Sgyu lus kyi sbyang pa rnam gnyis drin can shAkya'i mtshan can

From Shangpa Resource Center








Resource ID SCv10p751
Title sgyu lus kyi sbyang pa rnam gnyis drin can shAkya'i mtshan can la zhus pa
Topics Illusory body
Sub-Topics Instructions
Author Khyungpo Neljor
Associated Person Shakya Rinchen
Link BDRC W23922
BUDA MW2PD20238 (p.495+500 alt. version)
BDRC W3CN766
BDRC W8LS37032 (p.27)
BDRC W3CN18508 (v2p.586)
BDRC W22103 (p.290)

༄༅། །སྒྱུ་ལུས་ཀྱི་སྦྱང་པ་རྣམ་གཉིས་དྲིན་ཅན་ཤཱཀྱའི་མཚན་ཅན་ལ་ཞུས་པ་བཞུགས་སོ།།

འགྲོ་སྐྱོབ་རྡོ་རྗེ་ཕག་མོའི་སྐུ་ལ་གུས་པས་ཕྱག་འཚལ་ལོ།
སེམས་ཀྱིས་ལུས་སྦྱང་པ་དང་། ལུས་ཀྱིས་སེམས་སྦྱང་བ་གཉིས་ལས།
༼དང་པོ་༽སེམས་ཀྱིས་ལུས་སྦྱང་པ་ནི། རང་ཡི་དམ་༼གང་ཡིན་༽དུ་བསྒོམ་ལ། གཡང་ངམ་མཁར་རྩེ་ལྟ་བུར་ཕྱིན་ནས། གཡང་ཟར་བཅུག་སྟེ། ལུས་ཡི་དམ་གྱི་ལྷ་ཕྲེང་བ་རྒྱུས་པ་ལྟ་བུར་བསྒོམས་ཏེ། རྒྱ་མཚོའི་གཏིང་ངམ། སའི་སྟེང་སུ་མར་ ཆད་ཀྱི་ལྷུང་དུ་བཅུག་སྟེ། གཡང་ཟར་བཅུག་ཡར་བྱུང་པ་དང་༼ཡི་དམ་གྱི་སྐུ།༽འཇའི་རྣམ་པ་ལྟ་བུར་བསྒོམ་མོ།
༼གཉིས་པ་༽ལུས་ཀྱིས་སེམས་སྦྱང་པ་ནི། །ཡན་ལག་ཐམས་ཅད་ཀྱི་ཚིགས་ཐམས་ཅད་ལ་ཡི་དམ་གྱི་ལྷའི་ས་བོན་བསམ་ལ། དེ་ཐམས་ཅད་འོད་དུ་ཞུ་ལས་དང་རྣམ་པརསྨིན་པའི་སྒྲིབ་པ་ཐམས་ཅད་སྦྱངས༼ནས་༽༼རང་༽ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམས་ལ། འདི་ཐམས་ཅད་རང་སེམས་ཡིན། འཁྲུལ་པ་སྣ་ཚོགས་སུ་བྱུང་པ་མ་གཏོགས་བདེན་པར་གྲུབ་པ་མེད། སེམས་རིག་པ་ཙམ་མོ། རང་བཞིན་སྐྱེ་བ་མེད་པ། མཚན་ཉིད་འགག་པ་མེད་པ། འདི་ཀ་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་ཡིན་ནོ།
།ཕྱི་སྣང་བ་༼ཐབས་ལམ་ཡི་དམ་དུ་བསྒོམས་པའི།༽སྨིན་ཕྲག་དག་༼ཆོས་འབྱུང་གྲུ་གསུམ་གྱི་ནང་ལས།༽ནས་ནི། ༼ཨའི༽འོད་ཟེར་༼ལས་མཆོད་པའི་ཚོགས་དཔག་ཏུ་མེད་པ་བྱུང་ནས།༽ཁ་དོག་སྣ་ཚོགས་ཀྱིས། །༼དེ་ཡི་༽སངས་རྒྱས༼དང་༽བྱང་ཆུབ་སེམས་༼དཔའ་༽རྣམས་མཆོད། །༼དེའི་བཟང་ལན་དུ།༽ཡེ་ཤེས་བདུད་རྩིས་༼དཀར་པོའི་ཆུ་རྒྱུན་༽སྤྱན་དྲངས་ནས། །བདག་གི་ལུས་ལ་བསྟིམ་པ་ཡིས། །ལུས་ཀྱི་སྡིག་པ་༼དང་སྒྲིབ་པ་སངས།༽དག་པར་བསྒོམ། །༼ཡང་རང་གི་༽མགྲིན་པར་པདྨ་འདབ་༼མ་༽བཞི་༼པའི་སྟེང་དུ་༽ལས། །རྡོ་རྗེ་ཕག་མོ་དམར་མོ་༼གཡས་གྲི་གུག་དང་གཡོན་ཐོད་པ་དང་ཁ་ཊྭཱཾ་ག་དང་བཅས་པ་༽བསྒོམ། །༼ཐུགས་ཀ་ནས་༽འོད་ཟེར་སྤྲོ་བསྡུས་༼བདུད་རྩིས་རང་བཞིན་༽སྔ་མ་བཞིན༼དུ་འོང་ནས༽། །ཐུགས་ཀར་ཆོས་འབྱུང་༼སྔོན་མོ༽ཟབ་མོ་ནི།
།རང་བྱུང་ཕག་མོ་སྔོན་མོ་༼གྲི་ཐོད་ཁ་ཊྭཱཾ་ག་དང་བཅས་པ་༽བསྒོམ། །༼ཐུགས་ཀ་ནས་༽འོད་ཟེར་སྤྲོ་༼མཆོད་པའི་རང་བཞིན་༽བསྡུ་སྔ་མ་བཞིན། །ཞག་ནི་བདུན་བདུན་༼ཉི་ཤུ་རྩ་གཅིག་༽དག་ཏུ་བསླབ། །རྩ་བའི་༼ཨོཾ་གསུམ་༽སྔགས་ནི་སུམ་བརྒྱ་བགྲང་། ༼དེ་ནས་རང་གི་མིག་གཉིས་རྣ་བ་གཉིས་སྣ་གཉིས་ཁ་ཆུ་སོ་བཤང་ལམ་མོ།༽སྒོ་དག་དག་དང་ཡན་ལག་གི །རྩེ་མོ་རྣམས་སུ་ཧཱུྃ་༼སྡོན་པོ་༽རེ་བསྒོམ། །ཡི་དམ་སྙིང་པོ་༼ཡི་བདེ་བདུན་པ་༽བཟླས་པས་སུ། །ཧཱུྃ་རྣམས་ཐིག་ལེར༼སྔོན་པོ་༽གྱུར་ནས་ནི། །༼ཁོང་པའི་༽ནང་དུ་༼ཐིག་ལེ་བཞི་པོ་༽འདུས་ཏེ་སྙིང་དབུས་སུ། །༼ཐིག་ལེ་རྣམས་གཅིག་ཏུ་གྱུར་པ་ལས།༽ཡི་དམ་ལྷ་རུ་༼བདེ་མཆོག་ཏུ་༽གསལ་བར་བསྒོམ༼པའི་ཐུགས་ཀར་༽། །སྤུ་ཤུད་ལྟ་བུའི་ཡི་གེ་༼སྡོན་པོ༽ཧཱུྃ། །གསལ་བར་བསྒོམས་པས་༼བདེ་མཆོག་༽ཡི་དམ་གྱི། །སྙིང་པོ་༼ཡི་གེ་བདུན་པ༽མ་ཡེངས་བགྲང་པ་ཡི། །༼སྒྲ་དྲི་རོ་རེག་ལ་སོགས་ཆགས་སྡང་༽གཟུགས་སོགས་ཞེན་པ་བཀག་ནས་སུ། །སྒྱུ་མ་༼རང་ཤར་༽ལྟ་བུའི་སྣང་བ་འབྱུང་།
