Sgyu lus sbas don gyi zin bris shangs ston gyis mdzad pa

From Shangpa Resource Center








Resource ID TS1
Title sgyu lus sbas don gyi zin bris shangs ston gyis mdzad pa
Topics Illusory body, Chandali
Sub-Topics Instructions
Author Tsangma Shangtön
Link BDRC W4CZ58783 (p.11)

༄༅། །སྒྱུ་ལུས་སྦས་དོན་གྱི་ཟིན་བྲིས་ཤངས་སྟོན་གྱིས་མཛད་པ།

དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
ཡེ་ཤེས་མཁའ་འགྲོ་ནེ་གུ་མའི་ཞལ་གྱི་གདམས་པ་ཟབ་མོ། སྒྱུ་ལུས་ཀྱི་སྦས་དོན་ཟབ་མོ་སྟོན་པར་བྱེད་པ་ལ། དང་པོར་ཡིད་ཆེས་ཞིང་ཁུངས་བཙུན་པར་བྱ་བའི་ཕྱིར། རྒྱུད་པའི་ལོ་རྒྱུས་ཟུར་ཙམ་སྟོན་པར་བྱ་སྟེ། ཁྱུང་པོ་རྣལ་འབྱོར་དེ་ཉིད་ཀྱིས། རྒྱ་གར་དུ་ཕེབས། རྩ་བའི་བླ་མ་རྣམ་པ་བཞིའི་ནང་ནས། ནི་གུ་མའི་དྲུང་དུ་བྱོན་ནས། གསེར་ཆོས་རྣམས་ཡོངས་སུ་རྫོགས་པར་གསན་ཅིང་། གཏང་རག་གི་ཚོགས་མཆོད་ཕུལ་ནས། ཚུར་བོད་ལ་བྱོན་ནས་ཉིན་ལམ་གཅིག་གི་སར་ཕེབས། བྲག་ཕུག་གཅིག་ཏུ་བཞུགས་པས། སང་ཉིན་ཐོ་རངས་ཁ་བསྣལ་དང་འདོལ་འདྲེས་པའི་ངང་ལ། བུད་མེད་རུས་པའི་བརྒྱན་གྱིས་བརྒྱན་པ། ཕྱག་གཡས་གྲི་ཁུག་དང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། མཁའ་འགྲོའི་ཆ་ལུགས་ཡོད་པ་གཅིག་ན་རེ། བོད་ཀྱི་འཛྭོ་གི་ཁྱོད་ཀྱིས། ནེ་གུ་མའི་དྲུང་དུ་གྲོལ་ལམ་གྱི་གདམས་པ་རྣམས་ཐོབ་འདུག་ཏེ། ཆགས་ལམ་སྒྱུ་ལུས་ཀྱི་སྦས་དོན་ཟབ་མོ་ཞེས་བྱ་བའི་གདམས་པ་ཁྱད་པར་ཅན་གཅིག་ཡོད་པས་དེ་ཐོབ་པའམ། ཉམས་སུ་བླངས་སམ་གསུང་བྱུང་བ་གཅིག་རྨི་བས། རྣལ་སད་ནས་བུད་མེད་དེ་ངེས་པར་མཁའ་འགྲོའི་ཆ་ལུགས་སུ་འདུག་ཅིང་། ལུང་སྟན་ཡིན་པར་དགོངས་ནས། ཐུགས་བསམ་བཏང་པས་ཐོབ་དུ་ཟིན་པ་གཅིག་མི་འདུག །གདམས་པའི་ཤོག་རིལ་འགའ་ཡོད་པས། གཟིགས་པས་ཀྱང་མི་འདུག་པ། སླར་ཡང་སེང་ལྡེང་གི་ནགས་ཁྲོད་དུ། ནེ་གུ་མ་ལ་གསེར་སྲང་གང་གི་མཎྜལ་ཕུལ་ནས། ལུང་སྟན་བྱུང་ཚུལ་ཞུས་ནས། གདམས་པ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། མཉེས་ཤིང་དྲི་བ་མཛད། དེ་ནས་གདམས་པ་འདི་ཉིད་གནང་ནས། མི་རབས་བདུན་དུ་ཆིག་རྒྱུད་རྒྱ་ཡིས་བཏབ། གཞན་ཡང་གདམས་པ་འདི་སྟོན་པའི་གང་ཟག་རྟགས་ལ། ལྔ་ཡན་ལ་ཁྲིད་འདི་མི་སྟོན་པའི་བཀའ་དགོས་ནས་གནང་བ་ཡིན་ཅིང་། ཤིན་དུ་བཀའ་རྒྱ་གདམས་པའོ།
།གདམས་པ་འདི་ལ་སྔོན་འགྲོ་དང་། དངོས་གཞི། རྗེས་དང་གསུམ་ལས།

སྔོན་འགྲོ་ལས་ས་བཅད་རྣམ་པ་གསུམ་ལས། ཐུན་མོངས་ཀྱི་སྔོན་འགྲོ། ཐུན་མོངས་མ་ཡིན་པའི་སྔོན་འགྲོ། ཁྱད་པར་ཀྱི་སྔོན་འགྲོ་དང་གསུམ་ལས།
དང་པོ་ཐུན་མོངས་ཀྱི་སྔོན་འགྲོ་ནི། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། དལ་འབྱོར་རྙེད་པར་དཀའ་བ། མི་རྟག་པ་སྒོམ་ཚུལ་ཞིབ་དུ་བསྟན་ལ། ཟླ་བ་གཅིག་བསྒོམ།
ཐུན་མོངས་མ་ཡིན་པའི་སྔོན་འགྲོ་ལ། དང་པོ་རང་གི་སྤྱི་བོར་གདན་ཁྲི་ལྔ་རྩེགས་ཀྱི་སྟེང་དུ། བླ་མ་རྡོ་རྗེ་འཆང་དུ་སྒོམ། ༈ རྒྱུད་པའི་བླ་མ་རྣམས་ཀྱང་གསལ་བཏབ།
དེ་ནས་སྐྱབས་སུ་འགྲོ་བྱ་བ། སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ།
གཡས་གཡོན་རྒྱབ་མདུན་རྣམས་སུ་ཡང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་སྒོམ། ཡིག་རྒྱ་བསྒྲང་བ། མཎྜལ་འབུལ་བ། གསོལ་བ་བཏབ་པ། བླ་མ་རང་སེམས་དབྱེར་མེད་དུ་སྒོམ་པ་ཡན་ལ། ཟླ་བ་ཅིག
།ཁྱད་པར་གྱི་སྔོན་འགྲོ་སྒོམ་པ་ལ། རང་ཉིད་ཐ་མལ་དུ་གནས་པའི། ཐོད་པའི་ནང་དུ། ཆོས་འབྱུང་ཨ་དང་བཅས་པ་གསལ་བཏབ། སྤྱི་གཙུག་ཁྲུ་གང་ཙམ་གྱི་སར། གདན་ཁྲི་ལྔ་རྩེགས་གཅིག་སྒོམ། དེའི་སྟེང་དུ་བླ་མ་རྡོ་རྗེ་འཆང་གི་ངོ་བོར་སྒོམ། གནས་གསུམ་དུ་ས་བོན་ཨོཾ་ཨཱ་ཧཱུྃ་གསུམ་གསལ་བཏབ།
ཕུར་ཚུགས་སུ་བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། སྒྲིབ་བཞི་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་ལན་གྲངས་དུ་མའི་སྒོ་ནས་གསོལ་བ་བཏབ།
བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་གནས་སུ་ཐིམ། དེ་དག་ལས་འོད་ཟེར་ཚུར་འདུས། བླ་མའི་སྐུའི་དཔྲལ་བར་ཐིམ། དེ་ལས་འོད་ཟེར་བྱུང་། སྤྱི་བོ་ནས་ཞུགས། ཆོས་འབྱུང་གི་ནང་གི་ཨ་ལས་ཕོག །ཨ་དེ་ཡང་ཁ་དོག་དཀར་པོའི་རང་བཞིན་དུ་ཞུ་བ་ལས། རང་གི་ལུས་ཀྱི་ནང་ཐམས་ཅད་གང་བར་བསམ་ཞིང་། ཡང་གསོལ་བ་གོང་ལྟར་བཏབ། བླ་མའི་གསུང་གི་ས་བོན་ཨ་དམར་པོ་དང་། ཐུགས་ཀྱི་ས་བོན་ཧཱུྃ་སྔོན་པོ་རྣམས་ཀྱི་བྱིབས་གོང་ལྟར་ཕབ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ།
དེ་ནས་དག་བྱེད་ཨའི་སྟོང་ར་ལ་རྟེན་པའི། ནད་གདོན་སྦྱང་བའི་རིམ་པའི་དམིགས་པ་ཡང་གཞུང་བཞིན་བྱ། ཟླ་བ་གཅིག

།དངོས་གཞི་ཉམས་སུ་བླང་བ་ནི།
རྡོ་རྗེའི་ཚིག་རྐང་ལས། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན། །ཤེས་རབ་ཁ་ཁ་མུ་ཁའི་སྙོམས་འཇུག་གིས། །ཟག་བཅས་ཟག་མེད་དགའ་བཞི་རིམས་བཞིན་ནོ། །བཅུད་བསྡུས་དག་བྱེད་སྟོང་རའི་གནད་གསུམ་དང་། །གྲོད་མྱུར་གཏུམ་མོའི་ཆོས་དྲུག་རིམས་བཞིན་ཏེ། །རི་བོང་དབབ་བཟུང་བཟློག་བགྲམ་རླུང་དང་བསྲེ། །ཟག་མེད་ཡེ་ཤེས་ཆེན་པོས་བརྒྱན་པར་བྱ། ཞེས་པའི་རྡོ་རྗེའི་ཚིག་རྐང་འདི་ཉིད་ཀྱིས་ཁོངས་ནས། གསང་ཁྲིད་ཀྱི་ཉམས་ལེན་སྟོན་པ་ཡིན་ཞིང་།
དེ་ལ་དང་པོ་རང་ལུས་ཉམས་སུ་བླང་བ་ནི།
ཐོག་མར་བསྲུང་འཁོར་སྒོམ་པ་ནི། རང་ཉིད་གང་གནས་པའི་ས་ཕྱོགས་དེ། སྟེང་ཐམས་ཅད་རྡོ་རྗེའི་གུར། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་འཚམས་ཐམས་ཅད་རྡོ་རྗེའི་ར་བས་སྟམས་པར་བསམ། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་ཁ་དོག་ལྔས་བསྐོར་ཞིང་འབར་བར་སྒོམ། དེ་ནས་རང་ཉིད་སྐད་ཅིག་དྲན་རྫོགས་ཀྱི་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེ་དཀྱིལ་ཀྲུངས་སུ་བཞུགས་པ། སྐུ་ལ་རུས་པ་དང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་ན་ཟ་གསོལ་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གཅིག་སྒོམ། དམིགས་བསྐོར་གཅིག
