པས་གསང་དབང་གི་ངོ་བོར་བལྟས་ལ་རྨི་ལམ་གྱི་འདུན་པ་མ་ཡེངས་པར་མི་དྲག་ཏུ་བཟུང་བར་བྱའོ། །དེ་ནས་ཐིག་ལེ་དེ་གཉིས་དབྱེར་མེད་དུ་ཁྲུགས་ཀྱིས་འདྲེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཡིན་པས། བདེ་སྟོང་གི་ངང་ལ་སེམས་མ་ཡེངས་པར་རྨི་ལམ་གྱི་འདུན་པ་ཡང་ཡང་བྱའོ། །དེ་ནས་ཐིག་ལེ་དེ་གཉིས་ཀྱང་འོད་དུ་ཡལ་སོང་བ་དེ་དབང་བཞི་པའི་ངོ་བོ་ཡིན་པས་དེའི་ངང་ལས་རྨི་ལམ་གྱིས་འདུན་པ་ཡང་ཡང་བྱ་ཞིང་གཉིད་ལོག་པས་རྨི་ལམ་ཟིན་པར་འགྱུར་རོ།
།རྨི་ལམ་གྱི་སྐབས་སུ། རྟོག་མེད་ལ་བཟུང་བ་གཉིས་ཀྱི་དང་པོ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་འཆད་སྙིང་གར་བྱུང་སྟེ་གཏི་མུག་དག །ལྟེ་བ་ནས་ཐིག་ལེ་དམར་པོ་འཆད་སྙིང་གར་བྱུང་འདོད་ཆགས་དག །ཞེ་སྡང་རང་དག་ཡིན། དེ་ནས་ཐིག་ལེ་དེ་གཉིས་རོ་རྐྱང་གཉིས་ནས་བརྒྱུད་ནས་ཐིག་ལེ་དཀར་པོ་སྣ་བུག་གཡས་ནས་འཐོན། དམར་པོ་གཡོན་པ་ནས་འཐོན། སྨིན་མཚམས་སུ་ཐིག་ལེ་དེ་གཉིས་འཁོར་བ་ལ་སེམས་གཏད། དེ་ནས་ཐིག་ལེ་དཀར་པོ་ཡོངས་སུ་གྱུར་པ་ལས། བདེ་མཆོག་དཀར་པོ་དང་། དམར་པོ་ཡོངས་སུ་གྱུར་པ་ལས་ཕག་མོ་དམར་མོས་འཁྱུད་པར་བསྒོམ། དེ་ནས་གཉིད་དུ་འགྲོ་ལ་ཁད་པ་དང་ཡུམ་འོད་དུ་ཞུ་ནས་ཡབ་ལ་ཐིམ་ཡབ་ཀྱང་འོད་དུ་ཡལ་ལ་དམིགས་པ་མེད་པའི་ངང་དུ་བཞག་ལ། རྨི་ལམ་གྱི་འདུན་པ་ལ་མ་ཡེངས་པར་བྱའོ།།

༈ གཉིས་པ་ནི། རང་ཡི་དམ་དུ་གསལ་བའི་སྙིང་གར་བླ་མ་སྐུ་མདོག་དཀར་པོ་བྱང་ཆུབ་ཀྱི་སེམས་དཀར་པོའི་རང་བཞིན། འོད་ཟེར་འཕྲོ་བ་གཅིག་བསྒོམ། བླ་མའི་ཐུགས་ཀར་ཧཱུྃ་དཀར་པོ་འོད་ཟེར་འཕྲོ་བ་ཁ་དོག་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པ་དེ་ལས་འོད་ཟེར་འཕྲོས། བླ་མ་གསལ་བར་བྱས། བླ་མ་ལས་འོད་ཟེར་འཕྲོས། རང་ཉིད་ཡི་དམ་དུ་གནས་པ་གསལ་བར་བྱས་ལ། དེ་ནས་གཉིད་དུ་ཡུར་འགྲོ་བ་དང་། རང་ཡི་དམ་དུ་གསལ་བ་དེ་ཡང་འོད་དུ་ཞུ་ནས་བླ་མ་ལ་ཐིམ། བླ་མ་ཡང་འོད་དུ་ཞུ་ནས་ཧཱུྃ་ལ་ཐིམ། ཧཱུྃ་ཡང་འོད་དུ་ཡལ་བ་ལ་སེམས་མི་དྲག་ཙམ་གཏད་ལ་རྨི་ལམ་བཟུང་བར་བྱའོ།།