།ཕྱི་འི་སྣང་བ་༼སྣ་ཚོགས་པ་འདི་༽ཐམས་ཅད་ཀྱང་། །སྒྱུ་མ་ལྟ་བུ་མ་གཏོགས་པ། །བདེན་པར་གྲུབ་པ་གཏན་ནས་མེད། །༼གཟུགས་༽ལུས་འདི་ཡང་ལས་དང་ཉོན་མོངས་པས་བསྐྱེད་པ་མིན་པ་འདི་ལ་བདེན་པར་གྲུབ་པ་གཏན་མེད་༼པ་ཉིད་ཡིན་ནོ་༽དེ། །ལུས་འདི་ངོ་བོ་ཉིད་ཀྱིས་སྟོང་༼པ་ཉིད་ཡིན་ནོ༽། །སེམས་ཀྱི་རང་བཞིན་རྣམ་པ་གསལ་བ་འདི་ཁོ་ན་ཡིན། མ་བཅོས་པར་བཞག་ལ་ལུས་ཀྱི་ཞེན་པ་སྲང་ངོ་།
།སྣང་ཞིང་སྲིད་པའི་ཆོས་༼སུ་འཛིན་པ་ཐམས་ཅད༽སྤངས་ཏེ། །༼གད་ལ་༽ཞེན་པ་༼ཐམས་ཅད་༽བློ་ཡིས་བཏང་ནས་ནི། །༼རྩ་དབུ་མའི་ནང་སྙིང་གའི་ཐད་ཀར་༽ཨ་ཡིག་དངོས་པོ་ལུས་སྦྱངས་ཏེ། །༼སྒྱུ་མ་རྨི་ལམ་གྱི་༽འདུན་པ་དྲག་པོ་བཏང་ནས་ནི། །༼སྣང་གྲགས་ཀྱི་ཆོས་༽ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། །དེ་ལ་གནད་ནི་གསུམ་ཡིན་ཏི། །ལུས་ཀྱི་གནད་ནི་ལྷ་འི་སྐུ། །སྒྱུ་མ་ལྟ་བུར་༼སྣང་ལ་རང་བཞིན་མེ་པར་༽བསྒོམ་པར་བྱ། །ངག་གནད་རྡོ་རྗེའི་བཟླས་པ་༼གྲགས་སྟོང་རྟག་ཏུ་༽བྱ། །སེམས་ཀྱི་གནད་ནི་༼བཟང་ངན་ཐམས་ཅད་ལ་༽ཞེན་པ་སྤང་། །༼སྐྱེ་མེད་༽བཙོན་ར་ལྟ་བུའི་འཁེར་བ་༼འདི་༽ནས། །༼མྱུར་དུ་༽ཐར་པར་འདོད་པའི་བློ་བསྐྱེད་ལ། །༼ཡེངས་པ་མེད་པའི་༽བཙོན་འགྲུངས་དྲག་པོ་བརྩམས་པར་བྱ། །བླ་མ་རྣམས་ལ་གསོལ་བ་༼དྲག་པོ་༽གདབ། །རང་ལུས་ལྷ་སྐུར་༼སྒྱུ་མ་ལྟ་བུར་༽བསྒོམ་པར་བྱ། །བསོད་ནམས་༼ཀྱི་༽་ཚོགས་རྣམས་ཉེ་བར་འགྲུབ༼པ་༽། །༼དེ་ནས་རང་གི་༽སྨིན་ཕྲག་རང་བྱུང་༼ཡུལ་སྣང་གི་དམིགས་པའོ།༽གྲུ་གསུམ་༼ཕྱི་ནང་དུ༽ལས། །སྐྱེ་མེད་ཡི་གེ་ཨ་༼དཀར་པོ་༽བསམས་ཏེ། །འོད་ཟེར་༼དེ་ལས་ཁ་དོག་༽སྣ་ཚོགས་འཕྲོས་ནས་ནི། །ཡིད་༼འོད་ཟེར་༽དང་འགྲོགས་ན་གང་འདོད་༼པ་སྟེ་༽བལྟ༼བར་བྱའོ།༽། །ལྟེ་༼བའི་༽དབུས་རིན་ཆེན་འབྱུང་༼བའི་༽གནས་༼གྲུ་གསུམ་དུ་༽སུ། །དག་པའི་ཡི་གེ་ཧཱུྃ༼སྔོང་པོ་༽བསམས་ཏེ། །༼འོད་ཟེར་༽ཕྱོགས་བཅུར་སྤྲོས་ཏེ་ཡི་དམ་༼བྱི་ལྟར་༽བསྒོམ། །བསྡུས་ནས་༼ཚུར་བྱུང་ནས་༽ལྟེ་༼བའི་༽དབུས་༼ཀྱི་༽གཞལ་ཡས་སུ༼གྲུ་གསུམ་ནང་དུ།༽། །ཡི་དམ་༼བདག་མེད་མ་རྗེ་བཙུན་མ།༽གསལ་བར་བསྒོམས་༼པའི་ཟུགས་ཀར་༽པ་ལ། །ཡིད་བཅུག་༼ནས་མ་ཡེངས་པར་༽ཉལ་བར་བྱས་ནས་ནི། །ཟླ་གསུམ་དག་ཏུ་བསྒོམས་༼པར་༽བྱས་ན། །༼རྨི་ལམ་༽ཟིན་༼པ་༽དང་༼སྤེལ་ཤེས་༽སྦྱོང་བ་མཉམ་དུ་འབྱུང་། །༼རང་གི་༽པདྨ་འདབ་༼མ་༽བརྒྱད་༼དང་ལྡན་པའི་༽སྙིང་དབུས་སུ། །རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་ནི། །ཞལ་གཅིག་༼པ་ལ་༽ཕྱག་གཉིས་༼པ་༽སྐུ་མདོག་ནག༼མོ༽༼ཕྱག་༽གཡས་ན་རྡོ་རྗེ་གྲི་གྲུག་བསྣམས༼པ༽། །༼ཕྱག་༽གཡོན་ན་ཐོད༼པ་༽ཁྲག་༼གིས་བཀང་བ༽ཐུགས་ཀར་བཟུང་༼བའོ༽། །༼གསང་གནས་ཀྱི་༽པདྨ་གྲུ་གསུམ་གཞལ་ཡས་ནས། །འོད་ཟེར་ཁ་དོག་སྣ་ཚོགས་ནི། །༼ཨོཾ་གསུམ་མ་༽རྩ་བའི་སྔགས་ཀྱིས་བསྐུལ་ནས་སུ། །༼འོད་ཟེར་