Snyan brgyud kyi man ngag rdo rje'i tshig gi mdud 'grol
Resource ID | Sup29 |
---|---|
Title | snyan brgyud kyi man ngag rdo rje'i tshig gi mdud 'grol |
Topics | Six doctrines of Niguma |
Sub-Topics | Manual |
Author | Dorjé Pel |
Link | BUDA MW2PD20238 |
Notes | Author uncertain. This text is probably one of the three manuals used by Taranatha to compile the Tangdelma. |
༄༅། །སྙན་བརྒྱུད་ཀྱི་མན་ངག་རྡོ་རྗེའི་ཚིག་གི་མདུད་འགྲོལ།།
བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྔོན་དུ་བཏང་ནས་གསན་འཚལ། དེ་ལ་འདིར། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལ་གསུངས་པའི་སྙན་རྒྱུད་ཞལ་གྱི་གདམས་པ་འདི་སྟོན་པར་བྱེད་པ་ལ་དོན་རྣམ་པ་དྲུག་གིས་སྟོན་ཏེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་དང་དྲུག་གོ
།དང་པོ་ཐབས་ལམ་སྟོན་པ་ལ་དོན་རྣམ་པ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་ཆོས་སོ།
།སྔོན་འགྲོ་ལ་གསུམ་སྟེ། དག་བྱེད་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ།
།དེ་ལ་དང་པོ་དག་བྱེད་ཨའི་སྟོང་ར་ཉམས་སུ་ལེན་པ་ལ། དབེན་པའི་གནས་སུ་སྟན་བདེ་བ་ལ་བསྡད། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བྱ་བ་བྱུང་བས། དེ་ལ་དབེན་པའི་གནས་ནི་སྤྱིར་རྒྱུད་སྡེ་རྣམས་ནས་དུར་ཁྲོད་ཤིང་གཅིག་ལ་སོགས་པ་དངོས་གྲུབ་སྒྲུབ་པ་ལ། ལས་དང་པོ་པ། བརྟན་པ་ཐོབ་པ། བརྟན་པ་ཆེར་ཐོབ་པ་ལ་སོགས་ཀྱི་རྒྱུ་མཚན་མང་དུ་གསུངས་ནའང་། ད་ལན་འདིར་རང་གི་དགེ་སྦྱོར་ལ་བར་ཆད་མི་འབྱུང་བ་གཅིག་ལ་དབེན་གནས་སུ་ངོས་འཛིན་གསུང་། གནས་དེར་སྟན་བདེ་བ་ལ་བསྡད། ལུས་རྣམ་སྣང་གི་ཆོས་བདུན་གསུངས་པས། རྐང་པ་སྐྱིལ་དཀྲུང་། ལག་པ་མཉམ་བཞག་གམ་ས་གནོན། ལྟོ་བ་སྒལ་པ་ལ་སྦྱར། སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་དགུ །ལྕེ་རྐན་ལ་སྦྱར། མིག་མདའ་གང་ལས་ཚུར་མི་ཉེ། འདོམ་གང་ལས་ཕར་མི་ཉེ་བར་ཧྲིག་གེ་བལྟ་བ་ལ་རྣམ་སྣང་གི་ཆོས་བདུན་ཟེར་ཏེ། དེ་རེ་རེ་ལ་ཡང་ཡོན་ཏན་མང་དུ་ཡོད་པས་ཆེད་ཆུངས་མི་བྱ་བར་འཆུག་མེད་དུ་བྱེད་དེ། བཅའ་བ་ལུས་ལ་གནད་དུ་བསྣུན་པས་རྟོགས་པ་སེམས་ལ་འཆར་བ་ཆོ་ཉིད་ཀྱང་ཡིན་ལ། རྡོ་རྗེ་ཐེག་པའི་ཁྱད་ཆོས་ཀྱང་ཡིན་གསུང་། དེར་ལུས་ངག་ཡིད་གསུམ་བདེ་ཡལ་བའི་ངང་ནས་སྐྱབས་འགྲོ་བྱེད་དེ། སྐྱབས་འགྲོའི་ཡུལ་དཀོན་མཆོག་གསུམ་ཡིན་ཏེ།
རྒྱུད་བླ་ལས། སངས་རྒྱས་ཆོས་དང་དགེ་འདུན་སྟེ། ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་གསུངས་ཤིང་།
དཀོན་མཆོག་གསུམ་གྱི་ངོ་བོ་ཡང་བླ་མ་ཡིན་པས་བླ་མ་ནས་གཙམས་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ། ཆོས་ལ། དགེ་འདུན་ལ། སྐྱབས་སུ་མཆིའོ་ཞེས་བློ་དང་འདྲེས་ངེས་ནུས་ཚད་ནུས་ཚད་དུ་བྱེད་དེ། ཚད་རང་སྣང་བ་བདེན་མེད་དུ་བུན་གྱིས་སོང་སོང་ཡིན་ལ། མ་ཐ་ན་ཡང་ལན་གསུམ་ལས་མི་ཉུང་བ་གཅིག་ཅིས་ཀྱང་བྱེད་གསུང་། བསག་སྦྱང་ཆོས་ཀྱི་སོ་ནམ་ཡིན་པས་ཉིན་ལ་མཚན་བཏགས་པ་ཙམ་དུ་འབུང་གསུང་།
དེ་ནས་སེམས་བསྐྱེད་པ་ནི། སེམས་བསྐྱེད་ཆོས་ཀྱི་ས་བོན་ཟེར་བས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་བྱ། དེའི་ཆེད་དུ་སྙན་རྒྱུད་ཀྱི་གདམས་པ་བསྒོམ་སྙམ་དུ་སེམས་བསྐྱེད། སྐྱབས་འགྲོ་སེམས་བསྐྱེད་དེ་དང་ལྡན་བཞིན་པའི་ངང་ནས། རང་གི་སྤྱི་བོའི་གཙུག་དུ་སེང་གེ་བརྒྱད་ཀྱིས་བཏེག་པའི་ཁྲི། པད་མ་དང་ཉི་མ་ཟླ་བའི་སྟེང་དུ། རང་གི་རྩ་བའི་བླ་མ་གང་ལ་མོས་པ་དམ་པར་འཛིན་པ། བློ་འདྲེ་བར་བྱེད་པའི་བླ་མ་དེ་ཉིད་ལོངས་སྐུ་རྡོ་རྗེ་འཆང་གི་རྣམ་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་། དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཞལ་འཛུམ་པའི་མདངས་དང་ལྡན་ཞིང་འོད་དང་འོད་ཟེར་གྱི་རང་བཞིན་ཅན། གསུང་གསུང་དབྱངས་དྲུག་བཅུས་ཆོས་ཀྱི་སྒོ་དུ་མ་སྟོན་པ། ཐུགས་སྟོང་གསལ་དྲི་མ་མེད་པས་ཁམས་གསུམ་གྱི་སེམས་ཅན་ལ་ཉེ་རིང་དང་ཕྱོགས་ཆ་མེད་པར་གཟིགས་ལ། མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་ན། གསོལ་བ་བཏབ་ན་བྱིན་བརླབས་འབྱུང་བ་སྨོས་མི་དགོས་པ་གཅིག་དུ་བསམ། དེའི་སྐུ་གསུང་ཐུགས་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུ་དུས་གསུམ་རྣམ་པ་ཐམས་ཅད་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་པ་ཆོས་སྐྱོང་བའི་བསྲུངས་མ་དང་བཅས་པ་ཐམས་ཅད་སྤྱན་དྲངས་ལ་བླ་མ་ལ་བསྟིམ། བླ་མ་སངས་རྒྱས་ཀུན་འདུས་ཀྱི་རང་བཞིན་དུ་བསམ། ཕྱི་ནང་གསང་གསུམ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད། ལུས་ལོངས་སྤྱོད་དགྲ་གཉེན་བར་མ་ཐམས་ཅད་དབུལ། འདི་ཕྱི་ཐམས་ཅད་ཀྱི་ལེགས་ཉེས་སྐྱིད་སྡུག་བླ་མ་མཁྱེན་སྙམ་པས་བློ་སྙིང་བྲང་གསུམ་བླ་མ་ལ་བསྐལ་ལ། གསོལ་བ་ཕུར་ཚུགས་སུ་གདབ་ཅིང་། གསོལ་འདེབས་རྒྱང་འབོད་མ་བྱས་ནའང་བྱིན་བརླབས་ཆེ་གསུང་།
ཐེམས་ཡིག་ལས། །སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། གསུངས་པས།
བླ་མ་སངས་རྒྱས་རིན་པོ་ཆེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་ལོངས་སྤྱོད་ཐམས་ཅད་འབུལ། ཐུགས་རྗེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞེས་ནས། བདག་གི་ནད་གདོན་ཞི་བར་བྱིན་གྱིས་བརླབ་དུ་གསོལ། སྡིག་སྒྲིབ་འདག་པར་བྱིན་གྱིས་བརླབ་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ་ཞེས་རྩེ་གཅིག་དུ་གདབ། ཐུན་ཐ་མ་ན་མར་ལ་སོང་ཙ་ན། ད་ལྟ་ཉིད་དུ་བྱིན་གྱིས་བརླབ་དུ་གསོལ། དེ་བཞིན་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ། སྒོམ་ཐུན་གཅིག་པོ་འདི་ཉིད་ལ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རླབ་དུ་གསོལ། ཞེས་ཉིན་ལ་མཚན་བཏགས་པའི་ཚུལ་གྱིས་འབད་པ་བྱེད་གསུང་།
དམིགས་པ་གསུམ་ནི། དག་བྱེད་ཨའི་སྟོང་ར་ལ། རང་ཐ་མལ་པའི་སྨིན་ཕྲག་གི་ནང་དུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ། ཟུར་གཅིག་སྨིན་ཕྲག །ཟུར་གཉིས་རྣ་རྟག་གཡས་གཡོན་དུ་ཟུག་པ། རྩ་བ་ཕྲ་བ་ཐུར་ལྕེ་ཆུང་པར་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། དཀར་སེང་པ། རྣམ་པ་སྤང་བརྒྱན་དཀར་པོ་འམ། དར་དཀར་གྱི་གླང་རུ་ལྟ་བུའོ། །གསུང་། ཆོས་འབྱུང་དེའི་ནང་དུ་གཡས་གཡོན་གང་ལའང་མ་རེག་པའི་ཨ་དཀར་པོ། དཀར་བ། འཚེར་བ། དངས་པ། འདྲིལ་བ། གསལ་བ་འོད་ཀྱི་རང་བཞིན་ཅན་བསྒོམ་ཏེ། ངག་དུ་ཨ་ཨ་ཅེས་སྒྲ་དང་བཅས་པ་བགྲངས་པས། ཨ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་སྐྱ་ཆི་ལི་ལི་བྱུང་བས་ཆོས་འབྱུང་གང་། དེའི་ཞབས་ནས་ཆུ་རྒྱུན་འཛགས། ལུས་ཕྱི་ནང་གི་སྡིག་སྒྲིབ་ཐམས་ཅད་ཆུ་རྒྱུན་གྱིས་བརྡས། དཔེར་ན་ཐལ་བའི་རི་བོ་ལ་ཕུ་ཆུ་དྲག་པོ་ཁ་གཏད་པ་ལྟར་རྦ་ཀློང་དང་བཅས་བས་དེད། སྡིག་སྒྲིབ་ཐམས་ཅད་འོག་སྒོ་བཤང་ལྕི་གཉིས་ཀྱི་ལམ། རྐང་པའི་སོར་མོ། བ་སྤུའི་བུ་ག་རྣམས་ནས་ནག་ནུ་རུ་རུ་འཐོན། ལུས་ཤེལ་དངས་པའམ། ཁྲུ་དཀར་བཀྲུས་པ་ཕུས་བཏབ་པ་ལྟར་ཕྱི་གསལ་ནང་གསལ་དུ་སོང་བའི་ནང་བྱང་སེམས་དཀར་པོས་གང་བར་སྒོམ་གསུང་།
