Snang pa sems su btsan thabs su ngo sprod pa'i gdams pa

From Shangpa Resource Center








Resource ID Sup14
Title snang pa sems su btsan thabs su ngo sprod pa'i gdams
Topics Mahamudra Gauma
Sub-Topics Instructions
Link BDRC W3CN18508 (v2p.539)

སྣང་པ་སེམས་སུ་བཙན་ཐབས་ཀྱི་ངོ་སྤྲོད་པའི་གདམས་པ་ཞུགས།

སྣང་པ་སེམས་སུ་བཙན་ཐབས་ཀྱི་ངོ་སྤྲོད་ནི་གཉིས་ཏེ།
དང་པོ་ནི། རང་གི་མདུན་གྱི་རྡོ་བ་གཅིག་ལ་སེམས་གཟིར་དུ་བཅུག་པས། དེ་ལ་སེམས་གཟིར་བའི་དུས་ན། རྡོ་དེ་དང་རྡོ་འཛིན་གྱི་སེམས་དེ་གཉིས། གཅིག་ཏུ་འདུག་གལ་མི་འདུག་དྲིས་པས། དེ་གཉིས་གཅིག་ཏུ་འདུག་གོ་ཟེར་ན། རྡོ་དང་རྡོ་འཛིན་གཅིག་ལུགས་འདིས། རི་དང་ར་འཛིན་ལ་སོགས་པ་ཐམས་ཅད་དེ་དང་མགོ་མཚུངས་ཡིན། སྣང་ཚད་སེམས་དང་གཅིག་པར་ངོས་སོ།
།གཉིས་པ་ནི། ད་ཁྱོད་ཀྱི་སེམས་མི་འགྱུ་དགུ་འགྱུ་འདི་ཁོག་ལ་སྙིང་གི་དཀྱིལ་ནས་ལྷོད་གློད་གཅིག །ཁོ་ཁེགས་པའི་དུས་དེ་ནས། སྣང་པ་མི་སྣང་དགུ་སྣང་འདི་ཡིད་ཡུལ་དི་ཨེ་འཆར་བ་གདའ་དྲིས་པས། མི་ཆར་བ་འདུག་ཟེར་འོང་། ད་ཡང་སྣང་པ་མི་སྣང་དགུ་སྣང་འདི་ཁོག་ལ། སྙིང་གི་དཀྱིལ་ནས་སེམས་ལྷོད་གློད་ལ་སྡོད་གཅིག །སྣང་པ་ཐམས་ཅད་བཀག་པའི་དུས་ན། སེམས་མི་འགྱུ་དགུ་འགྱུ་ཨེ་ཡོང་གི་འདུག་དྲིས་པས། མི་ཡོང་བར་འདུག་གོ་ཟེར་ན། དེ་ལྟར་སྣང་པ་བཀག་ན་སེམས་མི་འགྱུ་དགུ་འགྱུ་ཁེགས། དེ་བཀག་ན་སྣང་པ་ཡིད་ཡུལ་དུ་འཆར་བ་ཁེགས། སྣང་པ་ཡིད་ཡུལ་དུ་མགོ་ཟེད་བྱུང་ན། སེམས་མི་འགྱུ་དགུ་འགྱུ་མགོ་ཟེད་འབྱུང་། དེ་བྱུང་ན་སྣང་པ་ཡང་འབྱུང་ལུགས་འདི་ལ་བལྟས་ན། སྣང་པ་འདི་ཚོ་དང་སེམས་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག་དྲིས་པས། འདི་ལྟར་བྱས་ཙ་ན་སེམས་དང་སྣང་པ་གཅིག་ཏུ་འདུག་པོ་ཅེས་ཐབ་ཆོད་པ་འབྱུང་ངོ་། །ད་སེམས་ཁོ་རང་ལ་བཀར་དོད་བྱས་པས་ཆོག་གོ །ད་སེམས་མི་འགྱུ་དགུ་འདི། ངོ་བོ་ངོས་བཟུངས་མེད་པ་སྟོང་པའི་དབྱིངས་རྣམ་པ་གསལ་ངར་ཆགས་པ་རིག་པའི་གདེང་། སྤྲོས་བྲལ་ནམ་མཁའ་དངས་པའི་དབྱིངས་ལྟ་བུ། དེ་ལ་རྒྱང་པེ་ཚོགས་ལ་ལྟོས་ཤིག་གོ། ཨྀཐིཿ ཟབ་མོ།