Snga dro'i cha la bya ba'i chu gtor gyi rim pa
Resource ID | SCv9p1 |
---|---|
Title | snga dro'i cha la bya ba'i chu gtor gyi rim pa |
Topics | Various |
Sub-Topics | Water torma offering |
Associated Person | Jamgön Kongtrül Lodrö Thayé |
Link | BDRC W23922 |
༄༅། །སྔ་དྲོའི་ཆ་ལ་བྱ་བའི་ཆུ་གཏོར་གྱི་རིམ་པ་བཞུགས་སོ།།
གསར་རྙིང་རང་ལུགས་རྒྱས་བསྡུས་གང་བྱ་བ་ལས་ཟུར་དུ་སྨོས་མ་དགོས་ཀྱང་། རྒྱས་འབྲིང་རྣམས་མི་འགྲུབ་པས་ཤིན་ཏུ་བསྡུས་པ་ལ་མོས་ན། ཟན་རིལ་འབྲུ་སོགས་ལྡན་པའི་ཆུ་ཐེབ་གསུམ། ཆུ་གཙང་ཁོ་ན་བླུགས་པའི་ཐེབ་གཅིག་བཅས་འདུ་བྱས་ལ། སྐྱབས་སེམས་སྔོན་དུ་བཏང་བ་ན།
སངས་རྒྱས་ཆོས་དང་སོགས།
།སྐད་ཅིག་རང་ཉིད་ཤཱཀྱ་ཐུབ། །མཆོག་གི་སྤྲུལ་སྐུའི་རྣམ་པར་གྱུར།
།ལག་གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བྱས་ལ།
ཨོཾ་སརྦ་ཀ་རི་ཧཱུྃ། རིན་པོ་ཆེ་ལས་གྲུབ་པའི་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་།
།ཨོཾ་སརྦ་སིདྡྷི་ཧཱུྃ། བཅུད་ནི་བདུད་རྩའི་རང་བཞིན་གྱུར།
བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདག་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོགས་པ་མེད་པ་འབྱུང་བར་ཤོག །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ།
རྒྱ་ཆེན་ཤུགས་ལྡན་སྔགས་ཉེར་གཅིག་གམ་བདུན་སོགས་བརྗོད།
བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་ཕྲིན་ལས་སྒྲུབ་པའི་མགྲོན། །རིགས་དྲུག་འགྲོ་བ་བྱམས་དང་སྙིང་རྗེའི་མགྲོན། །གདོན་བགེགས་ཤ་འཁོན་ལན་ཆགས་བུ་ལོན་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་གྱུར་ཅིག །སྦྱིན་པས་ཚིམས་ཤིང་སྒྲིབ་གཉིས་བྱང་གྱུར་ཅིག །དཀོར་སྒྲིབ་ལན་ཆགས་ཐམས་ཅད་བསལ་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་བསྔོ།
ཡང་སྦྱོང་སོགས་ལ་ཤིན་ཏུ་ཟབ་པ་དབོན་སྟོན་ལུགས་ཀྱི་གྲུལ་གཏོར་གྲུབ་ན་གཞན་མ་དགོས་ཀྱང་། མ་གྲུབ་པའང་རེས་མོས་སྤྲོ་ན་གཏེར་གསར་ཐུགས་༼སྒྲུབ་༽མཆོད་སྦྱིན་སྤྱད་སྒྲོལ་ནི། ཡང་ན་རིན་ཆེན་སྣོད་ནང་དུ། ཆུ་གཙང་ཟན་དང་བཅས་པ་བཤམས།
མདུན་གྱི་ནམ་མཁར་སྤྱན་རས་གཟིགས། །འཕགས་པ་རྡོ་རྗེ་སྙིང་པོ་ལ། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བསྐོར། །འོག་ཏུ་གདོན་བགེགས་རིག་དྲུག་དང་། །ཁྱད་པར་ལན་ཆགས་མགྲོན་ཀུན་གསལ། །སྟོང་པའི་ངང་ལས་བྷྲུྃ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །རང་ལུས་འོད་དུ་ཞུ་བ་ལས། །གཏོར་མ་བདུད་རྩིའི་རྒྱ་མཚོར་བསམ། །ཨོཾ་ཨཱཿཧཱུྃ།གིས་བྱིན་གྱི་བརླབས། །རང་སེམས་ཁ་སརྤ་ཎིར་གྱུར། །མཆོད་སྦྱིན་མགྲོན་ཀུན་མཆོད་པར་བསམ།
སཾ་བྷ་ར་ཡིས་སྔགས་ཀྱིས་ཕུལ།
ཨོཾ་སྡིག་སྒྲིབ་ཐམས་ཅད་འཇོམས་མཛད་པའི། །འཕགས་པ་རྡོ་རྗེ་སྙིང་པོ་དང་། །སྐྱབས་གནས་མཆོད་འོས་རྒྱ་མཚོའི་ཚོགས། །བདག་ལུས་བདུད་རྩིའི་གཏོར་མ་བཞེས། །བྱིན་གྱིས་རློབས་ཤིག་སྡིག་སྒྲིབ་སྦྱོང་། །དངོས་གྲུབ་རྩོལ་ཅིག་བར་ཆད་གསོལ། །གདོན་བགེགས་འབྱུང་པོ་རིགས་དྲུག་དང་། །ཁྱད་པར་ལན་ཆགས་མགྲོན་རྣམས་ཀུན། །ཟག་མེད་བདུད་རྩི་འདི་གསོལ་ལ། །ལན་ཆགས་བུ་ལོན་བྱང་བར་མཛོད། །གནོད་འཚེ་གདུག་རྩུབ་ཀུན་ཞི་ཞིང་། །བྱང་ཆུབ་སེམས་དང་ལྡན་པར་ཤོག
