Rten gzhi gnad gsum

From Shangpa Resource Center
(Redirected from Rten bzhi gnad gsum)








Resource ID SCv11p619
Title rten gzhi gnad gsum 'di phal che ba la yod pa'i mthun mong ba
Topics Chadrupa
Sub-Topics Various
Associated Person Sangyé Nyentön
Link BDRC W23922
WA00KG09215 (p.230)
Notes Probably linked to Sangyé Nyentön, see SCv11p295.

༈ བརྟེན་གཞི་གནད་གསུམ་འདི་ཕལ་ཆེ་བ་ལ་ཡོད་པའི་མཐུན་མོང་བ་དེ་ལགས་སོ།།
༈ ༼ལི༽ ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་རྟེན་བཅའ་བ་ལ་གསུམ་སྟེ། ཕྱིའི་རྟེན་དང་། ནང་གི་རྟེན་དང་། གསང་བའི་རྟེན་དང་གསུམ་མོ།
།དེ་ལ་ཕྱིའི་རྟེན་ནི་གཡག་རོག་དང་། ལུག་ནག་པོ་སོགས་གང་རུང་བརྟེན་དུ་གཟུགས་པའི་ཚེ། བྱང་བུ་གཅིག་ལ་སྔགས་འདི་བྲི་བར་བྱའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའམ། ཡང་ན། གཟའ་ཚེ་འཁོར་དང་བཅས་པ་ལ་དར་ཞིང་རྒྱས་པར་མཛད་དུ་གསོལ་སྭཱ་ཧཱ། ༼དེ་ནས་རོ་རས་ལ།༽ ཅེས་པ་བྲིས་ལ་ཕྱིང་པའམ་རས་ལ་དྲིལ་ལ་སྐེར་༼གདགས་སོ༽།
།གཉིས་པ་གྲི་སྙིང་ལ་བརྟེན་ནས་ནང་གི་བརྟེན་བཅའ་བ་ནི། རྩ་རོ་བརྐྱང་གསུམ་བྱེ་མས་རྒྱངས་ལ་སྐམ་དུ་གཞུག །དེ་ནས་རོ་རས་ལ། ཨོཾ་ཨཱཿཧཱུྃ་བྲིས་ལ། དེ་ནས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིགྷྣན་བཱི་ན་ཡ་ཀ་ཧཱུྃ་ཧཱུྃ་བདག་ཅག་དཔོན་སློབ་བམ། ཡང་ན་གཟའ་ཚེ་འཁོར་དང་བཅས་པ་རང་ཞིང་རྒྱས་པར་མཛད་དུ་གསོལ་ཕཊ་སྭཱ་ཧཱ། ཅེས་བྲིས་པ་མཚོན་༼རྩིས་༽མནན་ལ་མགོན་པོའི་སྐུ་བཞེངས་ཏེ་རབ་གནས་ལེགས་པར་བྱའོ། །དེ་ནས་༼བློ་༽ལ་ཕྱོགས་པར་དྲིལ་ལ་རྩ་དབུ་མའི་ནང་དུ་གཞུག་གོ །དེ་ནས་ཤོག་བུའམ་རས་ལ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་དང་། ཤཱ་ས་ན་དང་། བཛྲ་མ་ཧཱ་ཀཱ་ལ་རྣམས་བྲིས་ལ། གོང་བཞིན་དྲིལ་ལ། རྩ་རོ་མ་དང་རྐྱང་མ་གཉིས་སུ་གཞུག་གོ །དེ་ནས་རིན་པོ་ཆེ་དང་། དར་སྣ་དང་། འབྲུ་སྣ་དང་། དྲི་བཟང་ལ་སོགས་པ་རྩ་གསུམ་དུ་ཤོང་ཚད་བླུག་ལ་ཕྱིང་པའམ་རས་ལ་དྲིལ་ཏེ། ལུས་ལ་བཅངས་ན་མགོན་པོ་འཁོར་བཅས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པས་ཅི་དགོས་པ་ཐམས་ཅད་འགྲུབ་ཅིང་། རང་ལ་གནོད་པའི་དགྲ་བགེགས་ཐམས་ཅད་རླག་པར་བྱའོ།
།གསང་བའི་རྟེན་ནི། དཀོན་མཆོག་ལ་དད་པ་གལ་ཆེ། ཁྱད་པར་བླ་མ་ལ་དད་པ་དཔག་ཏུ་མེད་པའི་སྒོ་ནས། སངས་རྒྱས་ཀྱི་སྐུར་མཐོང་བ་དང་། ཆོས་སྐྱོང་ལ་ཡིད་ཆེས་ནས་ངེས་ཤེས་བསྐྱེད་པ་གལ་ཆེ། དེས་ནི་བསམ་པ་ཐམས་ཅད་འགྲུབ་བྱེད་དོ། །གནད་ཡིག་འདི་ཆིག་བརྒྱུད་ཡིན་དམ་དུ་ཆོངས། དངོས་གྲུབ་ཐམས་ཅད་འགྲུབ་གསུངས་ནས་བཀའ་རྒྱས་བཏབ་ནས་གཤེགས་སོ། །ཨྀཐིཿ