།དེ་ལྟར་གསལ་བའི་ལུས་ཀྱི་ནང་སྟོང་ར་མཐིང་ཞུན་གྱི་མདོག་ལྟ་བུ་གཅིག །དམིགས་བསྐོར་གཅིག
།སྤྱི་བོ་ནས་ལྟེ་བའི་བར་ལ་རྩ་དབུ་མ་ཁ་དོག་སྔོན་པོ། མདའ་གཉུག་རྩམ་གཅིག་སྒོམ། དམིགས་བསྐོར་གཅིག
།གཡས་རོ་མ་དཀར་མོ། གཡོན་རྐྱང་མ་དམར་མོ་དེ་གཉིས་ཀྱང་། སྦོམ་ཕྲ་གྲོ་སོག་ཙམ་ལ་ཡས་སྣ་གཉིས། བསྲོག་རྩོལ་ལ་ཟུག་པ། མས་སྣ་གཉིས་ལྟེ་འོག་ཏུ་དབུ་མའི་ནང་དུ་ཚུད་པ་གཅིག་སྒོམ། དམིགས་བསྐོར་གཅིག
།འཁོར་ལོ་བཞི་ཁ་དོག་དམར་སེར་གང་རུང་དུ་རྩ་འདབ་ཀྱིས་དྲངས། སྤྱི་བོར་རྩ་འདབ་སུམ་བཅུ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་ཁར་བརྒྱད། ལྟེ་བར་དྲུག་བཅུ་རྩ་བཞི་རྣམས་སྒོམ། དམིགས་བསྐོར་གཅིག
།དབུ་མའི་ཡས་སྣ་རུ་ཧཾ་ཡིག་དངུལ་ཆུའི་མདོག་ལྟ་བུ་གཅིག་སྒོམ། དམིགས་བསྐོར་གཅིག
།མས་སྣ་རུ་རོ་རྐྱང་གཉིས་ཀྱི་སྟེང་དུ། ཨ་ཡིག་དམར་པོ་གཅིག་སྒོམ། དམིགས་བསྐོར་གཅིག
།ལུས་གནད་སྲུང་། རླུང་རོ་དགུ་འབུད། རླུང་དལ་བུས་བཟུང་། རོ་རྐྱང་གཉིས་ནས་སྒྱུ་མ་བུས་པ་བཞིན་སོང་། ཐུར་སེལ་ཅུང་ཟད་སྐུམ་ཨ་དམར་པོ་བདེ་དྲོད་ཀྱི་རང་བཞིན་དུ་ཞུ། ལྟེ་བའི་རྩ་འཁོར་རྣམས་དམར་མེར་གྱིས་ཁེངས། དམིགས་བསྐོར་གཅིག
།ཡང་རླུང་བཟུང་། སྙིང་ཁ་ཁེངས། དམིགས་བསྐོར་གཅིག
།དེ་ནས་མགྲིན་པ་ཁེངས། དམིགས་བསྐོར་གཅིག
།དེའི་དྲོད་ཀྱིས་ཧཾ་ཞུ། སྤྱི་བོ་ཁེངས། དམིགས་བསྐོར་གཅིག
།དེ་ནས་བབས་ཏེ་མགྲིན་པ་ཁེངས། དམིགས་བསྐོར་གཅིག
།དམར་ཆ་སྙིང་ཁར་འདུས། ཡང་དཀར་ཆ་སྙིང་ཁར་བབས། དམར་ཆ་ལྟེ་བར་འདུས། དཀར་ཆ་ལྟེ་བར་བབས། དམིགས་བསྐོར་གཅིག
།དམར་ཆ་ཨ་ལ་འདུས། ཡང་རླུང་བཟུང་། ཨ་བདེ་དྲོད་ཀྱི་རང་བཞིན་ཞུ་ལྟེ་བ་ཁེངས། དཀར་ཆ་རིམས་ཀྱིས་སྤྱི་བོར་སྐྱལ་ལ། འདི་བཞིན་འགྲོས་འདོད་ཀྱི་ཉམས་ལེན་ལ་རིམས་པ་བཞིན་སྒོམ། དམིགས་བསྐོར་གཅིག