།མཐར་ནི་མཆོད་སྦྱིན་མགྲོན་དང་རྫས། །མི་དམིགས་སྟོང་པའི་ངང་ལ་བཞག །འདི་ནི་ཚོགས་ཛོགས་འཆི་བ་བསླུ། །སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ། །དཀོར་སྒྲིབ་ལན་ཆགས་ངན་པ་སྦྱང་། །དེ་ཕྱིར་རྒྱུན་དུ་བརྩོན་པར་བྱ། །ཞེས་སོ། སྔ་མ་དང་སྦྲེལ་ན་ཛམ་གཏོར་གྱི་གོང་དུ་བྱའོ། ཕྱི་དྲོའི་ཆ་ལ་བྱ་བ་བྱ་དགོས་པའི་གཏོར་མ་ནི་འོག་ཏུ་འཆད་པར་གྱུར་ལ། སྔ་དྲོའི་ཆར་བྱ་དགོས་པས། ཛཾ་བྷ་ལྷ་དཀར་པོའི་ཆུ་སྦྱིན་ནི།
།ཨོཾ་སྭ་བྷཱ་ཝ་སོགས། རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་གི་དབུས་སུ་ནི། །ཛམ་ལྷ་སྐུ་མདོག་དཀར་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། །གྲུ་མོ་ཁ་ཊཾ་གིས་མཚན་པ། །དབུ་སྐྲ་དཀར་སེར་གྱེན་དུ་བརྫེས། །སྤྱན་གསུམ་ཞལ་གདངས་རིན་ཆེན་གྱི། །རྒྱན་ལྡན་འབྲུག་ལ་ཆིབས་པའོ། །ཤར་དུ་རྡོ་རྗེ་ཌཱ་ཀི་མ། །མཐིང་ནག་གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་ཌཱ་ཀི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན་ན་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པད་མ་ཌཱ་ཀི་མ། །དམར་མོ་གཡས་ན་པད་མ་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་ཌཱ་ཀི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་གཡས། །གཡོན་ན་ནེའུ་ལེ་རྐྱལ་པ་འཛིན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །ཕྱེད་ཀྲུང་ཚུལ་གྱིས་བཞུགས་པར་གྱུར། །རང་ཉིད་སྤྱན་རས་གཟིགས་གྱུར་པའི། །ཕྱག་གིས་བུམ་པའི་ཆུ་བླུག་གྱུར།
།ཨོཾ་པད་མ་ཀྲོ་ངྷ་ཨཱརྱ་ཛཾ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཕཊཿབར། ཨོཾ་ཨཱཿཧཱུྃ་བདུད་རྩིའི་རྒྱ་མཚོར་ཆེན་པོར་གྱུར། སྙིང་པོའི་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ།
འགྲོ་བ་དབུལ་བའི་སྡུག་བསྔལ་ཀུན་གཟིགས་ནས། འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་པའི། །གངས་རི་ལྟར་དཀར་ནོར་སྐྱོངས་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་རྣམས། །སྐྱེ་དང་སྐྱེ་བ་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩི་གཏེར་གྱི་ཆུ་རྒྱུན་གྱི། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད།
ཛཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ལྷ་ལྔ་རང་གི་ཐུགས་ཀར་ཐིམ། །ལོངས་སྤྱོད་སྤྲིན་བཞིན་འདུས་པར་གྱུར། ཡིག་བརྒྱ་བརྗོད།
མ་འབྱོར་བ་དང་སོགས་ནས། བཟོད་པར་གསོལ་བར་བརྗོད།
ཐེབ་ཆ་གཅིག་ལ་ཛཾ་གཏོར་བསྡུས་པ་ནི། མདུན་དུ་པད་ཟླར་ཛཾ་ལས་ཛཾ་ལྷ་སེར། །ཤིང་འབྲས་ནེའུ་ལེ་བསྣམས་ཤིང་རྒྱན་ལྡན་བཞུགས། །པད་ཉིར་ཧཱུྃ་ལས་ཛཾ་ནག་སྦྲུལ་རྒྱན་ཅན། །བཞེངས་སྟབས་ཕྱག་གཉིས་ཐོད་ཁྲག་ནེའུ་ལེ་བསྣམས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བསྟིམས། །དབང་ལྷས་དབང་བསྐུར་རིགས་བདག་དབུ་བརྒྱན་གྱུར། །རང་གི་ལག་མཐིལ་ཟླ་སྟེང་ཡིག་འབྲུ་ལྔ། །རིགས་ལྔ་ཞུ་བའི་བདུད་རྩི་ཆུ་རྒྱུན་གྱིས། །རྨ་དང་མེ་ཡི་ཟུག་རྔུ་ཞི་བར་གྱུར། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཞེས་དང་། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཨོཾ་ཛམ་ལུཾ་སྭཱ་ཧཱ། ཞེས་བརྗོད། ཨརྒྷཾ་སོགས།
