Skom du 'thung ba bde drod zhal sbyor gyi yig chung

From Shangpa Resource Center








Resource ID SCv9p25
Title skom du 'thung ba bde drod zhal sbyor gyi yig chung
Alt. title gtum mo'i lhan thabs kyi gdams pa
Topics Chandali
Sub-Topics Instructions
Link BDRC W23922
BDRC W23922

༈ གཏུམ་མོའི་ལྷན་ཐབས་བཞུགས་སོ།
༼སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱི་ཡིག་ཆུང་༽

།ཐབས་ལམ་དངོས་གཞིའི་སྐབས་སུ། ཟས་སུ་ཟ་བ་དྲོད་ཀྱི་ཏིང་ངེ་འཛིན། སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་རོ།
།དང་པོ་གཞུང་ལྟར་ཡིན་ལ། གཉིས་པ་ཡེ་ཤེས་ཀྱི་ཌཱ་ཀི། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བཞིས་བརྒྱན་ཅེས་པས། ལུས་ཙོག་པུ་ལག་འཁྱུད་ལ། ཕྱི་ཡི་དམ་གྱི་ལྷ་ནང་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་དབུ་མ་ཕྱི་དཀར་ལ། ནང་དམར་བ། མདའ་སྙུག་ལྟ་བུའི་ཡར་རྩེ་ཚངས་པུག །མར་རྩེ་གསང་གནས། རོ་རྐྱང་གི་ཡར་རྩེ་སྣ་བུག་གཉིས། མར་རྩེ་གསང་གནས་སུ་དབུ་མ་ལ་ཡི་གེ་ཆའི་དབྱིབས་ཟུག་པའི་མདོར་ཨ་ཐུང་ཤད་ཀྱི་རྣམ་པ། འཁོར་ལོ་བཞིའི་དབུས་སུ། དབུ་མའི་ནང་དུ་ལྟེ་བར་ཨ་དམར་པོ། སྙིང་གར་ཧཱུྃ་སྔོན་པོ། མགྲིན་པར་ཨོཾ་སེར་པོ། སྤྱི་བོར་ཧཾ་དཀར་པོ། སྲོག་རྩོལ་གྱི་རོ་རྐྱང་གི་འབུད་པས། སུམ་མདོའི་ཨ་ལས་མེ་ཕྲ་མོ་སྦར་ཏེ། རིམ་པ་བཞིན་ཡི་གེ་རྣམས་བསྲེགས་པ་ལ་དམིགས་སྐོར་གཅིག་སྟེ། མཐར་ཧཾ་ལས་བདུད་རྩི་བབས་པས། རྩ་སུམ་ཅུ་རྩ་གཉིས་བསོས་པས་དགའ་བའི་ཡེ་ཤེས། མགྲིན་པར་ཨོཾ་བསོས། རྩ་འདབ་དྲུག་ཅུ་བསོས་པས་མཆོག་དགའི། སྙིང་གར་ཧཱུྃ་བསོས། རྩ་འདབ་བརྒྱད་གང་ལྷན་ཅིག་སྐྱེས། ལྟེ་བའི་ཨ་བསོས། རྩ་འདབ་དྲུག་ཅུ་རྩ་བཞི་བསོས། དགའ་བྲལ་གྱི་ཡེ་ཤེས་སྐྱེས་པར་བསམ་ཞིང་འབར་འཛག་རྩེ་སྤྲད་དེ། འཁོར་ལོ་རེ་ལ་དམིགས་ཐེབས་རེ། དྲོད་དང་བདེ་བའི་སྟོབས་ཀྱི་འབར་འཛག་གི་རིམ་པའང་ཤེས་པར་བྱའོ།
།ཡང་རིམ་བཞིན་མཚན་ཉིད་ཐམས་ཅད་དང་བྲལ་བའི་སྐད་ཅིག་མར། སྐྱེས་བུ་བྱེད་པའི། རྣམ་པར་སྨིན་པའི། རྒྱུ་མཐུན་པའི་སྐད་ཅིག་མ་བཞི་དང་དགའ་བ་སྦྱོར།
།ཙོག་པུ་ཡོན་ཏན་དགུ་དང་ལྡན་པ་ནི། ལུས་ལ་གསུམ། རྩ་རང་མལ་དུ་གནས་པས་ནང་གི་སྲིན་བུ་གནས་མི་འཁྱུག་སྟེ། འོག་སྒོ་མི་ཟ་རླུང་རང་གནས་སུ་ཟིན་པས་དྲོད་ཆེ་ཞིང་ཤ་ཁྲག་དྭངས་པས་གཞན་གྱིས་ཡིད་དུའང་། ཉལ་སྙེས་མ་བྱས་པས་འོག་སྒོ་མི་འཆོར་ཏེ། ལུས་ངག་ཡིད་ཀྱི་བརྟེན་དེ་ཉིད་གསུམ། གཅིག་ཐོག་ན་གཅིག་དྲང་པོར་གནས་པས་བསྲུང་བར་འགྲོ་ཞིང་ཡིད་ངག་མི་འཇུག་གོ