།དགའ་བཞིའི་ངོས་འཛིན་ཞལ་ལས་ཤེས་སོ༼ཡས་བབས་མས་སྟན་གྱིས་ཐུན་འཇོགས་ཁར་དཀར་ཆ་ཧཾ་ལ་སྟིམ། དམར་ཆ་ཨ་ལས་སྟིམ༽། ཁ་ཁ་མུ་ཁའི་སྙོམས་འཇུག་ལ་དང་པོ་རང་ཉིད་འཁོར་ལོ་བདེ་མཆོག་གོང་ལྟར་སྒོམས་པའི་པང་དུ། ཡུམ་རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པ། སྐུ་ཤ་རྒྱས་ཤིང་ནུར་མ་འབུར་བ། སྒེག་ཅིང་ཆགས་པའི་ཉམས་དང་ལྡན་པ་གཅིག་བསྒོམ། དམིགས་བསྐོར་གཅིག
།ཡབ་ཡུམ་གཉིས་ཀའི་གསང་གནས་ནས་སྤྱི་བོའི་ཧཾ་གི་བར་ལ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་མདའ་གཉུག་ཙམ་རེ་སྒོམ། དམིགས་བསྐོར་གཅིག
།ཡབ་ཀྱི་རྡོ་རྗེའི་བུ་ཁར་ཧཱུྃ་སྔོན་པོ་ཞབས་ཀྱུ་ཕྱིར་ཐོན་པ་གཅིག་སྒོམ། ཡུམ་གྱི་པདྨར་སུ་སེར་པོ་ཞབས་ཀྱུ་ཕྱིར་ཐོན་པའི་ཞབས་ཀྱུ་གཉིས་སྒྲེལ་བར་སྒོམ། དམིགས་བསྐོར་གཅིག
།ཡབ་ཀྱི་གསང་གནས་ནས་སྤྱི་བོའི་བར་གྱི་དབུ་མའི་ནང་ལ། ཐིག་ལེ་དཀར་ཆ་རྣམས་ཡི་གེ་ཨཱ་དཀར་པོའི་རྣམ་པ་ཅན་དུང་ཕྲེང་སྟར་ལ་རྒྱུས་པ་ལྟར་སྒོམ། དམིགས་བསྐོར་གཅིག
།ཡུམ་གྱི་གསང་གནས་ནས་སྤྱི་བོའི་བར་དམར་ཆ་རྣམས་ཨཱ་དམར་པོའི་རྣམ་པ་འཚལ་གྱིས་བྲིས་པ་ལྟར་སྒོམ། དམིགས་བསྐོར་གཅིག
།ལུས་གནད་གོང་ལྟར་སྲང་། རླུང་བཟུང་། དང་པོར་དཀར་ཆ་རྣམས་ཧཾ་ལས་སྟིམ། དམིགས་བསྐོར་གཅིག
།དེ་ནས་སྦྱོར་འཚམས་ཀྱི་ཡི་གེ་རྣམས་སྟིམ། དེ་ནས་དམར་ཆ་རྣམས་དྲངས་ཞིང་སྟིམ། དམིགས་བསྐོར་གཅིག
།སྐབས་འདིར་གནད་བླ་མའི་ཞལ་ལས་དྲིས། བདེ་བ་ཕེབས་༼༽་ན། འཛིན་ཟློག་བགྲམ་གསུམ་ལ་ནན་ཏན་བྱ། དམིགས་བསྐོར་གཅིག
།ཡང་མིའི་བུ་མོ་ཡིད་དུ་འོང་བ་ལོ་བཅོ་ལྔ་ཙམ་ལོན་པ། གྲོང་པའི་ཆོས་ཀྱིས་མ་གོས་པ་གཅིག་དམིགས་རྟེན་བཅས་ལ་བདེ་བ་ཕབ། དམིགས་བསྐོར་གཅིག
།ཡང་གོང་ལྟར་བསྒོམ། སྐབས་འདིར་སོར་མོའི་འདུ་བྱེད་ལུས་གནད་ཞལ་ལས་ཤེས། ཡབ་ཡུམ་གཉིས་ཀྱི་རྩ་ནང་ལ་ཐིག་ལེ་དཀར་དམར་སྒོམ་པ་ཡང་ཞལ་ལས་ཤེས། དེ་ཡན་གྱིས་རང་ལུས་བསྟན་པའོ།དེ་ཡན་གྱིས་རང་ལུས་བསྟན་པའོ།

