Shog dril dmar po'i man ngag skor

From Shangpa Resource Center








Resource ID SCv11p934
Title shog dril bcu gnyis pa la shog dril dmar po'i man ngag bskor
Topics Chadrupa
Sub-Topics Various
Author Gelek Pelsang
Link BDRC W23922
WA00KG09215 (p.384)
Notes See SCv11p928

༈ ཤོག་དྲིལ་བཅུ་གཉིས་པ་ལ་ཤོག་དྲིལ་དམར་པོའི་མན་ངག་བསྐོར་ལ། རིག་གཏད་པའི་ཞལ་ཤེས། ནང་རྟེན་གྱི་ཞལ་ཤེས། གསང་རྟེན་གྱི་ཞལ་ཤེས། དེ་ཁོ་ན་ཉིད་ཀྱི་ཞལ་ཤེས། ཁྱད་པར་ཅན་གྱི་རྟེན་གྱི་ཞལ་ཤེས་རྣམས་བཞུགས་སོ།།
༼ཅོ༽ མ་ཧཱ་ཀཱ་ལ་ན་མོ།
ཤོག་དྲིལ་དམར་པོའི་མན་ངག་ལ། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །བརྟེན་ཅིང་བསྒྲུབ་ལ་དམར་བ་ཡི། །མན་ངག་འདི་ནི་གསལ་བར་བཤད། །སྔོན་འགྲོ་རིག་པ་གཏད་པའི་ཚེ། །བཀའ་བསྒོ་ལྷ་གཏོར་གཙོ་བོ་ནི། །ཁར་བཏང་དེ་ཡིས་ལྷག་མ་ནི། །བདུད་རྩིར་བྱིན་རླབས་དེར་ཕུལ་བས། །འབྲལ་མེད་དམ་ཚིག་བསྲེ་བ་ཡིན། །ར་ཧཱུ་ལཱ་ཡི་ཕྱག་ལེན་ནོ། །ཤངས་པ་ལོ་ཙཱའི་ཁྱད་ཆོས་ཡིན། །གསེར་གྱི་མཎྜལ་ཕུལ་ནས་ཀྱང་། །དམ་ཚིག་ལྡན་པ་མ་གཏོགས་པ། །མང་པོར་མཛད་པ་ངས་མ་མཐོང་།
༈ ཐོག་མར་རྟེན་གྱི་ཞལ་ཤེས་ལ། །མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ། །རང་ཉིད་གནས་པའི་ལྷོ་ཕྱོགས་སུ། །ཕ་སྟག་སྦྲུལ་གྱི་ལོ་པ་སྟེ། །མ་རུངས་པ་ཡིས་ལས་གང་དག །གྲི་ལྕགས་མཚོན་ཐོགས་ལྷོ་ཕྱོགས་ལ། །བུ་མོ་གཙང་མ་ཤིང་བཟུང་ནས། །བཅད་ལ་མན་ངག་གཞུང་དུ་གསལ། །གསེར་དངུལ་ཚལ་དང་གྲི་ཡིས་བྲིས། །མན་ངག་བཞིན་དུ་རབ་གནས་བྱ། །གཡག་སོགས་ཕྱི་ཡི་རྟེན་ལ་ནི། །མགོན་པོར་དྲས་པའི་མིང་འདོགས་ཤིང་། །ཐག་པ་ནག་པོས་བཏགས་མི་བྱ། །གྲིབ་དང་མི་གཙང་འཛེམ་པ་གཅེས། །ཤིན་ཏུ་དམར་བའི་མན་ངག་གོ། །ཨྀཐིཿ