སྟོང་ར་ནད་གདོན་སེལ་བྱེད་ལ་གཉིས། ནད་སེལ་བྱེད་དང་། གདོན་སེལ་བྱེད་དོ།
།ནད་ལ་གསུམ། ཚ་བ། གྲང་བ། རླུང་ནད་སེལ་བྱེད་དོ།
།དང་པོ་ནི་ནས་ཚད་པ་ལྟ་བུ་ལ། ཆོས་འབྱུང་ཕྱི་དཀར་ལ་ནང་ཅུང་ཟད་ཙམ་དམར་བ། ཨ་ཡང་ཅུང་ཟད་དམར་བར་བསྒོམ་ཞིང་འགྲངས་པས། ཨ་ལས་བདུད་རྩི་བསིལ་བ། དངས་པ། རེག་བྱ་གྲང་བ། ག་བུར་གྱི་ཆུ་རྒྱུན་ལྟ་བུ་བབས། ཚ་བའི་ནད་ཐམས་ཅད་བརྡས། ལུས་ཤིན་དུ་གྲང་བ་འདར་ཡེད་ཡེད་པ་ཤིན་དུ་ཡང་གསལ་བར་བསྒོམ་གསུང་།
གྲང་བའི་ནད་ལ། བདུད་རྩི་དམར་བ་མེ་ཐུར་དུ་འབར་བ་ལྟ་བུས་གྲང་བ་བརྡས། ལུས་ཚ་ལྷང་བ་བསྒོམ་གསུང་།
རླུང་ནད་ལ། ལུས་མར་ནག་གི་སྣོད་གཏིང་རིང་པ་ཁ་རུབ་པ་གཅིག་དུ་ཞུགས་པར་བསྒོམ། མར་ནག་གིས་སྨིན་འཚམས་མར་ཆད་གང་ཞིང་ནུབ་པར་བསྒོམ། ཨ་དེ་ཡང་ཤིན་དུ་སྣུམ་པ་ཞུན་མར་ལྟ་བུ། མར་ནག་དེ་ཡང་ཤིན་དུ་དྲོ་བ་རླངས་བུན་པ་ཡོད་པའི་དྲོད་དང་། ངག་དུ་ཨ་བགྲངས་པས། བདུད་རྩི་ཞུན་མར་ལྟ་བུ་བབས། ལུས་སྣུམ་ཞིང་དྲོ་ལ། ཞུན་ཆིལ་བ་བསྒོམ། རླུང་ལ་ཤིན་དུ་ཡན་པར་འདུག་གསུང་། རླུང་ནད་གགས་པོ་བྱུང་བ་མ་གཏོགས་བྱས་ན་ཁམས་ལྗི་བར་འདུག་གསུང་ངོ་།
།དམིགས་པ་གཉིས་པ་ནི། གདོན་རྟོག་བྱུང་ན། ཆོས་འབྱུང་དུ་ཨ་བསྒོམ་པ་ཡར་ཆད་འདྲ། ངག་དུ་ཨ་བགྲངས་པས། ཨ་ལས་ངོ་བོ་བདུད་རྩི་ལ་རྣམ་པ་ཡི་དམ་གྱི་ཕྱག་མཚན་དང་མཚོན་ཆའི་ཚོགས་དང་། ཁྲོ་ཆུང་། མེ་དཔུང་ལ་སོགས་པ་དཔག་ཏུ་མེད་པ་བྱུང་བས། གདོན་གྱི་རིགས་སེམས་ཅན་གྲོག་སྦུར་སྡོམ་སྡག་གི་སྦྲུལ་ཉ་སྦལ་ལ་སོགས་པ་མང་པོ་བརྡས། ཞལ་སྒྲོས་ལ། ལ་ལུང་མང་པོ་བསྒྲལ་བར་བསྒོམ་ནའང་འཐད་གསུང་། གདོན་ཐོན་པའི་ཤུལ་ངོ་བོ་བདུད་རྩིའི་རྣམ་པ་ཁྲོ་ཆུང་ལ་སོགས་པས་གང་པར་བསྒོམ་གསུང་ངོ་།
།གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ནི། སྡིག་པ་དག་པའི་རྟགས་སུ། ལུས་འཁྲུ་བ་དང་། སྐྱུག་པ་དང་། ཁྲུས་བྱས་པ་དང་། གོས་དཀར་པོ་གོན་པ་དང་། ནམ་མཁའ་ལ་འཕུར་བ་དང་། གྱེན་ལ་འགྲོ་བ་དང་། ཉི་ཟླ་ཤར་བ་ལ་སོགས་པ་འབྱུང་། ནད་ཐོན་པའི་རྟགས། ལུས་ལ་རྡུལ་དང་། ཆུ་སེར་ཐོན་པ་དང་། ནད་ཀྱི་རླངས་སྔོན་དམར་དུ་འཐོན་པ་དང་། དྲི་མ་མི་འཆགས་པ་དང་། སྣག་ཁྲག་འཛག་པ་ལ་སོགས་པ་ཅི་རིགས་སུ་འབྱུང་། གདོན་ཐོན་པའི་རྟགས། སྲིན་བུ་གྲོག་སྦུར་ལ་སོགས་པ་ཐོན་པ་དང་། ས་བདག་གི་སྐྱོ་མ་སྐྱུགས་པ་དང་། སྲོག་ཆགས་ཀྱི་རིགས་ཐོན་པ་ལ་སོགས་པ་འབྱུང་ངོ་། །རྟགས་དེ་རྣམས་ཀྱང་དངོས་སམ་རྨི་ལམ་དུ་འབྱུང་ཞིང་། སྤྱིར་ལུས་ཡང་བ་དང་། རིག་པ་དངས་པ་དང་། སེམས་བདེ་ཞིང་དད་པ་སྐྱེ་བ་ལ་སོགས་པ་འབྱུང་གསུང་། ཞལ་སྒྲོས། ཁྲིད་གཞན་ནས་སྔོན་འགྲོ་མང་དུ་མཛད་པ་འདིར་སྟོང་ར་བསྐོར་གསུམ་པོ་འདིར་འདུས་པས་ཤིན་དུ་ཟབ་པ་ཡིན་ནོ་ཞེས་གསུང་སྟེ། དེ་རྣམས་སྔོན་འགྲོའོ།
།གཉིས་པ་དངོས་གཞི་ལ་ལྔ་སྟེ། ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གོན་པ། སྟན་དུ་འདིངས་པ། རྟ་རུ་ཞོན་པའོ།
།དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད། རང་གི་སྤྱི་བོར་བླ་མ་བསྒོམས་ཏེ་གསོལ་བ་གདབ་པ་ལ།
ཐེམས་ཡིག་ལས། །གཏུམ་མོ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ། གསུངས་པས།
བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ་ཞེས་གསོལ་བ་གདབ། རླུང་རོ་ལན་གསུམ་བསལ་ལ། ལུས་གནད་རྐང་པ་གཡས་ཕྱིར་བསྟན་ཏེ་བསྣོལ། ལག་པ་གཉིས། བསྣོལ་བས་སྦེ་ཤ་གཉིས་ལ་འཁྱུད། གྲུ་མོ་གཉིས་དཔུས་མོའི་ཁར་བཞག ། སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་དགུ་སྟེ་མེ་ཐབ་དྲུག་བཅིངས་སུ་བཅའ། ཐབས་ལམ་གྱི་བསྐོར་ལ་རང་རྗེ་བཙུན་མར་བསྒོམ་པ་ངེས་པ་ཅན་ཡིན་ནོ་གསུང་། དེ་ལྟར་རང་ལྷར་གསལ་བའི་ལུས་ཀྱི་ནང་མོའི་འོབས་ལྟར་དམར་ལམ་པ། ཞུས་ཁང་འབར་བ་ལྟ་བུ་ལ། ལུས་ཀྱི་ནང་ལྟེ་བའི་ཐད་ཀའི་ཕྱོགས་བཞི་སྟེ། ལྟེ་བ། མཁལ་མ་གཡས་གཡོན་གཉིས། རྒྱབ་དང་བཞིར། མེའི་གོང་བུ་ངང་སྐྱའི་སྒོང་ང་ཙམ་པ་བཞི། རེག་བྱ་ཚ། དམར་བ། ལས་ཀྱང་དཀར་བ་སྟེ། མགར་གྱི་སོ་མལ་ལྟར་མེ་བྱིངས་དམར་པོ་ལ། གོང་བུ་བཞི་ལྕགས་ཚོས་པ་ལྟར་དཀར་ངང་པ་ཤིན་དུ་ཡང་ཚ་བ་སྟེ། ཚ་ལྷེམ་ལྷེམ་པ་བསྒོམས་ནས། སྟེང་རླུང་དལ་བུས་རྔུབས་ནས་མཆིལ་མ་དང་བཅས་པས་འོག་དུ་བསྐྱུར་ལ་ལྟེ་འོག་དུ་མནན། འོག་རླུང་འཐེན་སྟེ་རླུང་ཁ་སྦྱར་བུམ་པ་ཅན་དུ་བཟུང་། མི་ཐུབ་པ་དང་དལ་བུས་བཏང་། དེ་ལྟར་ཡང་ཡང་དུ་རྩོལ་པ་བསྐྱེད་ནས་བྱེད་ཅིང་། ཐབས་ལམ་རྩོལ་བའི་གནད་གསུང་། ཤངས་པའི་ཁྱད་ཆོས་མི་རྒོད་གཏུམ་མོའི་ཁྲིད་གསུང་། འདི་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པ་རླུང་བསྒོམ་པ་ཏེ། དབང་གཉིས་པའི་དམ་ཚིག་ཀྱང་ཡིན་པས་འཆུག་མེད་གཅིག་བྱེད་པ་གལ་ཆེའོ་གསུང་ངོ་།
།གཉིས་པ་ཟས་སུ་ཟ་བ་ནི། སྔོན་འགྲོ་བླ་མའི་རྣལ་འབྱོར་ཡན་ཆད་གོང་མ་དང་འདྲ་བ་ལ། འདི་ལའང་རླུང་རོ་ལན་གསུམ་བསལ་ནས་འཁྲུལ་འཁོར་བཅའ་བ་ནི། ལག་པའི་མཐེ་འོང་གཉིས་སྲིན་ལག་གི་རྩ་བར་བཟུང་། སྲིན་ལག་དང་མཐེའུ་ཆུང་དགུག །གུང་མཛུབ་བརྐྱང་ལ་གཡོན་འོག་གཡས་སྟེང་ནས་ཐུར་དུ་བསྣོལ། རྐང་པ་གཡོན་ནང་དུ་བཅུག་པའི་སྐྱིལ་དཀྲུངས་བཅས་པའི་མཐེ་འོང་གཉིས་གཡས་པས་གཡས་དང་། གཡོན་པས་གཡོན་ནས་བཟུང་ལ། ཚང་ར་ནང་དུ་ནུད་སྟེ་རྟིང་པས་བཤང་ལྕིའི་བར་དུ་ལྟེམ། ལུས་གནད་གལ་ཤིན་དུ་ཆེ་གསུང་། རྐང་པ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་རྒྱུད་འོག་དུ་བསྟན་པའོ་གསུང་། དམིགས་པ་སུམ་མདོའ་ཆོས་འབྱུང་དུ་མེ་མཚོན་གང་ངམ་བླ་བའི་རིལ་མ་ཙམ་སྒོམ་སྟེ། ཐད་དུ་དྲང་བ། ཁ་དོག་གསལ་བ། རེག་བྱ་ཚ་བ། རྩེ་མོ་རྣོ་བ་སྟེ། མཚན་ཉིད་བཞི་ལྡན་ནོ། །བུང་པའི་མཚོན་ཆ་ལྟ་བུ་གསུང་། དེ་ལྟར་གསལ་བར་བསྒོམས་ནས། སྟེང་རླུང་རྔུབས་ཏེ་མཆིལ་མ་དང་བཅས་ནས་ལྟེ་འོག་དུ་མནན། འོག་རླུང་བསྡམས་པས་མེ་གྱེན་དུ་འབར། དབུའ་མ་ནས་ཡར་སོང་གྱེན་དུ་ཆེར་འབར་ལུས་མེས་གང་། མགྲིན་པར་མེའི་རྩེ་མོ་ཉུག་ཉུག་པ་བསྒོམ་གསུང་། མེ་འབར་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་ལས་བྱང་སེམས་བབས། ཐིགས་པ་མེ་ལ་སོང་བས་མེ་ཆེར་འབར། དཔེར་ན་མེ་འབར་བ་ལ་མར་ཁུ་འཐིགས་པས་ཆེར་འབར་བ་བཞིན་གསུང་ངོ་། །བདེ་བ་ཆུང་ན་ཐིག་ལེ་ཆེར་བསྒོམ་ཏེ་སྙིང་ག་ཡར་ཆད་ཙམ་ཁེངས་པར་བསྒོམ། དྲོད་ཆུང་ན་མེ་ཆེར་བསྒོམ་ཏེ་མགྲིན་པ་ཡན་ཆད་གང་བར་བསྒོམ་མོ་གསུང་། གདོན་རྟོག་ཆེ་ན་བ་སྤུའི་བུ་ག་ནས་མེ་དམར་ཉུག་ཉུག་པ་སྒོམ་ཞིང་། ཡང་བདེ་བ་ཆེས་ཏེ་ཐིག་ལེ་འཛག་ན། སྤྱི་བོའི་ཧཾ་ཡིག་གྱེན་ལ་བཞེངས་པ་སྒོམ་ཞིང་འོག་རླུང་འཐེན། འདི་ལ་རྩོལ་བ་ཁོ་ན་གལ་ཆེ་ཡང་ཡང་གསུང་། དེ་ལྟར་མ་བྱས་ན་ཐབས་ལམ་ལ་དྲེད་གསུང་བས་ཤིན་དུ་མད། རྩོལ་བ་ཁོ་ནས་སྒོམ་པར་བྱེད་དོ།