།སྐབས་འདིར་བཞན་ལུས་མུ་དྲ་བསླབ་པར་བྱ་བ་ལ། དངས་མ་བཞི་སྒྲག་གི་སྒོ་ནས་ཉམས་སུ་བླང་བར་བྱ་སྟེ། དང་པོར་རྩ་དངས་སྙིགས་ཕྱེ་བ། རླུང་དངས་སྙིགས་༼སྤྱི་བོར་བླ་མ་སྒོམ༽། ཐིག་ལེ་དངས་སྙིགས་༼སྤྱི་བོར་བླ་མ་སྒོམ༽། རིག་པ་དངས་༼སྙིགས་སྤྱི་བོར་བླ་མ་སྒོམ༽།
དང་པོར་རྩ་དངས་སྙིགས་དབྱེ་བ་ལ་གསུམ་སྟེ། བསྐྱེད་རིམས་སྒོམ་པ། དབུ་མ་བསྐྱེད་པ། ཧཱུྃ་ལས་བསྡུ་བ།
བསྐྱེད་རིམས་ནི། རང་ཉིད་ཐ་མལ་གྱི་འདུ་ཤེས་ཡང་། འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་གཅིག་ཏུ་བསམ་༼སྤྱི་བོར་བླ་མ་སྒོམ༽། ནང་སྟོང་ར་སྒོམས་པའི་ལུས་ཀྱི་སྤྱི་བོ་ནས་གསང་གནས་ཀྱི་བར་ལ། དབུ་མ་སྟར་རྔ་གསུམ་བཤགས་ཙམ་གཅིག་སྒོམ། རླུང་བཟུང་རྟར་རྔ་གཉིས་བཤགས་ཙམ་སྒོམ། རླུང་བཟུང་། དེ་ནས་རྟ་རྔ་ཙམ་སྒོམ། རླུང་བཟུང་། དེ་ནས་སོག་མ་ཙམ། རླུང་བཟུང་། དེ་ནས་མདའ་གཉུག་ཙམ། རླུང་བཟུང་། དེ་ནས་གླིང་བུ་ཙམ། དེ་ནས་སྤ་རྒྱུག་ཙམ། དེ་ནས་དོང་པ་ཙམ། དམིགས་བསྐོར་གཅིག
།དེ་ནས་ཞོ་དོང་ཙམ། དམིགས་བསྐོར་གཅིག
།དེ་ནས་རྫ་མ་ཙམ། དམིགས་བསྐོར་གཅིག
།དེ་ནས་ཕྱི་ཡི་དམ་གྱི་བསྐྱེད་རིམས་གསལ་བ་ལ། ནང་སྟོང་ར་དབུ་མའི་རིལ་བུ་གཅིག་ཏུ་གྱུར་པར་སྒོམ། དབུ་མ་སྦོམ་དུ་སོང་བ་དང་། སྡུན་ལ་རླུང་སྣ་རིང་དུ་བཏང་། གཡས་བཅག །གཡོན་བཅག །སྤྲུགས་སྡིགས་བྱེད། བླ་མའི་ཕྱག་ལེན་ལྟོས།
དེ་ནས་རང་ཡི་དམ་དུ་བསྒོམ། སྤྱི་བོར་བླ་མ་བསྒོམ། དེ་ནས་རང་ཡི་དམ་དུ་སྒོམས་པའི་ཐུགས་ཁར་ཧཱུྃ་སྔོན་པོ་གཅིག་སྒོམས།
དེ་ནས་བླ་མ་འོད་དུ་ཞུ། སྤྱི་བོ་ནས་སྟིམ། རང་ཉིད་འོད་དུ་ཞུ། ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ནས་རིམས་ཀྱིས་བསྡུས་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ
།གཉིས་པ་རླུང་དངས་སྙིགས་དབྱེ་བ་ནི། སྟེང་རླུང་འཐུར་དུ་མནན་ཏེ། དངས་སྙིགས་དབྱེ་བ། ཐུར་སེལ་གྱེན་དུ་དྲངས་ཏེ་དངས་སྙིགས་དབྱེ་བ། བར་རླུང་ཐད་དུ་རྒྱངས་ཏེ་དངས་སྙིགས་དབྱེ་བ་དང་གསུམ་ལས།