༽བ་ཐག་ལྟ་བུར་བྱུང་བ་ཡི། །༼རང་གི་ལུས་ཀུན་གྱི་༽རྩ་རྒྱུད་ཐམས་ཅད་གང་བས་སུ། །ལུས་ལ་ཟག་༼པ་༽མེད་༼པའི་༽བདེ་བ་༼སྐྱེ་བར་༽བསྒོམ། །༼རང་ཉིད་༽ཡི་དམ་༼ལྷར་༽གསལ་བར་བསྒོམས་པ་ཡི། །སྨིན་༼ཏུ་ཆོས་འབྱུང་༽ཕྲག་གྲུ་གསུམ་༼དཀར་པོའི་༽གཞལ་ཡས་༼ཁང་གི་ནང་དུ་༽ན། །རང་བྱུང་ཕག་མོ་༼གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ་༽དཀར་མོ་ཡི། །གསང་གནས་སྨིན་པྲག་དག་ནས་ནི། །༼ཕྱི་ནང་གི་མཆོད་པའི་རང་བཞིན་༽འོད་ཟེར་ཁ་དོག་སྣ་ཚོགས་ཀྱིས། །སངས་རྒྱས་༼དང་༽བྱང་ཆུབ་སེམས་༼དཔའ་༽རྣམས་མཆོད༼པའོ༽། །༼དེའི་བཟང་ལན་དུ་༽ཡེ་ཤེས་བདུད་རྩིས་སྤྱན་དྲངས་ཏེ། །བདག་གི་ལུས་ལ་བསྟིམ་པ་ཡིས། །ལུས་ཀྱི་སྡིག་པ་༼དང་སྒྲིབ་པ་སངས་༽དག་པར་བསྒོམ། །༼ཡང་རང་གི་༽མགྲིན་པར་པདྨ་འདབ་བཞི་ལས༼པདྨ་དམར་པོའི་སྟེང་དུ༽
།རྡོ་རྗེ་ཕག་མོ་དམར་མོ་བསྒོམ། །༼སྨིན་ཕྲག་ནས་༽འོད་ཟེར་༼བ་དང་གསང་གནས་སུ་༽སྤྲོ་བསྡུ་༼དང་༽སྔ་མ་༼བསྒོམ་མོ་༽བཞིན། །༼རང་གི་༽ཐུགས་ཀར་ཆོས་འབྱུད་ཟབ་མོ་༼ནང་དུ་༽ནི། །རང་བྱུང་ཕག་མོ་༼གྲི་ཐོད་༽སྔོན་མོར་བསྒོམ། །འོད་ཟེར་སྤྲོ་༼དེའི་གསང་གནས་སྨིན་ཕྲག་ནས་༽བསྡུ་སྔ་མ་བཞིན༼བསྒོམ་མོ་༽། །ཞག་ནི་བདུན་༼ཉི་ཤུ་རྩ་གཅིག༽བདུན་དག་ཏུ་བསླབ། །༼ཨོཾ་གསུམ༽རྩ་བའི་སྔགས་ནི་སུམ་བརྒྱ་བགྲང་། །སྒོ་དགུ་དག༼འི་ཡི་གེ་ལ་སོགས་པ༽་དང་ཡང་དག་གི །རྩེ་༼མོ་དར་ཚོགས་༽རྣམས་ཡི་གེ་ཧཱུྃ་༼སྔོན་པོ་༽རེ་བསྒོམ༼པ་དང་༽། །ཡི་དམ་༼ལྷའི་༽སྙིང་པོ་༼མ་ཡེངས་པར་༽བཟླས་པས་གསུང་། །ཧཱུྃ་རྣམས་༼ཞུ་ནས་༽ཐིག་ལེར་གྱུར་ནས་ནི། །༼ཁོང་པའི་༽ནང་དུ་འདུས་༼རང་གི་༽ཏེ་སྙིང་༼གི་ནང་གི་༽དབུས་སུ། །ཡི་དམ་ལྷ་༼བདེ་མཆོག་༽རུ་གསལ་བར་བསྒོམ། །སྤུ་ཤད་ལྟ་བུའི་ཡི་གེ་ཧཱུྃ། །གསལ་བར་བསྒོམས་ནས་ཡི་དམ་༼ཡི་དམ་གྱི་བཀན་༽གྱིས། །སྙིང་པོ་མ་ཡེངས་བགྲང་པ་ཡི། །གཟུགས་སོགས་ཞེན་པ་བཀག་ནས་སུ། །སྒྱུ་མ་༼རང་ཤར་༽ལྟ་བུའི་རྣམ་པ་འབྱུང་།

༼སྒྱུ་ལུས་སྦྱང་པ་རྣམ་གསུམ་བཞུགས།༽
།བླ་མ་རྣམས་ལ་ཕྱག་འཚལ་ལོ།
།བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས། རང་༼རང་སྒྱུ་ལུས་ཀྱི་དམིགས་པ་༽ཡི་དམ་གྱི་ལྷར་བསྒོམས་པའི་སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ། བདག་མེད་མ་ཉི་ཤུ་རྩ་གཅིག །གཡས་གྲི་གུག་ཐོགས་པ། །གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། སྐུ་མདོག་སྔོན་མོ་༼སྟག་གི་པགས་པས་སྨད་དཀྲིས་པ་༽གར་སྟབས་སུ་བཞུགས་པ། ཁ་ཊྭཱཾ་ག་མཆན་ཁུང་ན་བཅུག་པ། དབུ་སྐྲ་རལ་པ་ཁམ་སེར་བརྫེས་པ། སྤྱན་གསུམ་པ་རུས་པའི་རྒྱན་དང་ལྡན་པ། དེ་དག་གི་ཐུགས་ཀར་དམིགས་ཏེ། ཨོཾ་ཨཱཿསྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པས། ༼བདག་མེད་མའི༽ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་༼བས༽༼རང་གི་༽ཤ་ཁྲག་དང་། སྡིག་སྒྲིབ། བར་དུ་གཅོད་པའི་གནོད་པ་ཐམས་ཅད་སངས་ཀྱིས་དག་ནས། ལུས་ཕྱི་ནང་དང་བཅས་པ་ཐམས་ཅད་དག་སྟེ་སྔོ་མེར་གྱིས་སོང་ནས། མདངས་མོ་ནས་རླུང་གཡོས་པ་ལས། ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ནས། ཕྱག་རྒྱ་ཆེན་པོའི་༼རང་བཞིན་མེད་པའི་༽རང་དུ་བཞག་གོ །ཡང་༼འདི་ཡང་སྒྱུ་ལུས་༽ཡི་དམ་གྱི་ལྷར་གསལ་བའི་དབང་པོའི་རྩེ་མོ་ལ། ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་འཕྲོ་བ་གཅིག་བསྒོམ། མདུན་དུ་བདག་མེད་མ་གཅིག་བསྒོམས་ལ། །དེའི་པདྨའི་ནང་དུ་ཡི་གེ་ཨོཾ་ཨཱཿསྭཱ་ཧཱ། དམར་བ་ལ་དམིགས་པ་སྔགས་བཟླས་པས། འོད་ཟེར་བ་ཐག་ལྟ་བུ་ནར་གྱིས་བྱུང་ནས། ཡི་གེ་ཧཱུྃ་ལ་ཕོག་པ་དང་། འོད་ཀྱི་རྣམ་པར་གྱུར་ནས་ལུས་ཀྱི་ནང་ན་ཡར་བ་ཐག་གི་རྣམ་པ་ལྟ་བུར་༼དཔག་ཏུ་མེད་པ༽སོང་ནས། རྩ་ཐམས་ཅད་སྦྱངས༼པས༽། ལུས་འོད་ཀྱི་གོང་བུ་ལྟ་བུར་སོང་པར་བསམ་ལ། ཨོཾ་ཨཱཿསྭཱ་ཧཱ། བརྒྱ་རྩ་བརྒྱད་བགྲངས་པས་བདག་མེད་མ་འོད་དུ་༼ལྟེམ་གྱིས་༽ཞུ་༼ནས་༽། རྩ་ལམ་གྱི་ནང་ན་ཡར་ཞུགས་ནས། ལུས་ཐམས་ཅད་ལ་ཁྱབ་པ་དང་། འོད་དུ་ཡལ་གྱིས་ཡལ་ནས། ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །དེའི་ངང་ལས་ཡི་དམ་གྱི་ལྷ་གང་ཡིན་དུ་ལངས་ལ། དེ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པར་བསྒོམ། དེ་ཡང་༼རྒྱུད་ལས་༽ཆོས་ཐམས་ཅད་སྣང་ཡང་༼བདེན་པར་མ་གྲུབ་པས་༽སྟོང་པའི་རང་བཞིན་ལས། ཤེས་བློ་ཡོད་པས་བློ་མི་འཇུག །ཞེས་སོ། །ཡང་ཡི་དམ་ལྷར་བསྒོམས་པའི་དབང་པོའི་རྩེ་མོ་ལ། ཡི་གེ་ཧཱུྃ་སྔོན་པོ་འོད་ཟེར་ཁ་དོག་རྣམ་པ་ལྔ་འཕྲོ་བ་གཅིག་དམིགས་ལ། ཡི་དམ་གྱི་ལྷའི་སྙིང་པོ་བགྲངས་ནས། འོད་ཟེར་ནང་དུ་དྲངས་པས། དབང་པོ་སྒྱུ་མ་ལྡོག་པ་ལྟ་བུར་སོང་བ་ལས། ལྟེ་བའི་དབུས་སུ་འོད་ཟེར་ཁ་དོག་རྣམ་པ་ལྔ་ལ་དམིགས་ནས་བཟླས་པ་བརྒྱ་རྩ་བརྒྱད་བྱས་པས། ལུས་ཐམས་ཅད་འཇའི་རྣམ་པ་ལྟ་བུ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམས། སྣང་བ་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་བསྒོམ། དེ་ལ་ཞག་བདུན་ནམ། ཉེར་གཅིག་ཅི་རིགས་པར་བསླབ། དེ་ནས་སྙིང་༼འོད་ལྔ་པོ་དེས།༽གར། དེ་ནས་མགྲིན་པར་དྲངས། དེ་ནས་སྤྱི་གཙུག་ཏུ་དྲངས་པས། ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུག་ནས་སྤྱི་བོར་བཞུགས་པ་ལ་༼ཕྱི་ནང་གསང་གསུམ་གྱིས་༽མཆོད་པ་སྣ་ཚོགས་འབུལ། དེ་ཐམས་ཅད་༼དེ་ཁོ་ན་ཉིད་ཀྱི་མཆོད་པ་༽ཀྱང་སྒྱུ་མ་ལྟ་བུར་བསྒོམ། ༼དེ་ནས་༽སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཧཱུྃ་ལ་ཐིམ་པར་བསྒོམ། ཧཱུྃ་དེ་ཡང་ཡི་དམ་གྱི་ལྷ་གང་ཡིན་དུ་བསམ། དེ་ཡང་ཁོ་ནས་སྦྱང་བ་དང་སྦྱོར་བ་ཤེས་པ་ལས་རྟགས་དང་ཡོན་ཏན་སྣ་ཚོགས་འབྱུང་། ཞེས་སོ། །སྦྱང་བ་ནི། །ཧཱུྃ་འོད་ཟེར་དང་བཅས་པ་ལས་ཡར་དྲངས་ནས། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོར་འདྲེན་པའོ། །སྦྱོར་བ་ནི་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་པའོ། །རྟགས་ནི་རྨི་ལམ་ཟིན་པའོ། །ཡོན་ཏན་ནི་༼འཁོར་འདས་ཐམས་ཅད་ལ་༽ཞེན་པ་མེད་པའོ། །ཞག་བདུན་ནམ་ཉེར་གཅིག་ཅི་རིགས་པར་སྦྱོང་པའོ། །༼ཡུལ་སྣང་གི་དམིགས་པ་༽རང་ཡི་དམ་ལྷར་བསྒོམས་པའི་ལྟེའི་དབུས་སུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་གཅིག་བསམ། དེའི་ནང་དུ་ཨོཾ་ཨཱཿསྭཱ་ཧཱ་ཁ་དོག་སྣ་ཚོགས་སུ་འདུག་པ་གཅིག་དམིགས་ནས་བཟླས་པས། འོད་དུ་ཞུ་ནས་མེར་རེ་བྱུད་པ་ལས། བདག་མེད་མས་བུ་བྱས་པའི་ཡི་དམ་གྱི་ལྷ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཆོས་སྐྱོང་བ་ལ་སོགས་དཔག