།གསུམ་པ་གཏུམ་མོ་གོས་སུ་གྱོན་པ་དང་། གཞི་པ་སྟན་དུ་འདིངས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བླ་མ་བསྒོམས་ཏེ་གསོལ་བ་འདེབས་པ་ཡན་ཆད་སྔར་དང་འདྲ་ལ། ཉིན་མོ་ཟས་སུ་ཟ་བའི་ལུས་གནད་དང་དམིགས་པ་སྒོམ་ཏེ། ནུབ་མོ་ཉལ་བའི་དུས་སུ། མལ་ཐག་ཐུང་བ་རྔས་ཅུང་ཟད་མཐོའ་བར་བྱ། བརླ་གཉིས་ལྟོ་བ་ལ་སྦྱར་ཏེ་པུས་བྲང་སྤྲད། དེ་ལ་ལག་པ་གཉིས་ཀྱིས་འཁྱུད་ལ་ཕྱི་ནས་བསྡམས་ཏེ། ལག་མཐིལ་མེའི་དཀྱིལ་འཁོར་ཡིན་པས་མཁལ་མ་ཆུའི་རྩ་ལ་དགབ་པར་བཤད་དེ་མི་སླེབ་པས་བཀབ་པར་སྒོམ་གསུང་། བཞོགས་གང་བདེ་བ་འོག་དུ་བཅུག་པའི་རྐང་པ་སྟེང་མ་ཤིང་ངམ་རྡོའམ་མདོར་ན་འཁྲང་པ་ཤེད་ཐུབ་པ་གཅིག་ལ་དྲག་ཏུ་གཏད། རྐང་པ་དེའི་གོང་ཁར་རྐང་པ་འོག་མའི་རྒྱུ་མོ་ཁུང་བཀལ་ལ་མནན། དེ་ལ་ཤེད་བཅུད་ལ་ཉལ། འདི་ལ་ཀུ་ཀུ་ར་ཙའི་འདུག་སྟངས་གསུང་། ལྐོས་ཀོ་སྤུས་མོ་གཉིས་ཀྱི་སྟེང་དུ་བཞག་ལ། ཁྱི་ཉལ་སྒོར་མོ་བྱའོ།
།རིན་ཆེན་གསེར་གླིང་པའི་ཞལ་ནས། གདམས་པ་ཆུང་ཡང་ཕན་ཡོན་ཆེ་བ་གཅིག་འདུག །ངེད་རས་ཕུད་སྟོང་དུས་དྲོད་རང་ཆེར་མངོན་པ་བྱུང་གསུང་། མེ་དམིགས་ཟས་སུ་ཟ་བ་བཞིན་བསྒོམས་ལ་རླུང་ཅུང་ཟད་བཟུང་ལ་བརྩོན་པས་འཆུག་མེད་བྱེད་དོ་གསུང་། །གོས་སྟན་གཉིས་ཉལ་བ་ཁོ་ནའི་ཡིན། རྩོག་གེ་སྡོད་ཚད་སྔར་བཞིན་སྒོམ་པ་ཡིན་ནོ་གསུང་ངོ་།
།ལྔ་པ་རྟ་རུ་ཞོན་པ་ནི། སྔོན་འགྲོ་གསོལ་འདེབས་ཡན་ཆད་སྔར་དང་འདྲ། དེ་ནས་རླུང་རོ་བུས་ནས། ལག་པ་རྡོ་རྗེ་ཁུ་ཚུར་བཅངས་པའི་ལག་མགོའི་ཕྱི་རྒྱབ་གཡའ་ཁུང་དུ་སྦྱར། གྲུ་མོ་གཉིས་ཐེབ་བྱས་པ་བཤོག་པ་བཞིན་བྱ། དམིགས་པ་ནི་ལག་མགོ་གཡས་གཡོན་གཉིས་སུ་རླུང་གི་ལྷ་མོ་དཀར་ལྗང་བཤོག་པ་ཅན་མིག་འབུར་བ། རིག་པ་ཧུར་ཐོན་པ་ངར་དང་བཅས་པ་ལུས་ཤུགས་དང་ལྡན་པ་གཉིས་བསྒོམ་ཏེ། ཁ་དོག་དཀར་ལྗང་ནི་ཕུག་རོན་གྱི་སྐྱེ་མདོག་ལྟ་བུ་ཡིན་ནོ་གསུང་། འགྲོས་མི་བྱེད་གོང་དུ་རླུང་ཁུག་པ་ཉེར་གཅིག་བཟུང་ནས། དེ་ནས་རླུང་བཟུང་ཞིང་དམིགས་པ་དང་བཅས་པས་འགྲོ་བར་བྱེད་གསུང་། ཡང་དེ་བས་མགྱོགས་པར་འགྲོ་དགོས་པ་བྱུང་ན། རྐང་པའི་སྒྱུ་མོ་ཁུགས་གཉིས་ཀྱི་འོག་ཏུ་རླུང་གི་ལྷ་མོ་བཤོག་པ་བརྒྱངས་པ་གཉིས་ཀྱིས་ནམ་མཁའ་ལ་བཏེག་པར་བསམས་ནས་འགྲོ་བར་བྱེད་ཅིང་། དམིགས་པ་འདི་དྲག་འགྲོས་ལན་རེ་ཙམ་མིན་པ་ཐང་མར་བྱས་ན་བསྐྲད་འཁོར་དུའང་འགྲོ་བའི་ཉེན་ཡོད་གསུང་། དེ་ལྟར་བསྒོམས་ཏེ་ཕྱིན་པས་རྟ་མཆོག་དང་མཉམ་པའི་འགྲོས་འབྱུང་གསུང་བས། རྟ་གསར་མའི་འགྲོས་ཙམ་འབྱུང་ངོ་གསུང་། དེ་ལྟར་ལྔ་པོ་དེ་དངོས་གཞིའོ།
།རྗེས་ལ་གཉིས་ཏེ། སྲིད་པའི་དབང་ཞུ་བ་དང་། གེགས་རང་གྲོལ་ལོ།
།དང་པོ་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡན་ཆད་སྔར་དང་འདྲ། ལུས་རྣམ་སྣང་གི་ཆོས་བདུན་བཅའ། རང་གི་སྤྱི་བོར་མི་འཇིགས་སེང་གེ་བརྒྱད་ཀྱི་ཁྲིའི་སྟེང་དུ། པཾ་ལས་པད་མ་འདབ་མ་སྟོང་དང་ལྡན་པ། རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་རང་ཉིད་མོས་པའི་བླ་མ་དེ་ཉིད་སྐུ་མདོག་དཀར་པོ། ཞལ་འཛུམ་ཞིང་རང་ལ་དགྱེས་བཞིན་པ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་དུ་སྒོམས་པའི་ཐུགས་ཁ་ནས་འོད་འཕྲོས། རྩ་རྒྱུད་བླ་མ་ཐམས་ཅད་གོང་བཞིན་དུ་སྤྱན་དྲངས་ལ་འོད་ཟེར་དཀར་པོའི་རྣམ་པས་བླ་མ་ལ་བསྟིམ། ཕྱིའི་མཆོད་པ་ཉེར་སྤྱོད་ལྔ། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་རང་རིག་མར་བྱས་ཏེ་འཁྲིལ་སྦྱོར་རོལ་བ། དེ་ཁོ་ན་ཉིད་བདེ་གསལ་མི་རྟོག་པ་ཏེ་མཆོད་པ་བཞི་བསྐོར་དུ་འབུལ། གསོལ་བ་རྩེ་གཅིག་དུ་གདབ། བླ་མ་སངས་རྒྱས་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱི་ནང་གསང་གསུམ་བདེ་བ་ཆེན་པོའི་མཆོད་པ་རྒྱ་ཆེན་པོ་འབུལ། ཐུགས་རྗེས་སེམས་ཅན་གྱི་དོན་དུ་བཞེས་ནས། བདག་ལ་དབང་བཞི་རྫོགས་སུ་བསྐུར་དུ་གསོལ་ཞེས་གསོལ་བ་ལན་གསུམ་དུ་གདབ། བླ་མའི་སྐུ་དང་གདན་ཟླ་བ་ལས་འོད་ཟེར་དཀར་པོའི་བདུད་རྩིའི་ཆུ་རྒྱུན་ལྟ་བུ་སྐྱ་ཆི་ལི་ལི་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། སྨིན་འཚམས་ཡན་ཆད་གང་། ལུས་ཀྱིས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །བླ་མའི་སྐུའི་བྱིན་བརླབས་ཞུགས་སྟེ་བུམ་པའི་དབང་ཐོབ། དེ་བཞིན་དུ་མགྲིན་པ། སྙིང་ཁ། རྐང་མཐིལ་ཡན་ཆད་གང་། ངག་གི །ཡིད་ཀྱི་། ཀུན་གཞི་ལ་ཡོད་པའི་བག་ཆག་དང་དྲི་མ་ཐམས་ཅད་དག །གསུང་དང་། ཐུགས་དང་། དེ་གསུམ་དབྱེར་མེད་ཀྱི་བྱིན་བརླབས་ཞུགས། གསང་བ། ཤེས་རབ་ཡེ་ཤེས། དབང་བཞི་པ་ཐོབ། མཐར་བླ་མ་འོད་དུ་ཞུ་ནས། རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དུ་དབྱེར་མེད་དུ་འདྲེས་པའི་ངང་ལ་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་བཞག་གོ་གསུང་། ཡང་སློབ་མ་ལྟ་བུ་ལ་བྱེད་ན། མཎྜལ་པད་མ་འདབ་མ་བཞི་པ་དཀར་པོ་བྱ། བདག་བདེ་མཆོག་དུ་བསྐྱེད། མཎྜལ་སྟེང་དུ་བླ་མ་བསྐྱེད་པ། གཞུག་པ། མཆོད་པ་སྔགས་བཞིན་དུ་བྱ། གཏོར་ཚོགས་དང་འབྲེལ་བས། རང་དབང་ལེན་པ་བཞིན་དུ་སྒོམ་དུ་བཞུག །དེ་ཉིད་ཐབས་ལམ་གྱི་བཀའ་ཡང་ཡིན། སྔགས་དབང་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་ཉམས་ཤས་ཡོད་ན་སོས་པ་བདག་འཇུག་དུའང་འགྱུར་ཞིང་། ཆུ་རྒྱུན་གཅིག་ལ་དབང་བཞི་ལེན་པ་ནི་ཟབ་སྟེ། རྣལ་འབྱོར་དབང་ཕྱུག་གིས་ཀྱང་ལམ་ཟབ་བླ་མ་གསུང་། དེ་ལྟར་སྲིད་པའི་དབང་ཞུ་བ་འདི་ཉིད་ཐབས་ལམ་སྒོམ་ཚད་ཀྱི་རྗེས་སུ་མ་ཆགས་པར་བྱེད་པ་ཡིན་ནོ་གསུང་ངོ་།
།གཉིས་པ། གེགས་རང་གྲོལ་ལ་གཉིས་ཏེ། སྟོད་ཀྱི་དང་། སྨད་ཀྱི་གེགས་སེལ་ལོ།
།དང་པོ་ལ་བཞི། རླུང་འབུད་པ། ཁྲོལ་ཚགས་ལྟ་བུ། རིན་པོ་ཆེ་འབར་བ་ལྟ་བུ། ཧ་དམིགས་སོ།
།དང་པོ་རོ་སྟོད་བརྒྱངས་པའམ། གཟེར་བའམ། སྙིང་མི་དགའ་བའམ། ཤེས་པ་འཕྱོ་བའམ། རོ་སྟོད་ན་བ་བྱུང་ན། སྔོན་འགྲོ་བླ་མའི་རྣལ་འབྱོར་ཡན་ཆད་སྔར་བཞིན་བྱས་ལ། ལུས་སྐྱིལ་དཀྲུང་། ལག་པ་ས་གནོན་ལྷོད་དེ་ཤིག་གེ་བ་བཅས་ལ། དམིགས་པ་རླུང་བུས་པས་ནད་གདོན་སངས་སངས་སོང་བར་བསམས་ལ། རླུང་དྲག་རླུང་དུ་ཉི་ཤུ་རྩ་གཅིག་བུ། ལུས་ཀྱི་སྟོད་སེང་བྱས་ལ་སེམས་ལས་མེད་དུ་བཞག །དམིགས་པ་འདི་རྣམས་རྒྱུན་གཅིག་ལ་དགོས་པ་མིན། འདེབ་ཁའི་ཁྱད་པར་ཡིན་གསུང་།
གཉིས་པ་ཁྲོལ་ཚགས་ནི། གང་ན་སར་བུག་པ་ཁྲོལ་ཚགས་ལྟ་བུ་བསྒོམས་ལ་ནད་ཁ་དོག་སྔོན་དམར་དུ་ཕྱུ་རུ་རུ་འཐོན་ནས། ནད་ཀྱི་ཤུལ་སྟོང་ཉིད་དུ་བདེ་ཕྱམ་སོང་བར་བསྒོམ།
གསུམ་པ་རིན་པོ་ཆེ་འབར་བ་ལྟ་བུ་ནི། མདུན་རྒྱབ་གཉིས་དང་མདོར་ན་གང་ན་སར་རིན་པོ་ཆེ་འབར་བའི་མིག་ལྟ་བུ། བུ་ག་ཧུ་རེ་བའི་ནང་ན་ཕར་ནད་དུད་པ་འཕྱུར་བ་ལྟར་སྔོ་བུན་ནུ་ནུ་འཐོན་པར་བསམས་པའི་རྗེས་སྔར་བཞིན་དུ་བྱེད་དོ་གསུང་།