གནོད་སྦྱིན་ནོར་གྱི་བདག་པོར་ཕྱག་འཚལ་བསྟོད། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཛཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཞེས་གནས་དང་རྟེན་ལ་བསྟིམ།
ཕ་དམ་པས་མཛད་པའི་ལན་ཆགས་གཏོར་མ་ནི།
ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས།
སྟོང་པའི་ངང་ལས་བྷྲུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གླུ་གཏོར་འདོད་དགུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱ་ཀི་བྷེ་ཧཱུྃ་སྲ་ཐ། ན་མ་སརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་གླས་ལ༴ །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ༴ །མཆོད་སྦྱིན་གྱི་གཏོར་མ་གཟུགས་གླུད་འདོད་ཡོན་ལྔ་དང་ལྡན་པ་འདི་ཉིད་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟའི་བར་དུ་བུ་ལོན་ལན་ཆགས་ཀྱིས་མགྲོན་དུ་གྱུར་པ་ཐམས་ཅད་ལ་སྦྱིན་ནོ། མཐོ་བ་མཁར་གྱིས་ལན་ཆགས། དམའ་བ་ས་ཞིང་གི༴ ཕ་མ་བུ་ཚའི་༴ གཉེན་ཉེ་རིང་གི༴ གྲོགས་མཛའ་བའི༴ བསད་པ་སྲོག་གི༴ བརྡུང་བ་ན་ཚའི༴ བརྐུས་པ་ནོར་གྱིས༴ ཁལ་བཀལ་བའི༴ རྨོ་རྨོས་པའི༴ ཞོ་བཞོས་པའི༴ སྤུ་བྲེགས་པའི༴ ཞོན་པ་ལན་ཆགས་ལ་སོགས་པ་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།
།བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱི། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདག་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོགས་པ་མེད་པ་འབྱུང་བར་ཤོག
།ཐེབ་གཅིག་ལ་ཆུ་སྦྱིན་ནི།
རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གིས། །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག
།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་དང་། སཾ་བྷ་ར་ལན་བདུན་བརྗོད་པ་སེ་གོལ་གཅིག་གཏོགས། ཟན་འབྲུ་མེད་པའི་ཐེབས་ནང་ཆུ་ཐིག་རེ་སྦྲེང་། སྔགས་རེ་བརྗོད། གཡོན་པའི་སེ་གོལ་རེ་གཏོགས་པ་ལན་བདུན་ཙམ་བྱས་ལ།
ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཕྱི་མ་འདི་ཟས་མ་ཟོས་སྔོན་རོལ་ཁོ་ནར་དགོས་སོ།
།སྦྱིན་པ་འདི་ཡིས་བསོད་ནམས་གང་། །དེ་དག་ཡི་དྭགས་ཕྱི་བཞིན་སོང་། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་ནི་མྱུར་དུ་ཐར་བར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག
།ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ། ཧེ་ཏུ་ཥཏེནྟ་ཐ་ག་ཏོ་ཧྱ་བ་ད་ཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧ་ཤྲ་མ་ཎིཿསྭཱ་ཧཱ།
སྦྱིན་པ་རྒྱ་ཆེན་གྱུར་པ་སོགས།
བསོད་ནམས་འདི་ཡིས་སོགས་ནས། སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །
།བསྔོ་སྨོན་བྱའོ། རྒྱ་གར་བའི་ཕྱག་ལེན་རྒྱ་གཞུང་གི་ཁུངས་དང་འབྲེལ་བ་ནི་ཆབ་གཏོར་འཇམ་དཔལ་མ་དང་ཤཱཀྱ་ཐུབ་མ་གཉིས་ཡིན་ལ། སྔ་མ་ཅུང་ཟད་བྱ་དཀའ་ཞིང་ཕྱི་མ་འདི་སྟབས་བདེ་བས། ཕྱག་ལེན་སོགས་རྣམ་པར་མ་དག་པའི་འདོན་བྱ་མང་པོ་མེད་ཀྱང་། འདི་ཙམ་ལག་ལེན་གཙང་དག་བྱུང་ན་ཕན་ཡོན་ཆེ་བ་དང་། ཛཾ་གཏོར་དང་ཆུ་སྦྱིན་ནི་སངས་རྒྱས་ཀྱི་སྤྱོད་པ་བཀའ་རྟགས་ཀྱིས་ཕྱག་རྒྱ་ཡིན་པས་རྒྱལ་བའི་རྗེས་འཇུག་ཡིན་ཕྱིར། འདི་ཙམ་ཆགས་སུ་མི་རུང་བ་ཡིན་ནོ།། དགེའོ།། །།