དང་པོ་ནི། རང་ཡི་དམ་དུ་སྒོམས་པའི་ལྟེ་འོག་ཏུ་ཆོས་འབྱུང་གྲུ་གསུམ་པ། རྩེ་མོ་གསང་གནས་སུ་ཟུག་པ། གདེང་ཁ་གྱེན་དུ་བསྟན་པ། ཟུར་གཅིག་ལྟེ་བའི་ཐད་དུ། ཟུར་གཉིས་མཁལ་མ་གཉིས་སུ་ཡོད་པ། དེའི་ནང་དུ་གསུམ་སྟེང་དུ་ཡོད་པའི་དབུས་སུ་ཐིག་ལེ་སྔོན་པོ་ལྕོག་སྒོང་ཙམ་གཅིག་སྒོམས་ལ། རླུང་བཟུང་། སྟེང་རླུང་སྲོག་རྩོལ་གྱི་རླུང་རྣམས་ཐུར་དུ་ཕུལ། ཆོས་འབྱུང་གི་ནང་དུ་ཙུད་ནས། ཐིག་ལེ་ལ་ཐིམ་པར་སྒོམ་པའོ།
།འཕུལ་འཐེན་ཞལ་ལས་དྲིས། འོག་རླུང་གྱེན་དུ་དྲངས་པ་ནི། རང་ཡི་དམ་དུ་སྒོམས་པའི་ལུས་ཀྱི་ནང་དུ། དབུ་མ་ཀ་ལིང་འདྲ་བ། བཤང་ཁ་གསང་གནས་སུ་ཟུག་པ། འབུད་ཁ་སྤྱི་བོར་ཡོད་པ་གཅིག་སྒོམ་མོ།
།སྙིང་ཁའི་ཐད་དུ་ཐིག་ལེ་གོང་ལྟར་ལྕོག་སྒོང་ཙམ་གཅིག་སྒོམ། ལུས་གནད་དཔུས་མཁྱུད། ཐུར་སེལ་འཐེན་ལ། རླུང་ཐིག་ལེ་ལ་ཐིམ་པ་ཡང་ཡང་བྱའོ།
།བར་རླུང་ཐད་དུ་རྒྱང་བ་ལ་ལུས་གནད་སྲང་། བར་རླུང་བཟུང་ལ་ཕྱག་ཆེན་གྱི་ངང་ལས་མཉམ་པར་བཞག་པར་བྱའོ།
གསུམ་པ་ཁམས་དངས་སྙིགས་དབྱེ་བ་ལ། དང་པོར་མུ་དྲ་རྟག་པ། རྩ་རྟག་པ། བཟུང་སྒྲ་དྲི་རོ་གསུམ་ལ་བསླབ་པ། ལྷའི་འདུག་སྟངས་ཀྱི་སྦྱོར་བ་བྱ། སྟེང་སྐུ་གསུམ། འོག་བྱ་རོག་གི་ཐེམས། དྲུག་ཐེམས་སོགས་ནི་གོང་དུ་་་་་ན་དངས་མ་བཟུང་བ། ཕྱག་རྒྱའི་དངས་མ་དྲང་བ་སོགས་ཞལ་ལས་དྲིས། ཐིག་ལེ་དངས་སྙིགས་དབྱེ་བའི་སྐབས་འདིར། ཞལ་གྱི་བདུད་རྩི་མཐུང་བ་གནད་ཆེ་བ་ཡོད།
བཞི་པ་རིག་པ་དངས་སྙིགས་དབྱེ་བ་ཅེས་པ་ནི། ཕྱག་ཆེན་གྱི་ངོ་སྤྲོད་ཞིབ་པར་བྱེད་དོ། །འདིའི་སྐབས་སུ་འཁྲུལ་འཁོར་བཅུ་གཉིས་ཞལ་ཤེས་ཀྱི་འཁྲུལ་འཁོར་བཞི་དང་བཅུ་དྲུག་ཡོད། ཨཱིཐཱི། ཟབ།
སྒྱུ་ལུས་སྦས་དོན་ཟིན་བྲིས་སུ་བཏབ་པ་ནི། མཁས་གྲུབ་གཙང་པ་ཤངས་སྟོན་ཡན་ལ་གསུང་རྒྱུན་དུ་བཞུགས། ཤངས་སྟོན་རིན་པོ་ཆེས་ཟིན་བྲིས་སུ་བཀོད་པ་ཡིན་ཞིང་དེ་ལ་ཞལ་བཤུས་སོ། །སྐལ་མེད་ལོག་ལྟ་ཅན་ལ་མ་སྤེལ། དེས་ཡང་དམ་པར་བྱེད་དོ། །བཀྲ་ཤིས་བདེ་ལེགས་འཛམ་གླིང་ཁྱབ་གྱུར་ཅིག །དགེའོ། །ལ་ཀྵ་མི།