བཞི་པ་ཧ་དམིགས་ནི། ལག་པ་ས་གནོན་སྤུས་མོ་ལ་དགབ། དམིགས་པ་ཧ་སྟོན་པས་ལུས་བཞི་ཚལ་དུ་ཤགས་ཤགས་སོང་བར་བསམ། ལུས་བཞི་ཚལ་དུ་ཤགས་སོང་བའི་དཀྱིལ་ན་ནད་གང་ཡིན་དེ་ནག་ཧྲིལ་ལེ་འདུག་པ་ཡལ་ཡལ་སོང་བར་བསམས་ལ་ཧ་དྲག་པོ་སྒྲ་དང་བཅས་པ་སྟོན་པའི་རྗེས་སུ་ཧཱ་ཞེས་དལ་ཤིག་པ་བྱ། ནད་ཐོན་ཏེ་སྟོང་སངས་སོང་བར་སྒོམ་པ་ཡིན་ནོ་གསུང་།
གཉིས་པ་སྨད་ཀུན་དའི་གེགས་སེལ་ནི་གཉིས་ཏེ། ནོར་བུ་རྒྱུ་མ་བཟློག་པ་དང་། ལུས་སྦྱོང་གཉིས་སོ།
།དང་པོ་ནི། སྔོན་འགྲོ་གསོལ་འདེབས་ཡན་ཆད་སྔར་དང་འདྲ་བ་ལ། ལུས་རྣམ་སྣང་གི་ཆོས་བདུན་བཅས། རླུང་རོ་ལན་གསུམ་བསལ་ལས། ལུས་ཡི་དམ་དུ་གསལ་བའི་རྡོ་རྗེ་ནོར་བུའི་བུ་གར་ཧཱུྃ་སྔོན་པོ་གཅིག་བསམ། སྟེང་རླུང་བཟུང་། འོག་རླུང་འཐེན་པས། ནོར་བུའི་ཧཱུྃ་ནང་དུ་ཞུགས་སྟེ། ནོར་བུའང་ནང་དུ་རྒྱུ་མ་ལོག་པ་བཞིན་དུ་སོང་། དབུ་མ་ནས་ཞུགས། སྤྱི་བོར་རྒྱངས་ཀྱིས་བྱུང་སྟེ། སྟེང་ངེ་ཡོད་པར་བསམ། ཀུན་ད་འཛག་པ་དེས་སེལ་གསུང་ངོ་།
།གཉིས་པ་ལུས་སྦྱོང་ནི། ཀུན་ད་འཛག་པའི་གེགས་བྱུང་ན། རབ་དགག་སྒྲུབ་དང་བྲལ་བའི་ལྟ་བས་བསམ། འབྲིང་དབང་བསྐུར་དང་ཚོགས་འཁོར་གྱིས་བསལ། ཐ་མ་དམིགས་པ་དང་འཁྲུལ་འཁོར་གྱིས་བཅད་པར་བྱའོ་གསུངས་པས།
དམིགས་པ་དང་བཅས་པའི་འཁྲུལ་འཁོར་ནི། གནས་དབེན་པར་སྐྱབས་སེམས་བསྐྱེད་བླ་མའི་རྣལ་འབྱོར་བསྒོམས་ཏེ་གསོལ་བ་བཏབ་ལ། རང་ལུས་ཡི་དམ་གྱི་ལྷར་བསྒོམས་ལ། རླུང་རོ་ལན་གསུམ་བསལ། སྟན་ལས་ལངས་ཏེ་རྐང་པ་གཡོན་པའི་བརླ་ལ་གཡས་པའི་མཐིལ་གཏད། ལག་པ་གཉིས་བསྡིགས་མཛུབ་གཡས་ནམ་མཁར་གདེངས། གཡོན་སྙིང་གར་བཟུང་། མིག་ཁྲོ་མོའི་བལྟ་སྟངས་དགྲད་ལ། རླུང་ཁ་སྦྱོར་དུ་བཟུང་ལ། ཡང་གཡོན་པའང་བསྒྱུར་བ་དེ་བཞིན་དུ་བྱ། འདི་ལ་སྟོབས་ཀྱི་འཁྲུལ་འཁོར་ཟེར་བས། འདིས་སྟེང་འོག་ཕྱོགས་བཞིའི་གདོན་རྣམས་སྐྲོད་པར་བྱེད་པ་ཡིན་གསུང་། དེ་ནས་ཚིལ་ཆེན་ནམ་འབྲུ་མར་ལག་པའི་མཐིལ་དུ་བླུགས་ལ། རླུང་ཁ་སྦྱོར་དུ་བྱས། ལག་པས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ལ་ཁྱབ་པར་བྱུག་ཅིང་། མི་བསྙོགས་པའི་སར་ཕྱག་རྒྱའམ་གྲོགས་མཚན་ཉིད་དང་ལྡན་པ་འབྱུག་དུ་བཞུག །རྩའི་འདུས་པ་རྣམས་སུ་ནན་ཤིན་དུ་ཆེ་བ་དང་། ཤེད་དང་ལྡན་པས་འབྱུག་སྟེ། འདིས་ཟས་འཇུ། ཁམས་དངས་སྙིགས་འབྱེད། ཐིག་ལེ་འཕེལ། རྩ་རླུང་གི་ཟུག་རྔུ་མི་འབྱུང་བས་ཕན་ཡོན་ཆེན་པོ་ཡོད་དོ་གསུང་།
དེ་ནས་ལུས་སྦྱོང་དངོས་གཞི་ལ། ཨང་གྲོལ་ལས་ཀྱི་ཕྱག་རྒྱ། བྷེ་ཏ་ཆོས་ཀྱི་ཕྱག་རྒྱ། བྷན་དྷ་དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོའོ།
།དང་པོ་ནི། རྐང་པ་གཡོན་པའི་རྟིང་པས་བཤང་ལྕི་གཉིས་ཀྱི་བར་སྟེམ། སྒལ་ཚིགས་བསྲང་། རྐང་པ་གཡས་བརྐྱང་པའི་མཐེབ་ཆེན། ལག་པ་གཡས་པའི་གུང་མཛུབ་མཐེ་བོས་བཟུང་ལག་གཡོན་པས་བོལ་གོང་ནས་བཟུང་ལ། སྒལ་པ་མ་གུག་པར། རྐང་པ་གྱེན་དུ་བརྐན་ཏེ། རླུང་རྔུབས་ལ་ལྟེ་བར་མནན། མི་ཐུབ་པ་དང་དྲག་རླུང་དུ་བུ། མགྲིན་པ་ཅུང་ཟད་སྒུ་བ་དང་། ཡར་འཐེན་ཅིང་དྲག་དུ་སྡིག་པ་དང་། རྔུབ་པ་དལ་བ་སྟེང་འོག་ཁ་སྦྱོར་དུ་བྱེད་པ་གལ་ཆེ་གསུང་ངོ་།
།གཉིས་པ་ནི། རྐང་པའི་རྟིང་པ་གཉིས་བཤིབས་པའི་བར་དུ་སོར་ལྔས་མ་རེག་པར་བྱ། རྐང་སོར་རྣམས་མཉམ་པོར་ས་ལ་ཕབ་ལ་བརྟན་པོ་མི་འགྱེལ་བར་བྱ། ལག་པ་གཡོན་པའི་མཐེ་བོང་། གཡས་པས་བཟུང་ལ་ཁུ་ཚུར་བྱ། དེ་ལ་གཡོན་པས་ཕྱི་ནས་བཀབ་ལ་ཤུགས་དང་ལྡན་པས་རྐང་པས་མཐོ་གསུམ་གྱིས་རིང་པར་ས་ལ་གཟུགས། མགོ་བོ་ལག་པ་གཉིས་ཀྱི་བར་དུ་བཀུག་ལ་རླུང་ཁ་སྦྱར་ལུས་ཡར་དལ་བུས་འཐེན་ལ་དེ་ནས་འཕོངས་དང་བརླ་གཉིས་བྱིན་རྟིང་ལ་དྲག་ཏུ་གདབ་སྟེ། གཡས་གཡོན་དུ་མ་འཁྱོགས་པ་གལ་ཆེ་ཞིང་། དེ་ལྟ་བུ་རླུང་གིས་ཐུབ་ཚད་ཀྱི་བར་ལ་བྱེད། མི་ཐུབ་པ་དང་བསྡད་ལ་རླུང་བུའོ་གསུང་།
གསུམ་པ་ནི། རྐང་པ་གཉིས་དགྲད་པའི་བར་དུ་ཁྲུ་གང་ཡོད་པ་བྱ། ལག་པ་གཉིས་ནང་ནས་བཅུག་སྟེ་ཕྱི་ནས་བསྐོར་ལ་རྐང་མཐེབ་གཉིས། གུང་མཛུབ་གྱིས་བཟུང་། ལུས་སྒུར་པོར་ལངས་ལ་མགོ་བོ་དགུག །ལུས་ཤེད་དང་ལྡན་པས་རླུང་ཁ་སྦྱར་མ་འཆུགས་པར། རྐུབ་ནམ་མཁར་སྐྱེར་སྐྱེར་བ་བྱེད་པ་ཡིན་ནོ་གསུང་།
བཞི་པ་ནི། བདེ་བའི་སྟན་ལ། རྩོག་བུ་རྐང་པ་གཉིས་བསྣོལ། ལག་པ་གཉིས་བསྣོལ་པའི་འཐེབ་ཆེན་གྱིས་སྦེ་ཤ་གཡས་གཡོན་མནན། གྲུ་མོ་གཉིས་སྤུས་མོའི་ཁར་བཞག །ལ་སྒལ་ཚིགས་བསྲང་། མགྲིན་པ་ཅུང་ཟད་དགུ་ཙམ་བྱས་ལ། འདི་ལ་ཕྱག་རྒྱ་ཆེན་པོ་ཟེར་བས། ཡིད་བྱ་བྱེད་ཀྱི་བསམ་མནོའ་མི་བྱེད་པར། བློ་ལས་མེད་རྩོལ་མེད་དུ་ལྷོད་དེ་ཤིག་གེ་འཇོག་པ་འདི་གོང་མ་གསུམ་པོའི་ངལ་བསོའང་ཡིན་ལ། བོགས་འདོན་ཡང་ཡིན། འདྲེན་གྱི་འཁྲུལ་འཁོར་འདི་རྣམས་ཤིན་དུ་ཆུན་ཆེ་ལ་ཟབ་པ་གཅིག་ཡོད་པ་ཡིན་པས་བརྩོན་འགྲུས་བསྐྱེད་དེ་གགས་ལས་རྒྱལ་བར་བྱེད་དོ་གསུང་།
དེ་ལྟར་སྔོན་འགྲོ་ལ་དམིགས་པ་གསུམ། དངོས་གཞི་ལ་ལྔ། རྗེས་ལ་གཉིས་སྟེ་ཐབས་ལམ་ལ་དམིགས་པ་བཅུ་མཛད་ཀྱི་འདུག་གོ
།འདིའི་སྐབས་སུ་སྒྱུ་ལུས་ཀྱི་སྤྱི་བཀའ་མཛད་དོ།
།སྤྱི་དོན་གཉིས་པ་སྒྱུ་ལུས་ལ་གསུམ་སྟེ། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་མལ་གཅིག་དུ་ཏིང་ངེ་འཛིན་སྐྱེས་པའོ།
།དང་པོ་ལ་གཉིས་ཏེ། གསོལ་འདེབས་བླ་མ་ལམ་འཁྱེར་དང་། ཅིར་སྣང་བདེན་མེད་ལམ་འཁྱེར་རོ།
།དང་པོ་ནི། བླ་མ་གྲོགས་སུ་སྟེན་པ་གསུངས་པས། ཅིའི་ཕྱིར་གྲོགས་སུ་ཤེས་བྱ་ཞེ་ན། འདུ་འབྲལ་མེད་པར་སྟེན་པའི་དོན་གྱིས་ན་གྲོགས། བླ་མས་གོང་ནས་གོང་དུ་འཁྲིད་པར་བྱེད་པའི་དོན་གྱིས་ན་གྲོགས། ཡོན་ཏན་བསྐྱེད་པར་བྱེད་པའི་དོན་གྱིས་ན་གྲོགས། སངས་རྒྱས་ཚེ་གཅིག་གམ་ལོ་ཟླ་ཙམ་གྱིས་གཏེར་བར་བྱེད་པས་ན་གྲོགས་བཟང་པོ་དང་འདྲ་བའི་དོན་གྱིས་ན་གྲོགས་སུ་བསྟེན་པ་ཟེར་བ་ཡིན་ནོ་གསུང་།
དེ་ཉམས་སུ་ལེན་པ་ལ། སྔོན་འགྲོ་སྐྱབས་འགྲོ་ནས་གསོལ་བ་གདབ་པ་ཡར་ཆད་སྔར་དང་འདྲ། ཁྱད་པར་འདི་ལ་མི་རྟག་སྐྱོ་ཤས་སྔོན་འགྲོ་ཡིན་གསུང་པས། དབེན་པའི་གནས་སུ་འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་དེ། སྔར་སྐྱེས་པ་ཐམས་ཅད་ནི་ཤི་འདུག །ད་སྐྱེ་བ་ཐམས་ཅད་ནི་འཆི་ངེས་པ་དེར་འདུག །ད་ལྟ་ས་ཐོག་ན་ཡོད་པ་ཐམས་ཅད་ཀྱང་མ་ཤི་བར་ཚེ་ཐར་དུ་བསྡོད་པ་གཅིག་ཀྱང་མི་འདུག ཤི་ནས་ཅང་མེད་སྟོང་པ་གཅིག་དུ་ནི་མི་འགྲོ། ཡང་ལས་ཀྱི་དབང་གིས་ངན་སོང་གསུམ་དུ་སྐྱེ་ཞིང་རིགས་དྲུག་དུ་ཀ་འཁོར་བར་འདུག །དེ་གང་དུ་སྐྱེས་ཀྱང་ནི་སྐྱིད་དང་གྲོག་སྤུ་ཙམ་ཡང་མི་འདུག །ཁོང་ཚོ་ཤི་འོས་གཅིག་ཤི་ནས་འོ་ཅག་བསྡོད་འོས་གཅིག་ལས་པར་ནི་མི་འདུག །དོ་ནུབ་རང་འཆིའམ། སང་འཆིའམ། ནམ་འཆི་ཆ་མི་འདུག་པ་ཨ་ཙ་མ་ན་སྙམ་པ་འཆི་བ་མི་རྟག་པ་དུངས་དུངས་པ་ཀམས་ཀམས་པ། སྣང་པ་བཀྲག་མེད་ཟི་བུན་པ་སྒོམ་དགོས། འདི་གལ་ཤིན་དུ་ཆེ་གསུང་། འདི་ནས་བཟུང་ནས་བདག་བསྐྱེད་བདེ་མཆོག་ལ་བྱེད་པ་ཡིན་གསུང་པས། རང་ལུས་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་རྐྱང་པས་དུས་མཚན་དང་། གཡོན་བསྐུམ་པས་འཇིགས་བྱེད་མནན་པ། མིག་གོ་སྐམ་རློན་དང་རུས་པས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྣང་ལ་རང་བཞིན་མེད་པ་བར་སྣང་དུ་འཇའ་ཤར་བ་ལྟ་བུར་བསྐྱེད། དེའི་སྤྱི་བོར་གདན་བཞི་རྩེགས་ལ་རང་གི་རྩ་བའི་བླ་མ་སྒོམ་སྟེ། གོང་དུ་བསྟན་པ་བཞིན་མི་གསལ་བ་མེད་པར་གསལ་བསིང་པ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་བསྒོམས་ལ། དེའི་མདུན་དུ་གནོད་བྱེད་དང་། གཞི་བདག་གིས་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད། ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་སུ་ཞུང་ཞུང་པ་རམ་འདེགས་ཀྱི་ཚུལ་དུ་ཀུ་དི་རི་རི་གསོལ་བ་འདེབས་པར་བསམས་ལ། གསོལ་བ་རྩེ་གཅིག་དུ་གདབ་སྟེ།