༈ ༼ལི༽ དགྲ་བགེགས་གང་དམིགས་བརླག་མཛད་པའི། ཕྱག་དྲུག་འཁོར་དང་བཅས་ལ་འདུད། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདིའི་ཁྱད་པར་གྱི་མན་ངག་དཔྲལ་བའི་སིནྡྷུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བའི་གནད་ནི། མགོན་པོའི་དཔྲལ་བའི་སིནྡྷུ་ར་ལ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདི་འཁོར་བར་བསམ་སྟེ། དགེ་སྦྱོར་བྱེད་པའི་སྔོན་འགྲོ་ལ་བརྒྱ་རྩ་བརྒྱད་རེ་མ་ཆག་པར་བཟླས་ན་མཁའ་འགྲོ་དབང་དུ་འདུས་ནས་ཅི་དགོས་པ་འགྲུབ་ཅིང་། མངོན་པར་ཤེས་པ་ཐོགས་པ་མེད་པར་༼འགྲུབ་པར་༽འགྱུར་རོ། །འདི་ནི་མཁའ་འགྲོ་དབང་དུ་བསྡུ་བའི་གནད་དོ།
།སྤྱིའི་མི་བསྐྱོད་པ་ལ་བརྟེན་ནས་བརྒྱུད་འཇམ་དུ་གཏོང་བའི་གནད་ནི། མགོན་པོ་རང་གིས་སྤྱི་བོའི་མི་བསྐྱོད་པའི་ཐུགས་ཀ་ནས་ཧཱུྃ་མང་པོ་ན་ར་ར་བྱུང་ནས། མགོན་པོའི་རྩ་དབུ་མ་གང་བར་བསྒོམས་མོ། །རང་ཤེས་པ་འཚིག་ཏུ་བྱུང་ན་བྱ། རྒྱུད་འཇམ་དུ་གཏོང་བའི་གནད་དོ།
།མགོན་པོ་ནུས་པ་ཆུང་དུ་སོང་ན་སྐུའི་སྒོ་ནས་གཟི་མདངས་བསྐྱེད་ནི་པའི་གནད་ནི། མགོན་པོའི་སྤྱི་བོར་ཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་དང་། ནུས་མཐུ་དཔག་ཏུ་མེད་པ་བསྡུས་ནས་ཧཱུྃ་ལ་ཐིམ། ཧཱུྃ་དེ་འོད་དུ་ཞུ་བས་མགོན་པོའི་ཐུགས་ཀར་སླེབ་པ་དང་འཇམ་དཔལ་གཤིན་རྗེ་གཤེད་གཅིག་ཏུ་གྱུར་པར་བསྒོམས་ནས། འཇིག་རྟེན་འདི་ན་ང་ལས་ནུས་པ་ཆེ་བ་མེད་པ་ཡིན་ཨང་སྙམ་དུ་བསམ་མོ། །དེས་ནུས་མཐུ་ཐོགས་མེད་དུ་འགྲོའོ། །འདི་ནི་གཟི་མདངས་བསྐྱེད་པའི་གནད་ཡིན་ནོ། །ཨྀཐིཿ