ནང་གི་རྟེན་ལ་ཤར་ལྷོ་མཚམས། །བྲག་དང་ཆུ་གཉིས་འཐབས་པའི་ས། །སྙུག་སྐྱེས་ཉི་མས་མ་མཐོང་བ། །ནམ་མཁའ་ནོར་བུས་དབེན་པའི་དུས། །ཤེས་རབ་མཚོན་བཟང་གོས་དཀར་བ། །མཚལ་དང་ལི་ཁྲི་སིནྡྷུ་ར། །བྱིན་གྱིས་བརླབས་ལ་ནང་མཆོད་ལ། །སྦྱར་ཏེ་སྟེང་ལ་ལེགས་པར་བྱུགས། །དར་གྱིས་བཅིངས་ལ་མཚོན་གྱི་བཅད། །བཟོ་བོ་མ་གཏོགས་ལག་འགྲིམ་སྤངས། །གཞན་གྱི་གཞུང་དུ་བལྟས་ན་གསལ།
༈ མན་ངག་མཆོག་གྱུར་གསང་བའི་རྟེན། །གྲི་སྙིང་བཅས་རྣམས་གཞུང་དུ་གསལ། །སྲོག་འཁོར་ཆེན་པོའི་ནང་དུ་གསལ། །ལྕགས་ཀྱི་གའུ་ནང་དུ་བཅུག །དེ་ཡི་མན་ངག་ཞལ་ལས་གསལ།
༈ དེ་ཁོ་ན་ཉིད་ཀྱི་རྟེན་ལ། རང་ཉིད་ལྷག་པའི་ལྷར་གསལ་ལ། །སྙིང་གར་ཡེ་ཤེས་མཁའ་འགྲོ་མ། །དམར་ལ་ཆགས་པའི་ཉམས་ཅན་བསམས། །ཐུགས་ཀར་ཐབས་ཤེས་སྐྱེ་གནས་དབྱིབས། །དེ་དབུས་མགོན་པོ་མཚོན་གང་པ། །ཡིད་ལ་རྩེ་གཅིག་བསམས་པ་གཉིས། །ཉིན་མཚན་ལན་རེ་མ་ཆགས་ན། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྐད་ཅིག་ཉིད་ཀྱང་འབྲལ་མེད་ཀྱི། །རྟེན་བཞིའི་ཞལ་ཤེས་གསེར་ཆོས་འདི། གཞན་དང་ཐུན་མོང་མ་ཡིན་ཀྱང་། །རང་རང་བསྐལ་བ་མཉམས་པ་ཡིས། །སྔགས་འཆང་གསུང་གི་ནན་བསྐུལ་ནས། །ཡིད་ཆེས་མགོན་པོའི་གནང་བ་ཐོབ། །དེ་ཕྱིར་ཡི་གེར་གསལ་བར་བཀོད།
༈ ཁྱད་པར་ཅན་གྱི་རྟེན་ལ་ནི། དམར་བ་བས་ཀྱང་ཆེས་ཟབ་པ། །མན་ངག་འདི་ནི་གསལ་བར་བཤད། །རོ་རས་སམ་ནི་གཡང་གཞི་ལ། །མགོན་པོའི་སྐུ་ནི་ལེགས་པར་བྲིས། །ལྟེ་བར་རིགས་ཀྱི་བདག་པོ་བཀོད། །ཉི་ཟླ་བར་ལ་སྙིང་པོ་བྲིས། །ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ། །གསང་ཡུམ་མོ་གཉིས་ཡབ་ཡུམ་དང་། མོ་གསུམ་སྐུ་ནི་ལེགས་པར་བྲིས། །ཐུགས་ཀར་འཁོར་ལོ་རྩིབས་དྲུག་ལ། །ས་བོན་རང་སྔགས་ཅི་བདེར་བཀོད། །ཚད་མེད་བར་ལ་བླ་མ་རྣམས། །མཚན་རྫོགས་བྲིས་ལ་གསོལ་གདབ་སྦྱར། །ཕྱི་རོལ་རེ་མིག་རྡོར་འཛིན་པ། །གསང་བའི་རང་བཞིན་ཊཀྐི་བཀོད། །ས་བོན་མཚམས་གཅོད་ཤེས་པར་བྱ། །འགྲེ་བའི་བར་ལ་ན་ར་ཀྲིཾ། །ཆུ་སྐྱེས་བཅུ་ལ་ཕྱོགས་སྐྱོང་བཀོད། །སྡོམས་འཛིན་བར་ལ་གཞན་སྲོག་ཤེས། །ཕྱི་རོལ་ཕྱག་མཚན་དྲུག་གིས་བསྐོར། །སྟོབས་ཀྱི་བར་ལ་ཤཱ་ས་ན། །མི་འཇིགས་ཕྱོགས་སུ་རྒྱལ་ཆེན་བཞི། །བར་མཚམས་འཁོར་གྱི་ཕྱག་མཚན་བྲི། །འོད་ཟེར་འཕྲེང་བས་ལེགས་པར་བསྐོར། །རྟེན་འབྲེལ་བར་ལ་རྟེན་འབྲེལ་ཤེས། །མེ་རི་འབར་བའི་དབུས་ན་བཞུགས། །མན་ངག་བཞིན་དུ་རབ་གནས་བྱ། །ལུས་ལ་བཅངས་ན་བསྲུང་བའི་མཆོག །བཟློག་པའི་རིམ་པ་བྲིས་པ་ལ། །བརྡབས་པ་ཙམ་གྱིས་ཁམས་གསུམ་འཕུང་། །དེ་ཡི་མན་ངག་ཞལ་ལས་ཤེས།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས། །ཤོག་དྲིལ་དམར་པོའི་མན་ངག་རྫོགས་སོ།
༈ མགོན་པོའི་ཁྱད་པར་གྱི་རྫས་ལ། པདྨ་ རཀྟ་ སིནྡྷུ་ར་ ཨ་མྲྀ་ཏ་ གི་ཝཾ་ དྲི་བཟང་པོ་སྣ་ཚོགས་པ། མཚལ་རྣམས་ཀྱི་རྐང་དུང་། ཌཱ་མ་རུ་ལ་སོགས་པ་ལ་ཆོས་སྐྱོང་གི་སྔགས་བྲིས་ནས་དཀྲོལ་བས། ཡི་དམ་མཁའ་འགྲོ་དབང་དུ་འགྱུར་རོ། །ཕོ་ཐོད་ལ་མོ་སྔགས། མོ་ཐོད་ལ་ཕོ་སྔགས་བྲིའོ། །ཨྀཐིཿ