ཐེམས་ཡིག་ལས། དབང་པོ་རབ་དང་འབྲིང་པོ་ལ། །གསོལ་འདེབས་ལྔ་ལ་མདུན་པ་གསུམ། གསུངས་པས།
བླ་མ་སངས་རྒྱས་རིན་པོ་ཆེ། བདག་གིས་བདག་འཛིན་བློས་ཐོངས་པར་བྱིན་གྱིས་བརླབ་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། སྒྱུ་ལུས་འབྱོངས་པར་བྱིན་གྱིས་བརླབ་དུ་གསོལ། རྨི་ལམ་འབྱོངས་པར་བྱིན་གྱིས་བརླབ་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ། སྒོམ་ཐུན་གཅིག་པོ་འདི་ཉིད་ལ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་དུ་གདབ། འདི་ལ་གསོལ་འདེབས་བླ་མ་ལམ་ཁྱེར་གསུང་པས། ཅིས་ཀྱང་ཡངས་མེད་རང་དུ་གསོལ་བ་འདེབས་པ་རང་བྱེད་དོ་གསུང་། སངས་རྒྱས་ཐོབ་པར་བྱེད་པའི་ཐབས་ཀྱི་མཆོག་མཐར་ཐུག་པ་བླ་མའི་མོས་གུས་དང་གསོལ་བ་འདེབས་པ་ཡིན་ཏེ། ལྷ་སྐུ་བསྐལ་པ་སྟོང་དུ་བསྒོམས་པ་བས། བླ་མ་དྲན་པ་བསོད་ནམས་ཆེ་སྟེ།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །སྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་སྒོམ་བླ་མ་བསྒོམས། །ལྷ་སྐུ་བྱེ་བ་སྟོང་སྒོམས་པས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་གསུངས་ཞིང་།
བླ་མ་ལ་མོས་གུས་ཀྱི་སྙིང་ཕུར་ཐེབས་པས་གསོལ་བ་འདེབས་ནུས་ན། སངས་རྒྱས་སྟོང་གི་ཡོན་ཏན་ཡང་འཛིན་པར་གསུངས་ཏེ།
ཨ་ཏི་བཀོད་པའི་རྒྱུད་ལས། གསང་པ་སྔགས་ལས་བྱུང་པ་ཡི། །བླ་མ་དྲིན་དང་ལྡན་པ་ཉིད། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ལག་པའི་མཐིལ་དུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས།
བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་གཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས།
ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་གསུངས་སོ།
།བླ་མ་ལ་གསོལ་བ་འདེབས་པ་འདིས་ནི། ལམ་ལྔ་ས་བཅུ་ཐམས་ཅད་མོས་གུས་གཅིག་གིས་བསྒྲོད་པ་ཡིན་ནེ།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཞལ་ནས། ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བསྒྲོད་པར་བྱེད། །བླ་མའི་སྣང་པ་མི་བྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །ཅེས་གསུངས་ཤིང་།
རིན་པོ་ཆེ་རྨོག་ལྕོག་པའི་ཞལ་ནས། ཚེ་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས་གསུང་། ཁོང་རང་གི་ཐག་ཆོད་ཀྱི་གསུང་གཅིག་ལ། ཐུགས་རྗེ་ཆེན་པོ་རང་ཤེས་དཀར་ནའང་དཀར། །དགྱེས་རྡོར་བདེ་མཆོག་རང་ཤེས་སྔོ་ནའང་སྔོ། །ང་ལ་ནི་རེས་ས་བླ་མ་ལས་མེད། ཇི་ལྟར་འདུག་ཀྱང་བླ་མའི་སྣང་པ་དང་འབྲལ་མ་མྱོང་པས། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་སམ་དེ་ད་སོད་ཡོང་ཡོང་འདྲ་གསུང་།
བླ་མ་སྐྱེར་སྒང་པའི་ཞལ་ནས། ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། བླ་མའི་མོས་གུས་ལ། བླ་མ་ཡང་ཡང་དྲན་པ། བུ་གཅིག་པོ་ཤི་བའི་མ་ལྟ་བུ་གཅིག་དགོས་གསུང་།
སངས་རྒྱས་གཉན་སྟོན་གྱི་ཞལ་ནས། ཚེ་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། བླ་མའི་མོས་གུས་ལ། སྙིང་ཁོང་རུས་པའི་གཏིང་ནས་མཆི་བ་རང་དབང་མེད་པར་གསོལ་བ་འདེབས་པ་གཅིག་དགོས་གསུང་།
ཆོས་རྒྱལ་སངས་རྒྱས་སྟོན་པའི་ཞལ་ནས། ཚེ་གཅིག་གིས་སངས་རྒྱ་བ་ལ་བླ་མའི་མོས་གུས་དགོས། བླ་མའི་མོས་གུས་ལ་བརྗེད་ངས་ལོག་ལྟར་མ་ཤོར་བ་གཅིག་དགོས། ཡང་ན་བླ་མ་བརྗེད། ཡང་ན་ལོག་ལྟ་བྱེད་པ་དེ་འདྲ་ལ་བྱིན་བརླབས་མི་འཇུག་གསུང་།
མཁས་གྲུབ་ཆོས་རྗེ་ལ། སངས་རྒྱས་སྟོན་པའི་ཞལ་ནས། སློབ་དཔོན་གྱིས་ཀྱང་གཅིག་མཛོད་དང་གསུངས་པས། མཁས་གྲུབ་ཆོས་རྗེའི་གསུང་ནས། ཚེ་གཅིག་གིས་སངས་རྒྱས་སྒྲུབ་པ་ལ་བླ་མའི་མོས་གུས་དགོས་ལ། དེ་ལའང་བླ་མ་དང་གོ་འདྲིས་མ་ཁྱེར། གདམས་ངག་ལ་སྣ་དྲེད་མ་ཁྱེར་བ་གཅིག་རང་དགོས་པར་གདའ་ཞུས་པས། ཆོས་རྒྱལ་སྟོན་པའི་གསུང་ནས། དེ་ཤིན་དུ་བདེན་པར་འདུག །དང་པོ་ངའི་རྩར་ཡོངས་པ་ཀུན་ཡང་། གཉིད་ཆུང་པ། ཟར་ཆེ་བ། དད་པ་ཆེ་བ། ང་ལོ་ཡང་ས་ཡོད་པ་ལ་ཕྱིས་དེ་བཞིན་མི་ཡོང་པར་འདུག་གསུང་།
རིན་པོ་ཆེ་གསེར་གླིང་པའི་ཞལ་ནས། བླ་མ་ལ་ཆོས་སྐུའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་འདི་རྐྱེན་ཅི་བྱུང་ཡང་བླ་མ་དྲན་པ་ཙམ་གྱིས་སེལ་ཞིང་། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་དེའི་ངོ་བོ་བླ་མར་བསྒོམས་པས་སེལ་བ་ནད་བརྒྱའ་སྨན་གཅིག་བྱ་བ་དེ་འདི་རང་ཡིན་ནོ་གསུང་།
གཞན་ཡང་བླ་མ་གཉན་གྱི་ཞལ་ནས། བླ་མ་རྗེ་བཙུན་ཆེན་པོ། རིན་པོ་ཆེ་འབྲི་ཁུང་པ། ཞང་རིན་པོ་ཆེ། དུས་གསུམ་མཁྱེན་པ། གཙང་པ་རྒྱ་ལ་སོགས་པ་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས། བླ་མའི་མོས་གུས་གཅིག་པོས་ལམ་བསྒྲོད་པ་ལ་ཀུན་འཐུན་པར་འདུག་གོ་གསུང་།
བླ་མ་བཛྲ་ཤྲིའི་ཞལ་ནས། སངས་རྒྱས་ཀྱི་བསྒྲུབ་ལུགས་མང་ལགས་ཀྱང་། བླ་མ་ལ་གསོལ་བ་འདེབས་པའི་གོང་ན་མེད་གསུང་པས། ལས་སླ་ལ་ས་ཆོད་ཆེ་བའི་བླ་མའི་མོས་གུས་འདི་ཡིན་ནོ་གསུང་།
དེ་རྣམས་དམིགས་པའི་རྗེས་ལ་མོས་གུས་ལ་ཡིད་ཆེས་པའི་ཐབས་སུ་གསུང་གི་གདའོ།
།གཉིས་པ་ཅིར་སྣང་བདེན་མེད་ལམ་འཁྱེར་ལ་གཉིས། མཉམ་བཞག་དང་། རྗེས་ཤེས་ལམ་འཁྱེར་རོ།
།དང་པོ་ནི། གོང་བཞིན་དུ་གསོལ་བ་རྩེ་གཅིག་དུ་གདབ་པས་འཇིག་རྟེན་གྱི་སྣང་པ་བདེན་མེད་དུ་ཕྱམས་སོང་པའི་ངང་རྗེས་ལ། རང་བདེ་མཆོག་ཡབ་ཡུམ་དུ་བསྒོམས་པའི་རྒྱན་ཆ་ལུགས་ཕྱག་མཚན་རྣམ་པ་བཞུགས་ཚུལ་དང་ལྡན་པ་འདི། རང་གི་བློས་བཀོད་བློ་ལ་ཤར་བ་མ་གཏོགས་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མི་འདུག །སྣང་ཡང་བདེན་མེད་ཡིན་སྙམ་དུ་བསམ། དེ་བཞིན་དུ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས། དགྲ་སྡང་པ། གཉེན་བྱམས་པ། བདག་གཞན་སྣོད་བཅུད་དང་བཅས་པ་འདི་རྣམས་རང་གི་བློས་བཟུང་བློས་བཀོད་པ་མ་རྟོགས་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མི་འདུག་པས། སྣང་གི་འདུག་ཀྱང་བདེན་མེད་ཡིན། བཤིས་རང་བདེན་མེད་ཡིན་པ་ལ་དེ་ལྟར་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ཨང་སྙམ་དུ་བསམ། དེ་ལྟར་རྩེ་གཅིག་དུ་བསྒོམས་པ་མཉམ་བཞག་ཡིན་ནོ་གསུང་ངོ་།