།ངག་གི་གསུམ་ནི། མི་འཛེར་བ་སྙན་པ་དང་། གཞན་ལ་སྒོ་བ་ཉན་པའོ།
།ཡིད་ཀྱི་གསུམ་ནི། གཉིད་རྨུག་ཆུང་བས་ཤེས་པ་གསལ། ཁམས་དྭངས་མ་རང་གནས་སུ་དྭངས་པ་བདེ། རླུང་དབུ་མར་ཚུད་པ་མི་རྟོག་པའོ། །གཞན་ཡང་ཡོན་ཏན་དཔག་ཏུ་མེད་པར་གསུངས་སོ། །རྫོགས་སོ།།
__
༈ བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ།
།གཞིའི་གནས་ལུགས་ཟབ་མོ་ཇི་ལྟ་བ་བཞིན་རྟོགས་པའི་དོན་མངོན་སུམ་དུ་བྱེད་པ་ལ་སྔགས་མཚན་ཉིད་གཅིག་ཀྱང་། མངོན་དུ་བྱེད་པའི་ཐབས་ཟབ་མི་ཟབ་ཀྱིས་ལམ་མྱུར་བུལ་ཡོད་དེ། ལྟ་བའི་དོན་སྤྲོས་བྲལ་ལ་བློ་དོན་མཐུན་པར་འཇོག་པ་ཙམ་དུ་འདྲ་ཡང་། དེ་ཐོས་བསམ་གྱི་ཡུལ་དུ་བྱས་པས་སྤྱད་པའི་ཉམས་མྱོང་ཉིད་དམ། དེ་ལ་ངེས་ཤེས་དྲངས་ནས་འཇོག་པའི་རྟོག་སྒོམ་ཡིན་པས་དོན་ཐོག་ཏུ་མི་ཕེབས། ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་བསྒྲིགས་པས། སེམས་ཉིད་ཀྱི་དོན་རྟོགས་པའི་ཡེ་ཤེས་ཆེར་འབར་བ་གསང་སྔགས་ཀྱི་ཁྱད་ཆོས་ཡིན། །དེ་ཡང་ཐུན་མོང་གི་དྲོད་རྟགས་ཙམ་མུ་སྟེགས་བྱེད་པ་ལ་ཡང་ཡོད་ཀྱང་ལམ་དུ་མི་འགྲོ། རླུང་སེམས་བདག་བྱིན་གྱིས་རླབས་པས་མཆོག་གི་གནས་སུ་ཞུགས་ནས། ཡེ་ཤེས་སྐྱེ་བ་གཅིག་དགོས། དེའི་མན་ངག་གཏུམ་མོ་ཙཎྜ་ལི་སྒྲུབ་པས་སྲོག་སྩོལ་འགོག་པ་ཡིན་ཏེ།
དྲི་མེད་འོད་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །བཅད་དང་དབྱེ་བའི་ཐབས་ཀྱི་མི་མཐོང་སྟེ། །ཙུབ་ཤིང་ཙུབ་སྟན་ལག་པས་བསྒྲུབ་པ་ལ། །དེ་ལ་གནས་པ་དག་ཀྱང་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་པ་ཡི། །སྒོམ་པའི་ཐབས་གཞན་དག་གིས་མི་མཐོང་སྟེ། །དེ་ཉིད་དུས་འདིར་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་པས་ཆོས་ཐམས་ཅད་རང་བཞིན་གྱི་མ་སྐྱེས་པའི་སྒོ་གཏུམ་མོ་ཨ་ཐུང་། མ་རིག་སྒོ་ལྔའི་སྦུབས་འབྱེད་པའི་གསང་བ་ཡེ་ཤེས་ཀྱི་མེ་རྣོན་པོ། ཟག་མེད་ལྷན་སྐྱེས་ཀྱི་དགའ་བ་སྟེར་བ། ནང་གི་ཟ་མ་ཏོག་གི་རིམ་པ། བདག་མེད་མའི་རྣལ་འབྱོར་རིགས་ལྡན་མ། ཨ་ཝ་དྷཱུ་ཏིའི་ཞགས་བརྟེན་པའི་རྣམ་དག་འདི་ཡིན་ཏེ། བྱད་ལས་ནི། ལས་རླུང་དང་རྣམ་རྟོག་སོད་པར་བྱེད་པས་གཏུམ་མོ། དེ་ཉིད་ཀྱང་ཐབས་ཀྱིས་གནད་བཅུན་པས་བཙན་ཐབས་སུ་འབར་བར་བྱེད་པས་ན། མེ་རྒོད་གཏུམ་མོའི་མན་ངག་ཅེས་གསུངས་ཏེ། རྩ་ལ་མེ་འདོན་པའི་དཔེ་དང་མཐུན་པར་བྱེད་པའོ། །རྫོགས་སོ།
།གཏུམ་མོའི་ལྷན་ཐབས་ཀྱི་གདམས་པ་དགེའོ།། །།