་ཏུ་མེད་པ་བྱོན་ནས། སྣ་བུག་གཡོན་པ་ན་ཕར་བྱོན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས། རང་རང་སྔགས་དི་རི་རི་བརྗོད་པར་བསམ། ཡང་ཐོད་པའི་ནང་དུ་དམིགས་ནས་ཨོཾ་ཨཱཿསྭཱ་ཧཱ་བཟླས་པ་དང་། འོད་ཟེར་ཁ་དོག་རྣམ་པ་ལྔས་སྣ་དྲངས་པའི་༼ཕྱི་ནང་གསང་གསུམ་གྱི་༽མཆོད་པ་དཔག་ཏུ་མེད་པ་བྱུང་ནས། སྣ་བུག་གཡས་པ་ན་ཡར་དོན་ཏེ། འོད་ཟེར་གྱི་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྒོམ། ནང་ན་གནས་པའི་ཡི་དམ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་ཕུལ། གསོལ་བ་དྲག་ཏུ་གདབ༼པར་བྱའོ་༽། ཉིན་མོ་དེ་ལྟར་སྦྱངས་པ་ལས། ནུབ་མོ་ཉག་ཙ་ན་༼རང་ཡི་དམ་དུ་བསྒོམས་པའི་ལྟེ་བར་༽ཐོད་པའི་ནང་དུ་བདག་མེད་མ་བསམས་ལ། ཡི་དམ་གྱི་ལྷ་ཁྱེད་ཀྱིས་དོ་ནུབ་ཀྱི་སྐབས་སུ། འཇིག་རྟེན་༼གྱི་༽ཁམས་དཔག་ཏུ་མེད་པ་མཐོང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་འགྱུར་བར་མཛད་དུ་གསོལ། །ཞེས་བརྗོད་ནས་ཉལ་བ་དང་། བདག་མེད་མའི་ཐུགས་ཀར་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྐྲ་ལམ་མེ་བ་ལ་དམིགས་པ་གཏད་༼མ་ཡེངས་པར༽ལ་གཉིད་ཉལ་བས། རྨི་ལམ་ཟིན་པ་དང་། སྤྱོང་ཤེས་༼པ་དང་ཡུལ་སྣང་གཏན་ལ་ཕེབས་པ།༽མཉམ་དུ་འོང་སྟེ། བདག་མེད་མ་ལ་བརྟེན་ནས་སྦྱོང་བ་ལྟར། ཡི་དམ་གྱི་ལྷ་གཞན་ལ་ཡང་དེ་བཞིན་དུ་སྦྱང་བར་བྱའོ། །༼ལོ་ཟླ་ཙམ་གྱིས་སངས་རྒྱའི་༽ཐབས་ལམ་ཟབ་མོའི་སྦྱོར་ལ་འདི། །གཞན་ཕན་བློ་ཡིས་ཡི་གེར་བཀོད། །འགལ་འཁྲུལ་ནོངས་པ་མཆིས་ན་ཡར། །གནས་གསུམ་མཁའ་གྲོས་བཟོད་པར་མཛོད། །ཟབ་མོ་ལམ་གྱི་སྦྱོར་བཞི་༼མཁའ་འགྲོའི་ཞལ་གདམས་༽འདི། །༼དྲུག་པ་༽རྡོ་རྗེ་འཆང་ཆེན་ནས་བཟུང་སྟེ། །༼རྩ་བའི་༽བླ་མ་སངས་རྒྱས་ལྟ་བུ་ཡི། །སྙན་ནས་སྙན་དུ་བརྒྱུད་པ་འདི། །བདག་གིས་ཉམས་སུ་བླངས་པ་ཡིན། །སྡུག་བསྔལ་༼ཐམས་ཅད་༽ཁྱད་༼དུ་༽བསད་༼ནས་༽ཉམས་སུ་༼བླངས་པར་བྱའོ་༽ལོང་།
།སྒྱུ་ལུས་ཀྱི་སྦྱང་པ་རྣམ་གཉིས་ཞེས་བྱ་བ། །བདག་ཁུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་རྫོགས་སོ།།
མཚུངས་མེད་ཤཱཀྱ་རིན་ཆེན་གྱིས། །དགྱེས་བཞིན་དུ་བདག་འཁྱམས་པོ་ངག་དབང་ལ་གནང་ངོ་། །མངྒ་ལཾ།

BDRC W22103 p.290: སྦྱང་པ་རྣམ་གཉིས།
འགྲོ་སྐྱོབ་རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ནས།
སེམས་ཀྱིས་ལུས་སྦྱང་བ་དང་། ལུས་ཀྱིས་སེམས་སྦྱང་གསལ།
དང་པོ་ནི། རང་ཡི་དམ་གྱི་ལྷར་སྒོམས་ལ། གཡང་ཁའམ། མཁར་རྩེ་ལྟ་བུར་ཕྱིན་ནས། གཡང་ཟར་འཇུག་སྟེ། ལུས་ཡི་དམ་གྱི་ལྷ་ཕྲེང་ལ་རྒྱུས་པ་ལྟ་བུར་སྒོམས་ལ། རྒྱ་མཚོའི་གཏིང་ངམ། ས་སྟེངས་སུ་མར་ཕྱད་ཀྱིས་ལྷུང་དུ་བཅུག་སྟེ། གཡང་ཟར་བཅུག་ལ། ཡར་བྱུང་བ་དང་འཇའི་རྣམ་པ་ལྟ་བུར་སྒོམ་མོ།
གཉིས་པ་ནི། ཡན་ལག་གི་ཚིགས་ཐམས་ཅད་ལ་ཡི་དམ་ལྷའི་ས་བོན་བསམ་ཏེ། དེ་ཐམས་ཅད་འོད་དུ་ཞུ་བ་ལས། རྣམ་པརསྨིན་པའི་སྒྲིབ་པ་སྦྱངས། ཡི་དམ་ལྷ་སྣང་ལ་རང་བཞིན་མེད་པ་སྒོམས་ལ། འདི་ཐམས་ཅད་རང་གི་སེམས་ཡིན། འཁྲུལ་པ་སྣ་ཚོགས་སུ་བྱུང་བ་མ་གཏོགས་པ་བདེན་པར་གྲུབ་པ་མེད། སེམས་རིག་པ་ཙམ་པོ། རང་བཞིན་སྐྱེ་བ་མེད་པ། མཚན་ཉིད་འགག་པ་མེད་པ། འདི་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་ཡིན་ནོ།