།གཉིས་པ་རྗེས་ཤེས་ནི། འགྲོ་འཆག །ཉལ་འདུག །ཟས་གོས། གཏམ་སྨྲ་བ་ལ་སོགས་པའི་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། ང་དོ་ནུབ་འཆི་ནང་པར་འཆི་ཅིས་ཀྱང་ཅི་བྱེད་སྙམ་པ། བླ་མའི་སྣང་པ་དང་མི་འབྲལ་བ་མོས་གུས་སུ་ཞུང་ཞུང་པ། ངེས་པར་རང་བདེན་མེད་ཡིན་སྙམ་པ་མདུན་པ་གསུམ་དང་འབྲལ་མེད་ཡེངས་མེད་དུ་བྱེད་དེ། དེས་ཉིན་པར་གྱི་དུས་འདའ། ནུབ་མོ་ཉལ་དུས་སུ་མལ་བདེ་བར་ཉལ། གསོལ་བ་ཞེ་དུངས་པ་འདེབས་པ་གལ་ཆེ་གསུང་ནས་ནན་ཏན་མཛད། རྨི་ལམ་འཛིན་པའི་འདུན་པས། གཉིད་ལོག །རྨི་ལམ་དུ་གཡང་ལ་ལྟུང་པའམ། དགྲ་འམ་ཁྱིས་དེད་པ་ལ་སོགས་པ་རྨི་ལམ་མི་འཚམ་པ་རྨིས་ན། དེ་རྨི་ལམ་དུ་དྲན་པས་ཚིར་བཟུང་། དེ་རྨི་ལམ་དུ་ཤེས། རྨི་ལམ་བདེན་མེད་སྒྱུ་མར་ཤེས། སྒྱུ་མ་སྒྱུར་འཛིན་དང་བྲལ་བ་འོད་གསལ་ཕྱག་རྒྱ་ཆེན་པོ་རང་ཤར་དུ་འབྱུང་སྟེ། དེ་ལྟར་བསྒོམས་པས་གཡས་ནས་བསྟོད་པ་དང་། ཙན་དན་གྱིས་བྱུགས་པ་ལ་དགའ་བ་དང་། གཡོན་ནས་སྨོད་པ་དང་། ཁྱི་ལུད་ཀྱིས་བྱུགས་པ་ལ་མི་དགའ་བ་མེད་པ། དགག་སྒྲུབ་རང་གྲོལ་བས་སྒྱུ་ལུས་ཆགས་སྡང་རང་གྲོལ་བྱ་བ་ཡིན་གསུང་ངོ་། །དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ་ལམ་ལྔ་ས་བཅུ་བསྒྲོད་པ་བྱ་བ་ཡིན་གསུང་ངོ་།
།གཉིས་པ་དབང་པོ་འབྲིང་པོ་ནི། དེ་ལྟར་ཅུང་མ་འགྱུར་ཅིང་། དབང་པོ་རབ་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་ཅིང་། མོས་གུས་དང་རྩོལ་བ་ཅུང་ཞན་པས། དབང་པོ་འབྲིང་དུ་གྱུར་པ་ཡིན་གསུང་། དེ་ལ་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་གསུང་སྟེ། དེ་ལ་ཚིག་གཞན་གྱིས་བར་མ་ཆོད་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། ཐ་མལ་གྱི་ལོང་གཏམ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཆོས་ཕྱོགས་ཀྱིའང་མདོའ་འདོན་པ་དང་། སྔགས་བཟླས་པ་ལ་སོགས་པའང་རེ་ཤིག་བཞག་ལ། རྩེ་གཅིག་དུ་ཉམས་སུ་ལེན་པ་ཡིན་ནོ་གསུང་།
དེ་ལ་གཉིས་སྟེ། རང་ལུས་སྣང་སྟོང་ལྷ་སྐུ་དང་། ཅིར་སྣང་སྒྱུ་མ་ལམ་འཁྱེར་རོ།
།དང་པོ་ནི་སྐྱབས་འགྲོ་སེམས་བསྐྱེད་ཡན་ཆད་སྔར་དང་འདྲ། བླ་མའི་རྣལ་འབྱོར་ལ་ཤིན་དུ་ནན་ཆེ་བ་གསུང་སྟེ། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་བསྐྱེད། གསོལ་བ་ཉིན་མཚན་དུ་སྦྲེལ་ལ་གདབ། དེ་ཡང་གོང་བཞིན། བདག་འཛིན། དགོས་མེད། སྒྱུ་ལུས། རྨི་ལམ། འོད་གསལ་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་དུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་མཆི་བ་རང་དབང་མེད་པར་གསོལ་བ་རྩེ་གཅིག་དུ་གདབ་པ་འདི་ཁོ་ན་རང་གནད་ཡིན་ནོ་གསུང་། དེ་ལྟར་གསོལ་བ་གཏབ་པས་སྣང་པ་བདེན་མེད་དུ་ཕྱམ་སོང་པ་དང་། རང་གི་ལུས་བདེ་མཆོག་དུ་བསྒོམས་པའི་སྐུ་མདོག་ཕྱག་མཚན་རྣམ་པ་བཞུགས་ཚུལ་དང་ལྡན་པས་སྣང་ཞིང་གསལ་བ་དེ་ཉིད་རང་གི་བློས་བཀོད། བློས་བཟུང་ཞིང་བློ་ལ་དེ་ལྟར་དུ་ཤར་བ་མ་རྟོགས་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་སྤུ་ཙམ་ཡང་མེད་ཨང་སྙམ་དུ་ཐག་སད་བཅད་ལ། འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན། འདི་རྨི་ལམ་ཡིན། སྒྱུ་མ་ཡིན། ཁྱད་པར་དུ་སྒྱུ་མ་ཡིན། ཞེས་ངག་དུ་ཡང་རྒྱུན་དུ་བརྗོད་ཅིང་། ཡིད་དེ་དང་འབྲལ་མེད་དུ་བྱེད་དེ།
ཁྱིའུ་རབ་སྣང་གིས་ཞུས་པའི་མདོའ་ལས། ཆོས་རྣམས་རྨི་ལམ་སྒྱུ་མ་ཞེས། །གང་གིས་ཚིག་བརྗོད་དྲན་གྱུར་པ། །སྲིད་པའི་འཆིང་པ་ལས་གྲོལ་ནས། །ཚེ་འདི་ཉིད་ལ་སངས་རྒྱས་ངེས། །ཞེས་གསུངས་པས།
མཉམ་བཞག་དང་། དེས་མཚོན་ནས། གཉིད་ལོག་པ། དེ་ལས་སད་པ། འགྲོ་འཆག་ལ་སོགས་པ་ཐམས་ཅད་དུ་ངག་དུ་ཡང་རྨི་ལམ་ཡིན་སྒྱུ་མ་ཡིན། བདེན་མེད་ཡིན་ཞེས་རྒྱུན་དུ་བརྗོད། ཡིད་ཀྱང་དེ་དང་འབྲལ་མེད་དུ་བྱེད་པ་ཡིན་ཏེ། སྒྱུ་ལུས་བདེན་མེད་ཀྱི་གནད་གསུང་། དོ་ནུབ་འཆི་ནང་པར་འཆི་ཅིས་ཀྱང་ཅི་བྱེད་སྙམ་པ། ཡིད་བླ་མའི་མོས་གུས་སུ་ཞུང་ཞུང་པ། སྣང་གྲགས་འདི་ཐམས་ཅད་བདེན་མེད་ཡིན་སྙམ་པའི་འདུན་པ་གསུམ་པོ་འབྲལ་མེད་ཡེངས་མེད་དུ་བྱེད་པ་ཡིན་ནོ་གསུང་། ངག་དུ་ཡང་སྒྱུ་མ་རྨི་ལམ། སེམས་ཀྱིས་ཀྱང་སྒྱུ་མ་རྨི་ལམ་གྱི་རྩིས་ཟིན་པར་བྱས་ལ། ཅི་བྱས་དགེ་སྦྱོར་དུ་འགྲོ་བ་ཡིན་ནོ་གསུང་། འདིའི་སྐབས་སུ་ཚེ་འདི་བློས་བཏང་པའི་ཐབས་འཆི་བ་མི་རྟག་པ་དྲན་པ། སྣང་པ་འདི་ཐམས་ཅད་རང་གི་སེམས་དེར་ཤར་བ་ཡིན་པ། སེམས་དེའང་སྒྱུ་མ་རྨི་ལམ་ཙམ་དུ་སྒོམས་པ་ལ་ཡིད་ཆེས་ཀྱི་ལུང་དང་། གཏམ་རྒྱུད་ཁ་ཡར་གཅིག་གསུང་གི་གདའ་སྟེ་འདིར་མངས་པས་ལོགས་སུ་བྲིས་པ་ལ་གཟིགས།
གཉིས་པ་ཅིར་སྣང་སྒྱུ་མ་ལམ་ཁྱེར་ནི། སྔོན་འགྲོ་གསོལ་འདེབས་ཡར་ཆད་འདྲ། དངོས་གཞི་ལའང་གཞན་འདྲ། ཁྱད་པར་འདི་ལ་གཉེན་པོ་དྲག་པོ་རང་གཏོང་སྟེ། གཉེན་པོ་དྲག་པོ་ཡོད་ན་ལུང་མ་བསྟན་དུ་མི་འདུས། རྐྱེན་དབང་དུ་མི་འཆོར་སྟེ། དཔེར་ན། འདུན་པའི་ཁྱད་པར་གྱིས་འགྲོན་པོ་མང་པོ་ཡོད་ཀྱང་། ཇག་པ་ཉུང་ཉུང་གིས་ཆོམས་ཏེ། སྔོན་དུ་འདུན་པ་དང་གཉེན་པོ་ཡོད་མེད་ཡིན་གསུང་པས། དགེ་སྦྱོར་སྤྱོད་ལམ་ཅི་བྱེད་ཀྱི་སྔོན་དུ། སྒྱུ་མ་རྨི་ལམ་སྒྱུ་ལུས་བདེན་མེད་ཟང་ཐལ་དུ་ཐོངས་པས་ཅིས་ཀྱང་བྱེད་དགོས་སྙམ་པ་དེས་རྩིས་ཟིན་པར་བྱས་ནས། འདི་ལྟར་སྣང་པའི་དངོས་སོ།
།ཕྱིའི་ས་ཆུ་མེ་རླུང་། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། རི་ར་བ་ཁང་ཁྱིམ་རྩིག་པ་རེ་ལྡེ། ནང་བཅུད་ཀྱི་སེམས་ཅན། སྐྱེས་པ་བུད་མེད། དགྲ་གཉེན་རྟ་གླང་ལ་སོགས་པར་སྣང་པ་འདི་ཐམས་ཅད། རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས། ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་གཅིག་ཀྱང་མེད་དེ། འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན་སྒྱུ་མ་ཡིན་ཞེས་ངག་དུ་བརྗོད། ཡིད་ལ་འབྲལ་མེད་དུ་བསྒོམ། གོང་བཞིན་འདུན་པ་གསུམ་འབྲལ་མེད་དུ་བྱེད་ཅིང་། ཉིན་པར་གྱི་དུས་ཀྱི་འགྲོ་འཆག་ཉལ་འདུག་ཟས་གོས་གཏམ་སྙན་མི་སྙན་ལ་སོགས་པ་ཆགས་སྡང་གི་ཡུལ་དང་ཕྲད་པའི་ཚེ། ང་གཉིད་དུ་སོང་ནས་འདུག །ད་ལྟའི་སྤྱོད་ལམ་འདི་རྨི་ལམ་གྱི་འགྲོ་འཆག་ལ་སོགས་པ་རྨི་ལམ་གྱི་ཆགས་སྡང་ལ་སོགས་པར་འདུག་སྙམ་པས། ངག་དུ་སྒྱུ་མ་རྨི་ལམ། ཡིད་ཀྱང་སྒྱུ་མ་རྨི་ལམ་གྱི་རྩིས་ཟིན་པར་བྱེད་དེ། དེ་ལྟར་བྱས་པས་མཚན་མོ་གཉིད་དུ་སོང་དུས། རྨི་ལམ་དུ་ཤེས་ཤིང་ངོས་ཟིན། དེ་སྒྱུ་མར་ཤེས། སྒྱུ་མ་སྒྱུར་འཛིན་དང་བྲལ་བ་འོད་གསལ་ཕྱག་རྒྱ་ཆེན་པོའོ་གསུང་། དུས་ཐམས་ཅད་དུ་ང་དོ་ནུབ་འཆི་ནང་པར་འཆི། ཅིས་ཀྱང་ཅི་བྱེད་སྙམ་པ། བླ་མའི་མོས་གུས། ཅིས་ཀྱང་བདེན་མེད། འདུན་པ་གསུམ་འབྲལ་མེད་དུ་བྱེད་དེ། རྣལ་འབྱོར་ཆོས་གཡུང་གིས་དེ་གསུམ་བསྒོམས་པས་ཆོས་དྲུག་གི་ཡོན་ཏན་ཐམས་ཅད་སྐྱེས་པ་ཡིན་གསུང་། དབང་པོ་འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ་ས་བཅུ་ལམ་ལྔ་བསྒྲོད་པ་བྱ་བ་ཡིན་ནོ་གསུང་།