༈ ཡང་བདག་མེད་མས་སྦྱངས་པའི་སྐབས་སུ། རང་ཡི་དམ་དུ་གསལ་བའི་མདུན་དུ་བདག་མེད་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་བདེ་བའི་རང་བཞིན་ཅན་བསྒོམ་ལ། དེའི་གསང་གསུམ་ཨོཾ་ཨཱཿསྭཱ་ཧཱ་ཞེས་པའི་བྱང་སེམས་དམར་པོའི་རང་བཞིན་དུ་བསྒོམ། རང་གི་གསང་གནས་སུ་ཧཱུྃ་སྔོན་པོ་བསྒོམ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཨོཾ་ཨཱཿསྭཱ་ཧཱ་ཞེས་པ་ལ་ཕོག་པས་བསྐུལ་ནས། ཨོཾ་ཨཱཿསྭཱཧཱ་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་ཞུ་བ། འོད་ཟེར་བ་ཐག་ལྟ་བུར་དྲངས་ནས། རང་གི་གསང་གནས་ནས་ཡར་བྱུང་། ལུས་བྱང་ཆུབ་སེམས་ཀྱིས་རྒྱུན་གྱི་གང་ནས་བདེ་བའི་རང་བཞིན་དུ་གྱུར། མཐར་རྗེ་བཙུན་མ་ཡང་བྱང་ཆུབ་སེམས་དམར་པོའི་རང་བཞིན་དུ་ཞུ་བ་དྲངས་ཏེ་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས། སེམས་བདེ་སྟོང་གཉིས་མེད་ཀྱི་ངང་ལ་ལྷན་གྱིས་བཞག་པར་བྱའོ།།

༈ ཡང་བདག་མེད་མས་སྦྱངས་པའི་སྐབས་སུ། རང་སེམས་ཡི་དམ་དུ་གསལ་བའི་ལྟེ་བའི་རྩ་དབུ་མའི་ནང་དུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཅན་གཅིག་བསམ། དེའི་ནང་དུ་བདག་མེད་མའི་ས་བོན་ཨོཾ་ཨཱཿསྭཱ་ཧཱ། ཞེས་པ་ཁ་དོག་སྣ་ཚོགས་སུ་ཡོད་པ་དེ་ལ་བདག་མེད་མས་གཙོ་བྱས་པའི་ཡི་དམ་དཔག་ཏུ་མེད་པ་བྱུང་། རང་གི་སྣ་བུག་གཡས་པ་ནས་ཐོན་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡི་དམ་གྱིས་གང་། དེ་རྣམས་ཀྱང་རང་རང་གི་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་ཅིང་། འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས་ནས་ཡི་དམ་དུ་གྱུར་བར་བསམ། ཡང་རང་གི་སྣ་བུག་གཡས་པ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་། ཡི་དམ་དེ་ཐམས་ཅད་ལ་ཕྱི་ནང་གསང་གསུམ་གྱིས་མཆོད་པས་མཉེས་པར་བསམ་ལ། ཚུར་འདུས་རང་གི་སྣ་བུག་གཡོན་ནས་བཞུགས་ཐོད་པའི་ནང་གི་ཨོཾ་ཨཱཿསྭཱ་ཧཱ་ལ་ཐིམ་ཞིང་ཨོཾ་ཨཱཿསྭཱ་ཧཱ་བདེ་བའི་རང་བཞིན་དུ་འོད་དུ་ཞུ། དེ་ཡོངས་སུ་གྱུར་པ་ལས་བདག་མེད་མ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ་ལ། དེ་ལ་ཡི་དམ་གྱི་ལྷ་ཁྱེད་ཀྱིས་བདག་གིས་བདག་འཛིན་བློས་ཐོང་བར་བྱིན་གྱིས་རློབས། དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་འདེབས། དེ་ནས་བདག་མེད་མའི་ཐུགས་ཀར་མེ་ལོང་གི་ངོས་ལྟ་བུ་དེ་ལ་གང་བལྟ་བར་འདོད་པ་དེ་བཀྲ་ལམ་མེ་ཡོད་པར་བསམ་ལ། དེ་ལ་སེམས་མི་དྲག་པར་གཏད་ནས་གཉིད་ལོག་ལ་ཡུལ་སྣང་བལྟ་བར་བྱའོ།
།ཡང་ཐིག་ལེ་ཡུལ་སྣང་གསལ་བྱེད་ཀྱི་སྐབས་སུ། རང་ཡི་དམ་དུ་གསལ་བའི་ངང་ནས་སྟེང་རླུང་ཅུང་ཟད་མནན་པས། སྤྱི་བོ་ནས་ཐིག་ལེ་དཀར་པོ་འཆད། སྙིང་གར་སླེབས། གཏི་མུག་དག །འོག་རླུང་ཅུང་ཟད་འཐེན་པས་གསང་གནས་སུ་ཧཱུྃ་ཡིག་ལས་ཐིག་ལེ་སྔོན་པོ་འཆད། སྙིང་ཁར་སླེབས་པས་འདོད་ཆགས་དག །ཞེ་སྡང་རང་དག་ཡིན། ལྟེ་འོག་ནས་ཐིག་ལེ་དམར་པོ་འཆད། སྙིང་ཁར་སླེབས། དེ་རྣམས་ཡོངས་སུ་གྱུར་པ་ལས་ཐིག་ལེ་ཁ་དོག་སྣ་ཚོགས་པ་ལས་འོད་ཟེར་འཕྲོས་པས་གང་བལྟ་བར་འདོད་པའི་ཡུལ་སྣང་ལ་འོད་ཟེར་བ་ཐག་ལྟ་བུའི་སྦྲེལ་ནས་ཡོད་པར་བསམ་ལ། དེ་ལ་སེམས་མི་དྲག་ཙམ་དུ་གཏད་ལ་གཉིད་པས་ཡུལ་སྣང་བལྟ་བར་བྱའོ།།

༈ འོད་གསལ་གྱི་དམིགས་པའི་སྐབས་སུ། ཨ་བསྒོམ་པ་ནི་རང་གི་ལྟེ་བའི་འོག་ཏུ་དབུ་མའི་རྩ་གསུམ་འདོམས་པའི་སར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ། དེའི་ནང་དུ་ངོ་བོ་བྱང་ཆུབ་ཀྱི་སེམས་ལ། དངུལ་ཆུའི་མདོག་ལྟ་བུ་འོད་ཟེར་འཚེར་བ་དང་བཅས་པའི་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་བསྒོམས་ལ། དེ་དང་རང་གི་སེམས་དབྱེར་མེད་དུ་བྱས་ལ། འོད་གསལ་གྱི་འདུན་པ་དང་མ་བྲལ་བར་བྱེད་པའོ།།

༈ བདག་མེད་མ་བསྒོམ་པ་ནི་རང་གི་ཐོད་པའི་འོག་ཀླད་རྒྱའི་སྟེང་དུ་བདག་མེད་མ་སྐུ་མདོག་དཀར་མོ་འོད་ཀྱི་རང་བཞིན། དེའི་ཐུགས་ཀར་ཨ་དཀར་པོ་གོང་བཞིན་གསལ་བ་ལ་རིག་པ་གཏད་ལ། རང་སེམས་དང་དབྱེར་མེད་དུ་འདྲེས་པའི་ངང་ནས་འོད་གསལ་གྱི་འདུན་པ་ཡང་ཡང་བྱའོ།།

༈ བླ་མའི་སྐབས་སུ། རང་ཡི་དམ་དུ་གསལ་བའི་རྩ་དབུ་མའི་ནང་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་སུ་རྩ་བྷ་སན་ཏ་ཁ་གྱེན་ལ་ཕྱོགས་པ། པདྨ་འདབ་མ་བཞི་པར་གྱུར་པའི་དབུས་སུ། བླ་མ་སྐུ་མདོག་དཀར་པོ་མཚོན་གང་པ་འོད་ཀྱི་རང་བཞིན་ཅན་བྱང་ཆུབ་སེམས་ཀྱི་ངོ་བོར་བསམ་ལ། དེའི་ཐུགས་ཀར་ཧཱུྃ་སྔོན་པོ་འོད་ཟེར་འཚེར་བ་དང་བཅས་པ་བསམ་ལ། དེ་ནས་གཉིད་དུ་འགྲོ་བ་དང་ཧཱུྃ་གིས་འོད་ཀྱིས་བླ་མ་གསལ་བར་བྱས། བླ་མ་ལས་འོད་ཟེར་བྱུང་བས་རང་ཡི་དམ་དུ་གསལ་བ་ཡང་ཆེས་གསལ་བར་བྱས་ནས་འོད་ཀྱི་འདུན་པ་ཡང་ཡང་བྱ་ཞིང་། མཐར་འོད་དུ་ཞུ་བ་བླ་མ་ལ་ཐིམ། བླ་མ་འོད་དུ་ཞུ་བ་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཞབས་ཀྱུ་ནཱ་ད་ལ་བསྡུས་པ་ནས་ནཱ་དའི་བར་བསྡུ་བའོ། །ཡང་ན་འོད་དུ་ཡལ་སོང་བའི་ངང་ནས་འོད་གསལ་གྱི་འདུན་པ་ཡེངས་མེད་དུ་བྱས་པས་འོད་གསལ་ཟིན་པར་འགྱུར་རོ།།