།ཕྱི་སྣང་སྨིན་ཕྲག་དག་ནས་ནི། འོད་ཟེར་ཁ་དོག་སྣ་ཚོགས་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་པ་མཆོད། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །བདག་གི་ལུས་ལ་སྟིམས་པ་ཡིས། །ལུས་ཀྱི་སྡིག་པ་དག་པར་སྒོམ། །མགྲིན་པར་པད་མ་འདབ་བཞི་ལས། །རྡོ་རྗེ་ཕག་མོ་དམར་བ་སྒོམ། །འོད་ཟེར་སྤྲོ་སྡུ་སྔ་མ་བཞིན། །ཐུགས་ཁར་ཆོས་འབྱུང་ཟབ་མོ་ནི།
།རང་བྱུང་ཕག་མོ་སྔོན་མོ་སྒོམ། །འོད་ཟེར་སྤྲོ་སྡུ་སྔ་མ་བཞིན། །ཞག་ནི་བདུན་བདུན་དག་ཏུ་སླབ། །རྩ་བའི་སྔགས་ནི་སུམ་བརྒྱ་བགྲང་། སྒོ་དགུ་དག་དང་ཡན་ལག་གི །རྩེ་མོ་རྣམས་སུ་ཧཱུྃ་རེ་སྒོམ། །ཡི་དམ་སྙིང་པོ་ཟླས་པས་སུ། ༼།ཧཱུྃ་རྣམས་ཐིག་ལེར་གྱུར་ནས་ནི། །ནང་དུ་འདུས་ཏེ་སྙིང་དབུས་སུ།༽ །ཡི་དམ་ལྷ་རུ་གསལ་བར་སྒོམ། །སྤུ་ཤད་ལྟ་བུའི་ཡི་གེ་ཧཱུྃ། །གསལ་བར་སྒོམས་ལ་ཡི་དམ་གྱི། །སྙིང་པོ་མ་ཡེངས་བགྲངས་པ་ཡིས། །གཟུགས་སོགས་ཞེན་པ་བཀག་ནས་སུ། །སྒྱུ་མ་ལྟ་བུའི་སྣང་བ་འབྱུང་།
།ཕྱི་འི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་བདེན་པར་གྲུབ་པ་གཏན་མེད་ལུས་འདི་ཡང་ལས་དང་ཉོན་མོངས་པས་སྐྱེད་པ་མིན་པ་འདི་ལ་བདེན་པར་གྲུབ་པ་གཏན་མེད། འདི་ནི་ངོ་བོ་ཉིད་ཀྱིས་སྟོང་། སེམས་ཀྱི་རྣམ་པ་གསལ་བ་འདི་ཁོ་ན་ཡིན། མ་བཅོས་པར་བཞག་ལ་ལུས་ཀྱི་ཞེན་པ་མང་ངོ་།
།སྣང་ཞིང་སྲིད་པའི་ཆོས་སྤངས་ཏེ། །ཞེན་པ་བློ་ཡིས་བཏང་ནས་སུ། །ཨ་ཡིས་དང་པོའི་ལུས་སྦྱངས་ཏེ། །མདུན་པ་དྲག་པོ་བཏང་ནས་ནི། །ཐམས་ཅད་སྒྱུ་མ་ལྟ་བུར་སྒོམ། །དེ་ལ་གནད་ནི་གསུམ་ཡིན་ཏི། །ལུས་ཀྱི་གནད་ནི་ལྷ་ཡི་སྐུ། ༼།སྒྱུ་མ་ལྟ་བུར་བསྒོམ་པར་བྱ།༽ །ངག་གནད་རྡོ་རྗེའི་བཟླས་པ་བྱ། །ཡིད་གནད་ཞེན་པ་སྤངས་པའོ། །བཙོན་ར་ལྟ་བུའི་འཁེར་བ་ནས། །ཐར་པར་འདོད་པའི་བློ་སྐྱེད་ལ། །རྩོན་འགྲུས་དྲག་པོ་བརྩམ་པར་བྱ། །བླ་མ་རྣམས་ལ་གསོལ་བ་གདབ། །རང་ལུས་ལྷ་སྐུར་བསྒོམ་པར་བྱ། །བསོད་ནམས་ཚོགས་རྣམས་ཉེ་བར་སྒྲུབ། །སྨིན་ཕྲག་རང་བྱུང་གྲུ་གསུམ་ལས། །སྐྱེ་མེད་ཡི་གེ་ཨ་བསམས་ཏེ། །འོད་ཟེར་སྣ་ཚོགས་འཕྲོས་ནས་ནི། །ཡིད་དང་འགྲོགས་ཏེ་གང་འདོད་ལྟ། །ལྟེ་དབུས་རིན་ཆེན་འབྱུང་གནས་སུ། །དག་པའི་ཡི་གེ་ཧཱུྃ་བསམས་ཏེ། །ཕྱོགས་བཅུར་འཕྲོས་ཏེ་ཡི་དམ་སྒོམ། །སྡུས་ནས་ལྟེ་དབུས་གཞལ་ཡས་སུ། །ཡི་དམ་གསལ་བར་སྒོམས་པ་ལས། །ཡིད་བཅུག་ཉལ་བར་བྱས་ནས་ནི། །ཟླ་གསུམ་དག་ཏུ་བསྒོམ་བྱས་ནས། །ཟིན་དང་སྦྱོང་བ་མཉམ་དུ་འོང་། །པད་མ་འདབ་བརྒྱད་སྙིང་དབུས་སུ། །རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །གཡས་ན་རྡོ་རྗེ་གྲི་གྲུག་སྣམས། །གཡོན་པ་ཐོད་ཁྲག་ཐུགས་ཁར་བཟུང་། །པད་མ་གྲུ་གསུམ་གཞལ་ཡས་ན། །འོད་ཟེར་ཁ་དོག་སྣ་ཚོགས་ནི། །རྩ་བའི་སྔགས་ཀྱིས་སྐུལ་ནས་སུ། །བ་ཐག་ལྟ་བུར་བྱུང་བ་ཡིས། །རྩ་རྒྱུད་ཐམས་ཅད་གང་བས་སུ། །ལུས་ལ་ཟག་མེད་བདེ་བ་སྒོམ། །ཡི་དམ་གསལ་བར་སྒོམས་པ་ཡིས། །སྨིན་ཕྲག་གྲུ་གསུམ་གཞལ་ཡས་ནས། །རང་བྱུང་ཕག་མོ་དཀར་མོ་སྒོམ། །གསང་གནས་སྨིན་པྲག་དག་ནས་ནི། །འོད་ཟེར་ཁ་དོག་སྣ་ཚོགས་ཀྱིས། །སངས་རྒྱས་བྱང་ཆུབ་སེམས་པ་མཆོད། །ཡེ་ཤེས་བདུད་རྩིས་སྤྱན་དྲངས་ནས། །བདག་གི་ལུས་ལ་སྟིམས་པ་ཡིས། །ལུས་ཀྱི་སྡིག་པ་དག་པར་བསམ། །མགྲིན་པར་པད་མ་འདབ་བཞི་ལས།