དབང་པོ་ཐ་མ་ནི། དབང་པོ་འབྲིང་ལ་དགེ་སྦྱོར་མ་སྐྱེས་ན། བླ་མ་ལ་ཆོས་སྐུའི་འདུ་ཤེས་མ་སྐྱེས་ཤིང་། མོས་གུས་དང་འདུན་པ་ཞན་པས་དབང་པོ་ཐ་མར་སོང་པ་ཡིན་གསུང་། དེ་ལ་མལ་གཅིག་དུ་ཏིང་ངེ་འཛིན་སྐྱེས་པ་གསུང་པས། དེ་ལ་སད་བཞིས་མ་ཁྱེར་ཅིང་། མལ་གྱི་དྲོད་མ་ཡལ་བ་གཅིག་ཉམས་སུ་ལེན་དགོས་གསུང་།
སད་བཞི་ནི། འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འཕོས་སྐྱས་མང་པོ། བློ་སྣ་མང་པོ། ལོག་ལྟ་མང་པོ་དགེ་སྦྱོར་གྱི་སད་དེ།
དེ་བཞིས་མ་ཁྱེར་བར་ཉམས་སུ་ལེན་པ་ལ་བཞི་སྟེ། འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མ་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ།
།དང་པོ་ལ། སྔོན་འགྲོ་བླ་མའི་རྣལ་འབྱོར་ཡན་ཆད་སྔར་དང་འདྲ།
ཐེམས་ཡིག་ལས། །སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། གསུངས་པས།
བདག་འཛིན། དགོས་མེད། སྒྱུ་ལུས་འབྱོངས་པར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་གདབ། ལུས་ཆོས་བདུན། བདག་བདེ་མཆོག་དུ་གསལ་བའི་ལྟེ་འོག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་ཅུང་ཟད་དམར་བ་འོད་ཀྱི་རང་བཞིན་དུ་བསམ། དེའི་ནང་དུ་དམྱལ་བ་ལ་སོགས་པའི་རིགས་དྲུག་གི་སེམས་ཅན་རྣམ་ཤིན་དུ་གསལ་བ་འོད་དུ་ལྟེམ་ལྟེམ་པ་བསྒོམ། འོག་རླུང་བལྐུམ་པས་རིགས་དྲུག་རྣམས་རང་རང་གི་དུ་ཁ་གྱིས་ཉམས་ཐག་པ་ཉེན་སྐད་དུ་རྩི་རྩི་བ་འོད་དུ་ལྟེམ་ལྟེམ་པ་བསམ། བདག་གིས་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་འདི་རྣམས་མི་བདེན་པ་ལ་བདེན་པར་བཟུང་ནས། འཁོར་བ་འབའ་ཞིག་དུ་འཁྱམས་པ་འདི་རྣམས་སྙིང་རེ་རྗེ་སྙིང་རེ་རྗེ་སྙམ་པ་དང་། འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན། ཁྱད་པར་དུ་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་རྩེ་གཅིག་པ་བྱ། དུས་ཐམས་ཅད་དུ་གོང་བཞིན་འདུན་པ་གསུམ་པོ་འབྲལ་མེད་དུ་བྱེད་དེ། དེས་ཉིན་པར་གྱི་དུས་འདའ། དེ་ལྟར་བྱས་པས་མཚན་མོ་རྨི་ལམ་རང་ཟིན་ལ་མི་འབྱུང་མི་སྲིད་གསུང་ངོ་།
།གཉིས་པ་ལ་གཉིས་ཏེ། ནད་སྒྱུ་མ་ལམ་ཁྱེར་དང་། གདོན་སྒྱུ་མ་ལམ་ཁྱེར་རོ།
།དང་པོ་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡན་ཆད་སྔར་དང་འདྲ། ལུས་གནད། རང་ལུས་ལྷར་བསྒོམ་པའང་འདྲ། དེ་ནས་རང་ལ་ན་ཚ་ལ་སོགས་པ་བྱུང་ན། ནད་ཀྱི་ངོ་བོ་དེ་ཉིད། རང་གི་བླ་མ་དམ་པ་དེ་ཉིད་དུ་སྒོམ། དེའང་སྣང་ལ་རང་བཞིན་མེད་པ་གསལ་ལ་ངོ་བོ་སྟོང་པར་ལྟས་ཏེ། དེ་ལྟར་མེད་བཞིན་དུ་སྣང་པ་འདི་རང་གི་བདག་འཛིན་གྱི་རང་གཟུགས་ཤར་བ་ཙམ་མ་རྟོགས་བདེན་པར་གྲུབ་པ་མེད། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན། ཁྱད་པར་དུ་སྒྱུ་མ་ཡིན་སྙམ་དུ་རྩེ་གཅིག་དུ་བསྒོམས་པས་ནད་བདེ་སྟོང་དུ་འཆར་བ་ནད་བརྒྱའ་སྨན་གཅིག་བྱ་བ་དེ་འདི་ཡིན་ནོ་གསུང་།
གཉིས་པ་ནི། དངོས་པ་རྨི་ལམ་དུ་གདོན་གྱི་རྣམ་པའམ་རྟོག་པ་བྱུང་ན། ལུས་ཆོས་བདུན། ལག་པ་སྤུས་མོ་ལ་བཀབ། རང་བདེ་མཆོག་དུ་གསལ་བའི་ལྟེ་འོག་ཆོས་འབྱུང་དུ། རིགས་དྲུག་གི་སེམས་ཅན་རྣམས་བསྒོམས་ལ། གནོད་བྱེད་དེ་ཡང་དམིགས་པས་བཀུག་ལ། རླུང་ནང་དུ་འཇུག་པ་དང་བསྟུན་སྟེ། རང་གི་སྣ་བུག་གཡས་ནས་བཅུག །ལྟེ་འོག་གི་ཆོས་འབྱུང་ནང་དུ་སྐྱུར་ལ་ཆོས་འབྱུང་ཁ་སྡུས་ཏེ། དཔེར་ན་སྐྱལ་པ་ཁ་སྡུས་ཏེ་བཅིངས་པ་ལྟར་གསུང་། དེ་ནས་འོག་རླུང་རྐུམ། སྟེང་རླུང་མནན་ལ་དཀྲུག་འཁོར་བྱ། དེ་ལྟར་བྱས་པས། ཁོས་རིགས་དྲུག་གི་དུ་ཁ་རྣམས་ཉམས་སུ་མྱོང་། འབྲོས་པ་ནི་མེད། ཤིན་དུ་ཉེན་པས་སྔར་གྱི་གནོད་པ་ལ་སོགས་པའི་ལས་ལ་ཤིན་དུ་འགྱོད་ཅིང་། ཉེན་སྐད་དུ་རྩི་རྩི་འདུག་པ། གནོད་སེམས་ཀྱང་ཞི་བར་བསམ། དེ་ནས་ཆོ་འབྱུང་ཁ་ཕྱེ་ནས་རླུང་ཕྱིར་འགྲོ་བ་དང་བསྡོངས་ནས་སྣ་ཕུག་གཡས་ནས་ཐོན་ནས། རང་གི་མདུན་ན་འདར་ཡེད་ཡེད་པ། ཡིད་མོས་གུས་སུ་ཞུང་ཞུང་པ་སྔར་གྱི་གནོད་པ་ལས་འགྱོད་ཅིང་ཕྱིས་སྡོམས་སེམས་དྲག་པོ་དང་ལྡན་པ་ལ་ཆུ་གཏོར་དང་། ལན་ཆགས་ཀྱི་གཏོར་མ་བྱིན་པས་ཚིམ་པ་དེ་རྒྱང་རིང་པོར་བསྐྲད་དེ། སྒྱུ་མ་རྨི་ལམ་དང་། འདུན་པ་གསུམ་འབྲལ་མེད་དུ་བྱེད་དེ། དེས་ངེས་པར་གདོན་ལས་གྲོལ་ལོ་གསུང་།
གསུམ་པ་ནི། སྔོན་འགྲོ་རྣམས་འདྲ། དངོས་གཞི་འགྲོ་དྲུག་སྒྱུ་མ་འཆར་བྱེད་བཞིན་བསྒོམས་པས། དེ་ལ་ཡོན་ཏན་དྲུག་སྐྱེ་ཏེ། འོག་རླུང་བསྐུམ་པས་དྲོད་སྐྱེ། དེས་བདེ་བ་སྐྱེ། ཐིག་ལེ་མི་འཛག །ཡུལ་སྣང་སྒྱུ་མར་འཆར། རྨི་ལམ་རང་ཟིན་ལ་འབྱུང་། སེམས་ཅན་སྨིན་གྲོལ་ལ་འགོད་ནུས་པ་རྣམས་འབྱུང་ངོ་གསུང་།
བཞི་པ་ནི། སྔོན་འགྲོ་དངོས་གཞི་འདྲ་བས་མཉམ་བཞག་གོང་བཞིན་དུ་སྒོམ་ཞིང་། རྗེས་སྤྱོད་ལམ་ཐམས་ཅད་དུ་སྒྱུ་མ་རྨི་ལམ་དུ་ཁྱེར་བས་ཅིང་སྣང་ཐམས་ཅད་བདེན་མེད་སྒྱུ་མར་རང་ཤར་ནས་ཡུལ་བཛིན་དང་ཆགས་སྡང་ཐམས་ཅད་རང་གྲོལ་ལ་འགྲོ་བ་ཡིན་པས། ཅིས་ཀྱང་ཉིན་ལ་མཚན་བཏགས་པའི་ཚུལ་གྱིས་ཉམས་སུ་ལེན། སྒྱུ་ལུས་བདེན་མེད་གནད་ཡང་ཡང་གསུང་། རྩོལ་བ་ཆུངས་ན་སྒྱུ་ལུས་ཨ་འཐས་བྱ་བ་ཡོང་པས་ཅིས་ཀྱང་འབད་པ་བྱེད་དེ། འདི་ལ། བྱུབ་ཀྱི་སེམས་བསྐྱེད་པ། ལུས་ལྷར་བསྐྱེད་པ། དེའི་སྤྱི་བོའམ་སྙིང་ཁར་བླ་མ་འབྲལ་མེད། སེམས་ཕྱག་རྒྱ་ཆེན་པོའི་ངང་ནས་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་པ། དེ་ཐམས་ཅད་ཀྱང་བསྔོའ་བས་ཟིན་པ་སྟེ། ཁྱུང་པོའི་ཁྱད་ཆོས་སྒྱུ་ལུས་དྲུག་ལྡན་དུ་ཉམས་སུ་ལེན་པ་ཡིན་ནོ་གསུང་།
དེ་ལྟར་དབང་པོ་རབ་ལ་དམིགས་པ་གཉིས། འབྲིང་ལ་གཉིས། ཐ་མ་ལ་བཞི་ཏེ། སྒྱུ་ལུས་ལ་དམིགས་པ་བརྒྱད་མཛད་ཀྱི་འདུག་གོ།
།སྤྱི་དོན་གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག་ལ་དོན་དྲུག་སྟེ། རྨི་ལམ་འཛིན་པ། སྦྱང་པ། སྤེལ་པ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་གཏན་ལ་དབབ་པའོ།
།དང་པོ་ལ་གཉིས་ཏེ། རྨི་ལམ་རང་ཟིན་ལ་ཐིག་ལེ་དབང་བཞིའི་གནད་དང་། དེས་མ་ཟིན་ན་གནད་འཆུག་མེད་དོ།
།དང་པོ་ལ། སྐྱབས་འགྲོ་ནས་བླ་མ་བསྒོམ་པ་ཡན་ཆད་སྔར་དང་འདྲ། གསོལ་འདེབས་ལ།
ཐེམས་ཡིག་ལས། །རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། གསུང་པས།