༈ རྩ་མདུད་དགྲོལ་བ། ཐིག་ལེ་དྲངས་པ། རླུང་དབུ་མར་བཞུགས་པ། གེགས་བསལ་བ་དང་བཞི་ཡོད་པའི་དང་པོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་བཅའ། དམིགས་པ་རྩ་གསུམ་གསལ་གདབ་ལ། རོ་རྐྱང་གཉིས་ཀྱི་མར་སྣ་དབུ་མར་ཚུད་པར་བསམ་ལ། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་བྱས་ལ། རོ་སྟོད་གཡས་གཡོན་དུ་དྲག་པོ་བདུན་བཅུའོ། །དེས་རྩ་མདུད་འགྲོལ་བར་བྱེད།།

༈ གཉིས་པ་ཐིག་ལེ་དྲངས་པ་ནི། །ལུས་དྲང་སིང་ངེ་ལངས་ལ་རླུང་ལྟེ་འོག་བྱིར་ཏེ་མནན། གསང་གནས་ཐིག་ལེ་ཧཱུྃ་གིས་གྱེན་ལ་དྲངས་ནས། སྤྱི་བོར་ཧཾ་ལ་བསྟིམ། དེའི་རྗེས་ནས་ཡར་མེ་མཚན་ཉིད་བཞི་ལྡན་འབར་ཏེ། རྩེ་མོ་མགྲིན་པར་ཐོན་ཙམ་ལ་སེམས་གཏད།།

༈ བཞི་པ་གེགས་བསལ་བ་ནི། །མགོ་བོ་བསྐོར་ཞིང་ཕྱོགས་བཞིར་འཕངས། །ལག་སོར་བྲང་ཁར་བསྣོལ་ནས་གཡས་གཡོན་དུ་དྲག་ཏུ་གཅུ་ཞིང་འཐེན། །ལག་པ་མདའ་འཕེན་ལྟར་བྱ་ཞིང་མདུན་དུ་སྤྲུག་པའོ། །ལག་གཉིས་ས་གནོན་བྱ། སྐེད་པ་བསྐོར་ཞིང་བྱ་སྙེངས་བྱ། ལག་གཉིས་བརྐྱང་ཞིང་མགོ་བོ་རྒྱབ་ཏུ་སྒྱེད། ལངས་ལ་རྐང་པ་ཐུར་དུ་སྤྲུག་ཅིང་ཕྱོགས་བཞིར་འཕངས། དམིགས་པ་མེ་དམིགས་གསལ་བར་བསྒོམ། ནད་རྣམས་དུད་པའི་རྣམ་པར་སྤྱི་བོ་ནས་སྔོ་ཁྱུ་རུ་རུ་སོང་བར་བསམ་མོ། །རྗེས་ལ་ཀྵ་ཡིག་སྔོན་པོ་ནས་ཚངས་བུག་བཀག །ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཧཱུྃ་གིས་བལྟམས་པར་བསྒོམ། དེ་ཐམས་ཅད་ལ་རླུང་བཟུང་། རྗེས་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་བཞག །དེ་རྣམས་ཀྱི་གེགས་སེལ་ཅིང་འདྲེ་མོའི་གནོད་པ་ལ་སོགས་ཐུབ་བོ། །ནི་གུ་མའི་གཏུམ་མོ་བསྒོམ་པའི་ཞལ་གདམས་ཀུན་ལ་མེད་པའི་ཆིག་བརྒྱུད་ལེགས། །ཞལ་གདམས་བཀའ་རྒྱ་མའོ། །དཔེ་འདི་གཞན་ལ་མི་བསྟན་ནོ། །ཨྀཐི། །མངྒ་ལཾ་བྷ་ཝནྟུ།། །།