།རྡོ་རྗེ་ཕག་མོ་དམར་མོ་སྒོམ། །འོད་ཟེར་སྤྲོ་སྡུ་སྔ་མ་བཞིན། །ཐུགས་ཁར་ཆོས་འབྱུད་ཟབ་མོར་ནི། །རང་བྱུང་ཕག་མོ་སྔོན་མོ་སྒོམ། །འོད་ཟེར་སྤྲོ་སྡུ་སྔ་མ་བཞིན། །ཞག་ནི་བདུན་བདུན་དག་ཏུ་སླབ། །རྩ་བའི་སྔགས་ནི་སུམ་བརྒྱ་བགྲང་། །སྒོ་དགུ་དག་དང་ཡན་ལག་གི །རྩེ་མོ་རྣམས་སུ་ཧཱུྃ་རེ་བསམ། །ཡི་དམ་སྙིང་པོ་ཟླས་ནས་གསུང་། །ཧཱུྃ་རྣམས་ཐིག་ལེར་གྱུར་ནས་ནི། །ནང་དུ་འདུས་ཏེ་སྙིང་དབུས་སུ། །ཡི་དམ་ལྷ་རུ་གསལ་བར་སྒོམ། །སྤུ་ཤད་ལྟ་བུའི་ཡི་གེ་ཧཱུྃ། །གསལ་བར་སྒོམ་ཞིང་ཡི་དམ་གྱི། །སྙིང་པོ་མ་ཡེངས་བགྲངས་པ་ཡིས། །གཟུགས་སོགས་ཞེན་པ་བཀག་ནས་སུ། །སྒྱུ་མ་ལྟ་བུའི་རྣམ་པ་འབྱུང་།
།བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་རང་ཡི་དམ་གྱི་ལྷར་སྒོམ་པའི་སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ་བདག་མེད་མ་ཉི་ཤུ་རྩ་གཅིག །གཡས་གྲི་གུག་ཐོགས་པ་གཡོན་ཐོད་ཁྲག་ཐུགས་ཁར་སྣམས་པ། སྐུ་མདོག་སྔོན་པོ་གར་སྟབས་སུ་བཞུགས་པ། ཁ་ཊྭཱཾ་ཀ་མཆན་ཁུང་ན་བཅུག་པ། དབུ་སྐྲ་རལ་པ་ཁམ་སེརགྱེན་དུ་རྫེས་པ། སྤྱན་གསུམ་པ་རུས་པའི་བརྒྱན་དང་ལྡན་པ། དེ་དག་གི་ཐུགས་ཁར་དམིགས་ཏེ། ཨོཾ་ཨཱཿསྭཱ་ཧཱ། ཅེས་པས་བརྒྱ་རྩ་བརྒྱད་ཟླས་པས་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ། ཤ་ཁྲག་དང་། སྡིག་སྒྲིབ་བར་དུ་གཅོད་པའི་གནོད་པ་ཐམས་ཅད་སངས་དག་ནས་ལུས་ཀྱི་ཕྱི་ནང་ཐམས་ཅདསྔོ་མེར་སོང་ནས་རླུང་གཡོས་པས་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ནས་ཕྱག་རྒྱ་ཆེན་པོའི་རང་དུ་བཞག་གོ །རང་ཡི་དམ་གྱི་ལྷར་སྒོམ་པའི་དབང་པོའི་རྩེ་མོ་ལ་ཡི་གེ་ཧཱུྃ་སྔོན་པོ་འོད་འཕྲོ་བ་ཅིག་སྒོམ། མདུན་དུ་བདག་མེད་མ་གཅིག་སྒོམས་ལ། །དེའི་པད་མའི་ནང་དུ་ཨོཾ་ཨཱཿསྭཱ་ཧཱ་དམར་བ་ལ་དམིགས་ལ་སྔགས་ཟླས་པས་འོད་བ་ཐག་གི་རྣམ་པ་ལྟ་བུར་ནར་གྱིས་བྱུང་ནས་ཡི་གེ་ཧཱུྃ་ལ་ཕོག་པ་དང་འོད་ཀྱི་རྣམ་པར་གྱུར་ནས་ལུས་ཀྱི་ནང་ན་ཡར་ལ་བ་ཐག་གི་རྣམ་པ་ལྟ་བུར་སོང་ནས་རྩ་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུར་བདེ་སང་གིས་སོང་པར་བསམ་ལ། ཨོཾ་ཨཱཿསྭཱ་ཧཱ་བརྒྱ་རྩ་བརྒྱད་ཟླས་པས་བདག་མེད་མ་འོད་དུ་ཞུ། རྩ་འདབ་ཀྱི་ནང་ན་ཡར་ཞུགས་ནས་ལུས་ཐམས་ཅད་ལ་ཁྱབ་པ་དང་། འོད་ཡལ་ཏེ་ཡལ་ནས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །དེའི་ངང་ནས་ཡི་དམ་གྱི་ལྷ་གང་ཡིན་དུ་ལངས་ལ། དེ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པར་སྒོམ་མོ། །དེ་ཡང་ཆོས་ཐམས་ཅད་སྣང་ཡང་སྟོང་པའི་རང་བཞིན་ལ། ཤེས་བློ་ཡོད་པས་བློ་མི་འཇུག །ཅེས་སོ།
།ཡང་ཡི་དམ་ལྷར་སྒོམས་དབང་པོའི་རྩེ་མོ་ལ་ཧཱུྃ་སྔོན་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་གཅིག་དམིགས་ལ། ཡི་དམ་ལྷའི་སྙིང་པོ་ཟླས་པས་འོད་ཟེར་ནང་དུ་དྲངས་ནས་དབང་པོ་རྒྱུ་མ་ཟློག་པ་ལྟ་བཞིན་སོང་སྟེ་ལྟེ་བའི་དབུས་སུ་འོད་ཟེར་ཁ་དོག་རྣམ་པ་ལྔ་ལ་དམིགས་ནས་ཟླས་པ་བརྒྱ་རྩ་བརྒྱད་བྱས་པས་ལུས་ཐམས་ཅད་འཇའི་རྣམ་པ་ལྟ་བུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་སྒོམ། སྣང་བ་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུར་སྒོམ། དེ་ལ་ཞག་བདུན་ནམ་ཉེར་གཅིག་ཇི་རིགས་པར་སླབ། དེ་ནས་སྙིང་ཁར་དྲང་། དེ་ནས་མགྲིན་པར་དྲང་། དེ་ནས་སྤྱི་གཙུག་ཏུ་དྲངས་པས་ཧཱུྃ་ལས་འོད་ཟེར་འཕྲོས་ནས་སངས་རྒྱས་དང་བྱང་ཆུབ་སེམས་པ་ཐམས་ཅད་བཀུག་སྟེ་སྤྱི་བོར་ཞུགས་པ་ལ་མཆོད་པ་རྣམ་པ་སྣ་ཚོགས་འབུལ། དེ་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུར་སྒོམ། སངས་རྒྱས་དང་བྱང་ཆུབ་སེམས་པ་ཐམས་ཅད་ཧཱུྃ་ལ་ཐིམ་པར་སྒོམ། དེ་ཡང་ཡི་དམ་གྱི་ལྷ་གང་ཡིན་དུ་བསམ། དེ་ཡང་དེ་ཁོ་ནས། སྦྱང་དང་སྦྱོར་བ་ཤེས་པ་ལས། རྟགས་དང་ཡོན་ཏན་སྣ་ཚོགས་འབྱུང་ཞེས་སོ།
།སྦྱང་བ་ནི། ཧཱུྃ་འོད་ཟེར་དང་བཅས་པས་མས་ཡར་དྲངས་ནས་ལྟེ་བ་མགྲིན་པ་སྤྱི་བོར་འདྲེན་པའོ། །སྦྱོར་བ་ནི། ཐམས་ཅད་སྒྱུ་མ་ལྟ་བུར་སྒོམ་པའོ། །རྟགས་ནི། རྨི་ལམ་ཟིན་པའོ། །ཡོན་ཏན་ཞེན་པ་མེད་པའོ། །ཞག་བདུན་ནམ་ཉེར་གཅིག་ཅི་རིགས་སུ་སྦྱང་བའོ། །རང་ཡི་དམ་ལྷར་སྒོམས་པའི་ལྟེ་བའི་དབུས་སུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཅིག་བསམ། དེའི་ནང་དུ་ཨོཾ་ཨཱཿསྭཱ་ཧཱ། ཁ་དོག་སྣ་ཚོགས་སུ་འདུག་པ་གཅིག་ལ་དམིགས་ནས་ཟླས་པས་འོད་དུ་ཞུ་ནས་མེར་རེ་བྱུད་བ། བདག་མེད་མས་དབུ་བྱས་པའི་ཡི་དམ་གྱི་ལྷ་དང་། སངས་རྒྱས་དང་བྱང་ཆུབ་སེམས་པ་ཐམས་ཅད་དང་། ཆོས་སྐྱོང་ལ་སོགས་པ་དཔག་ཏུ་མེད་པ་བྱོན་ནས་སྣ་བུག་གཡས་པ་ན་ཕར་བྱོན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས། རང་རང་གི་སྔགས་ཐམས་ཅད་དིར་རི་རི་ཟླས་པར་བསམ། ཡང་ཐོད་པའི་ནང་དུ་དམིགས་ནས་ཨོཾ་ཨཱཿསྭཱ་ཧཱ་ཟླས་པས་འོད་ཟེར་ཁ་དོག་རྣམ་པ་ལྔས་སྣ་དྲངས་པའི་མཆོད་པ་དཔག་ཏུ་མེད་པ་བྱུང་སྟེ། སྣ་བུག་གཡས་པ་ནས་ཕྱིར་ཐོན་ནས་འོད་ཟེར་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་སྒོམ། ནང་དུ་གནས་པའི་ཡི་དམ་དང་། སངས་རྒྱས་བྱང་ཆུབ་སེམས་པ་དེ་རྣམས་ལ་མཆོད་པ་དབུལ་གསོལ་བ་དྲག་ཏུ་གདབ། ཉིན་མོ་དེ་ལྟར་སྦྱངས་པས། མཚན་མོ་ཉལ་ཙ་ན་ཐོད་པའི་ནང་དུ་བདག་མེད་མ་བསམས་ལ། ཡི་དམ་གྱི་ལྷ་ཁྱེད་ཀྱིས་དོ་ནུབ་ཀྱི་སྐབས་སུ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐོང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་པ་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་རླབ་དུ་གསོལ། ཞེས་རྗོད་ནས་ཉལ་བ་དང་། བདག་མེད་མའི་ཐུགས་ཁར་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་པ་རྣམས་མེ་ལོང་གི་གཟུགས་རྙན་བཞིན་དུ་དཀྲ་ལམ་མེ་བ་ལ་དམིགས་པ་གཏད་ལ་གཉིད་ལོག་པས་རྨི་ལམ་ཟིན་པ་དང་། སྤྱོང་སྤེལ་ཤེས་པ་མཉམ་དུ་འོང་སྟེ། བདག་མེད་མ་ལ་རྟེན་ནས་སྦྱངས་པ་ལྟར་ཡི་དམ་ལྷ་གཞན་ལའང་བྱའོ།
།ཐབས་ལམ་ཟབ་མོའི་སྦྱོར་བ་འདི། །གཞན་ཕན་བློ་ཡིས་ཡི་གེར་བཀོད། །འགལ་འཁྲུལ་་་་་་་་འབྱུང་ན་ཡང་། །གནས་གསུམ་མཁའ་འགྲོས་བཟོད་པར་མཛོད། །ཟབ་མོ་ལམ་གྱི་སྦྱོར་བ་འདི། །རྡོ་རྗེ་འཆང་ཆེན་ནས་བཟུང་ནས། །བླ་མ་སངས་རྒྱས་ལྟ་བུ་ཡིས། །སྙན་ནས་སྙན་དུ་རྒྱུད་པ་འདི། །བདག་གིས་ཉམས་སུ་བླངས་པ་ཡིན། །སྡུག་བསྔལ་ཁྱད་གསད་ཉམས་སུ་ལོང་། །སྒྱུ་ལུས་ཀྱི་སྦྱང་བ་གཉིས་པ་ཞེས་བྱ་བ།
།བདག་ཁུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ།། ཨྀཐི།།