བདག་འཛིན། དགོས་མེད། རྨི་ལམ་ཟིན་པར་བྱིན་གྱིས་བརླབ་དུ་གསོལ་ཞེས་སྣང་པ་བདེན་འཛིན་ཞིག་ཞིག་ཏུ་གསོལ་བ་གདབ། ལུས་ཆོས་བདུན། རང་བདེ་མཆོག་དུ་བསྐྱེད་པ་སྔར་དང་འདྲ། དེ་ནས་རང་ལྷར་གསལ་བའི་སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བའི་ཀླད་སྐོར་ལས་ཐིག་ལེ་དཀར་པོ་འཐིགས་ལ་ཁད་པ། གསང་གནས་སུ་ཧཱུྃ་དམར་པོའི་ཀླད་སྐོར་ལས། ཐིག་ལེ་དམར་པོ་འཕིར་ལ་ཁད་པ་བསམ། དེ་ནས་ཧཾ་ལས་ཐིག་ལེ་དཀར་པོ་ཆད། སྙིང་ཁར་བྱོན། གཏི་མུག་དག །ཧཱུྃ་ལས་ཐིག་ལེ་དམར་པོ་ཆད། སྙིང་ཁར་བྱོན། འདོད་ཆགས་དག །ཞེ་སྡང་རང་དག་ཡིན་གསུང་། ཐིག་ལེ་གཉིས་སྙིང་ཁར་འགྲོས་འདེད་ཀྱི་ཚུལ་དུ་ཆོས་སྐོར་དུ་སྒོ་རོ་རོ་འཁོར་བ་ལ་སེམས་བཟུང་། དེ་ལྟར་གསལ་བ་དང་། འདི་སྣང་ནི་སྣང་། བདེན་ནི་མི་བདེན། འདི་ཀ་རྨི་ལམ་ཡིན་སྒྱུ་མ་ཡིན། ཁྱད་པར་དུ་རྨི་ལམ་ཡིན་སྙམ་དུ་བསམ་ཞིང་ངག་ཏུའང་བརྗོད། དེ་ནས་ཐིག་ལེ་གཉིས་གཅིག་ལ་གཅིག་རེག་རེག་པ་བསམ། རེག་པས་ལུས་སེམས་བདེ་ཕྲིལ་ཕྲིལ་བ་སྒོམ། མཐར་ཐིག་ལེ་གཉིས་གཅིག་ལ་གཅིག་ཐིམ་འོད་དུ་ཡལ་གྱིས་སོང་པས་མི་རྟོག་པའི་ངང་ལ་གཉིད་ལོག་ལ་རྨི་ལམ་བཟུང་། དུས་རྒྱུན་དུ་རྨི་ལམ་ཡིན་སྙམ་པ་འབྲལ་མེད་དུ་བྱ། འདི་ལ་ཐིག་ལེ་དབང་བཞིའི་གནད་གསུང་པས། སྙིང་ཁར་འཁོར་བ་དེ་བུམ་དབང་། གཅིག་ལ་གཅིག་རེག་རེག་པ་དེ་གསང་དབང་། རེག་པས་བདེ་བ་སྐྱེས་པ་དེ་ཤེས་རབ་ཡེ་ཤེས། གཅིག་དུ་འདྲེས་འོད་དུ་ཡལ་སོང་པ་དེ་བཞི་པ་ཡིན་གསུང་། ཟིན་པའི་རྟགས་འདི་རྨི་ལམ་དུ་འདུག་སྙམ་པ་དང་། སྔར་བས་རིག་པ་ཡང་པ་དང་། གཉིད་ཐུམ་ཕྲས་ཐུམ་མང་དུ་འབྱུང་ངོ་།
།གཉིས་པ་གནད་འཆུག་མེད་ལ་དགུ་ལས། དུས་ཀྱི་གནད་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་མོ།
།དུས་ཀྱི་གནད་གསུམ་ནི། ཐོ་རངས། ནམ་ལངས་ཁ། ཉི་མ་རི་རྩེ་ལ་ཤར་བའི་དུས་སོ། །དེ་ཡང་རིག་པ་ཡང་པའི་རིགས་ཐོ་རངས་ཀྱི་དུས་སུ་ད་ནམ་མྱུར་དུ་ལྡང་པར་འདུག་སྙམ་པའམ། ཁམས་དངས་སིངས་པ་འབྱུང་པས་དུས་དེ་ནས་སྒོམ། དེ་བས་ཁམས་ལྗི་བའི་རིགས་ཡིན་ནའང་ནམ་ལངས་ཁར་རིག་པ་དངས་སང་འགྲོ་བས་དེ་དུས་ན་སྒོམ་མོ། །དེ་ནས་ཀྱང་ཤེས་པ་ལྗི་བ་ས་ཁམས་པ་ཡིན་ན་ཉི་མ་རི་རྩེ་ལ་ཤར་བའི་དུས་སུ་ཅིས་ཀྱང་ཁམས་དངས་པ་འབྱུང་པས་དེའི་དུས་སུ་བསྒོམ་པ་ཡིན་གསུང་ངོ་།
།ལུས་ཀྱི་གནད་གསུམ་ནི། དཀྱིལ་དཀྲུངས། རྩོག་བུ། སེང་གེའི་ཉལ་ཐབས་སོ། །དེ་ཡང་དྲོད་ཆེ་ཞིང་མཁྲིས་པ་ཤས་ཆོ་བ་ཁམས་ལྗི་བའི་རིགས་ཡིན་ན། དཀྱིལ་དཀྲུངས་བྱ་སྟེ། གོང་དུ་བཤད་པ་ལྟར་རྣམ་སྣང་གི་ཆོས་བདུན་འཆའ་བ་ཡིན་ཏེ། ལུས་ཨེན་ཙམ་དྲོད་ཆུང་པར་འདུག་གསུང་། དྲོད་ཅུང་ཟད་ཆེ་ཞིང་བད་ཀན་ཤས་ཆེ་བ་རྩོག་བུ་བྱེད་གསུང་། རླུང་ཤས་ཆེ་བའི་རིག་པ་གཡེར་བའི་རིགས་ལ་སེང་གེའི་ཉལ་ཐབས་སུ་བྱེད་པ་ཡིན་ཏེ། བཞོགས་གཡས་འོག་དུ་བཞུག །ལག་པ་གཡས་འགྲམ་པའི་འོག །གཡོན་སྤྱིའི་སྟེང་དུ་རྐང་། རྐང་པ་ཅུང་ཟད་བསྣོལ་བའི་པུས་བྲང་ལྷོད་དེ་བ་སྦྱར། མགོ་དགྱེ་དགུ་རན་པ་བྱེད་པ་ལ་སེང་གེའི་ཉལ་ཐབས་ཟེར་བ་ཡིན་ནོ་གསུང་།
དམིགས་པའི་གནད་གསུམ་ནི། རྟོག་མེད་ལ་འཛིན་པ་གཉིས། རྟོག་བཅས་ལམ་དུ་འཁྱེར་བའོ།
།དང་པོ་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡར་ཆད་སྔར་དང་འདྲ། དངོས་གཞི་ལ་ལུས་གནད་གསུམ་པོ་ཁམས་རིགས་དང་སྦྱར་བས་བྱས་ལ་འདི་ལ་ཁྱད་པར་རླུང་དང་བསྟུན་ཏེ། སྤྱི་བོའི་ཧཾ་དང་གསང་གནས་ཀྱི་ཧཱུྃ་དཀར་དམར་གཉིས་སྔར་བཞིན་བསྒོམས་ལ། སྟེང་རླུང་ཐིག་ལེ་དཀར་པོ་དང་འགྲོགས་སྙིང་ཁར་བྱོན། འོག་རླུང་ཐིག་ལེ་དམར་པོ་དང་འགྲོགས་སྙིང་ཁར་བྱོན། སྔར་བཞིན་འཁོར་བ་ལ་དམིགས་ཏེ། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བྱ། དེ་ནས་གཉིད་དུ་འགྲོ་ཁ་ཙམ་ན་མར་སོང་པ་དང་། ཐིག་ལེ་དཀར་པོ་སྣ་བུག་གཡས་ནས་འཐོན། དམར་པོ་གཡོན་ནས་འཐོན། མདུན་གྱི་སྨིན་འཚམས་ཀྱི་ཐད་དུ་འཁོར་བ་ལ་སྔར་བཞིན་དྲན་འདུན་བྱེད། དེ་ནས་ཐིག་ལེ་དཀར་བ་ལས་ཡབ་བདེ་མཆོག །དམར་བ་ལས་ཡུམ་ཕག་མོ་སྟེ། བདེ་མཆོག་ཡབ་ཡུམ་དུ་བསྒོམས་ལ་དྲན་འདུན་སྔར་བཞིན་བྱ། དེ་ནས་གཉིད་ཟི་འགྲོ་ཁར་ཡུམ་ཡབ་ལ་ཐིམ། ཡབ་འོད་དུ་ཡལ་གྱིས་སོང་སྟེ་མི་རྟོག་པའི་ངང་ལ་གཉིད་ལོག་ལ་རྨི་ལམ་བཟུང་། འདི་ལ་དྲན་འདུན་རང་གལ་ཆེ་བ་ཡིན་ནོ་གསུང་།
རྟོག་མེད་ལ་འཛིན་པ་གཉིས་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཀྱི་བར་སྔར་དང་འདྲ། དེ་ནས་རང་ལུས་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་པད་མ་དང་ཟླ་བའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཤིན་དུ་གསལ་བར་བསྒོམ། དེ་ལ་གསོལ་བ་གོང་བཞིན་དུ་གདབ། བློ་མོས་གུས་སུ་ཞུང་སོང་པ་དང་། བླ་མའི་ཐུགས་ཁར་ཧཱུྃ་དཀར་པོ་དངུལ་ཆུའི་རྟོག་པ་ལྟ་བུ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། ཤིན་དུ་གསལ་བ་གཅིག་བསྒོམས་ཏེ། ཧཱུྃ་གསལ་བས་དེའི་འོད་དམ་རྐྱེན་གྱིས་བླ་མ་གསལ་བར་བསྒོམ། བླ་མ་གསལ་བའི་འོད་ཀྱིས་རང་ལུས་བདེ་མཆོག་ཤིན་དུ་གསལ་བར་བསྒོམ། དེ་ལྟར་གསལ་བ་དེ་ཉིད་རང་གི་བློས་བཀོད། བློ་ལ་ཤར་བ་མ་གཏོགས་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད། འདི་ཀ་རྨི་ལམ་ཡིན། སྒྱུ་མ་ཡིན། ཁད་པར་དུ་རྨི་ལམ་ཡིན་སྙམ་དུ་དྲན་འདུན་རྩེ་གཅིག་ཏུ་བཏང་། དེ་ནས་གཉིད་དུ་འགྲོ་ཁ་ན་མར་སོང་པ་དང་། ཡི་དམ་བླ་མ་ལ་ཐིམ། བླ་མ་ཡང་མཐའ་ནས་རིམས་ཀྱིས་འདུས་ནས་ཧཱུྃ་ལ་ཐིམ། ཧཱུྃ་འོད་དུ་ཡལ་གྱིས་སོང་པའི་ངང་ལས་མི་རྟོག་པའི་ངང་ལས་གཉིད་ལོག་ནས་རྨི་ལམ་འཛིན་ཏེ། དེས་ཅིས་ཀྱང་རྨི་ལམ་ཟིན་པ་ཡིན་ནོ་གསུང་།
གསུམ་པ་རྟོག་བཅས་ལམ་འཁྱེར་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡན་འདྲ། དངོས་གཞི་དམིགས་པ་ལ་གོང་གི་རང་ཟིན། རྟོག་མེད་ལ་འཛིན་པ་གཉིས་ཏེ། དམིགས་པ་དེ་གསུམ་གང་བདེ་བ་གཅིག་བསྒོམ། དེ་ལ་རྨི་ལམ་གྱི་གནས་མགྲིན་པ་ཡིན། ཡི་གེ་ཨཾ་ཡིན། རྒྱུ་གཉིད་དང་རྨི་ལམ་གྱི་བར་གྱི་རྟོག་པ་ཡིན། དེ་ལ་འཛིན་པས་ན་རྟོག་བཅས་ལམ་འཁྱེར་ཟེར་བ་ཡིན་གསུང་། དེ་ལ་གོང་གི་དམིགས་པས་ཉིན་པར་གྱི་དུས་འདས་ནས། ནུབ་མོ་གཉིད་དུ་འགྲོ་ཁར་ཕྱིའི་རྟོག་པ་རྣམས་ཁག་གིས་འགགས། གཉིད་རང་དུ་མ་སོང་པའི་སྐབས་དེ་ན་རྨི་ལམ་རགས་པ་ཡང་མ་ཤར་བར། ཆུའམ་མིའི་རྣམ་པའམ། མདོར་ན་གྱུ་གྱུ་བ་རིབ་རིབ་པ་གཅིག་ཅིས་ཀྱང་འཆར་བས་དེ་ཉིད། ཀ་རྨི་ལམ་དུ་ཚིར་གྱིས་ཟིན་པར་བྱས་ནས། མིག་མི་འབྱེད་པར་ཚུམ་མེ་བྱས། འོག་རླུང་ཐེན་བྱས་ནས་འཛིན་པ་ཡིན། དེས་མི་ཟིན་མི་སྲིད། རྨི་ལམ་རྨིས་ཚད་ཟིན། ཟིན་ཚད་སྦྱོང་སྤེལ་འབྱུང་པ་ཡིན་ནོ་གསུང་། འདིའི་སྐབས་སུ་འདི་ལྟར་གསུང་ཏེ།
རིན་པོ་ཆེ་རྨོག་པའི་ཞལ་ནས། རྨི་ལམ་འཛིན་པ་འདི་ལ་རི་དགས་རླུངས་སུ་ཕེབས་པ་འདྲ་བ་གཅིག་དགོས། རྟ་རྒོད་ཆགས་བྱེད་པ་འདྲ་བ་གཅིག་དགོས། བདེ་སྣ་སྡུག་བསྔལ་གྱིས་འདྲེན་པ་ཞིང་པའི་སོ་ནམས་ལྟ་བུ་གཅིག་ཡིན་ནོ་གསུང་། ཡང་འདི་གསུང་། མཁའ་འགྲོ་སྡེ་ལྔའི་ལུང་པར་སླེབ་པ་དང་འདྲ། བརྒྱ་བྱིན་གྱི་གསུང་དང་འདྲ་གསུང་།
དེ་ཡང་རི་དགས་རླུངས་སུ་ཕེབས་ན། རླུངས་ལ་བློ་མི་ཕེབས་པར་ཡིད་རི་གཅིག་སུ་སེམས་པ་དང་། རྟ་རྒོད་ཀྱི་སྟེང་དུ་སྐྱེས་བུ་ཁ་ལོ་མ་བྱང་པ་སྐྱོན་ན། རྟ་དེས་རྒྱུག་གམ་འཕྱོང་ངམ་འཕག་གམ། བློ་འགྲོག་གམ། ་་་་་་འགྲོག་གམ། མདོར་ན་དེས་ཅི་བྱེད་མི་ཤེས་པས་དེ་ལ་ཡེངས་ཐབས་སྐད་གཅིག་ཀྱང་མེད་པ་དང་འདྲ་བར་ལུས་གནད། རྨི་ལམ་སྒྱུ་མའི་འདུན་པ་རྟོག་པ་གཞན་གྱིས་བར་མ་ཆོད་པར་འབྲལ་མེད་ཡངས་མེད་བརྗེད་མེད་གཅིག་གལ་ཤིན་དུ་ཆེ་བ་ཡིན་གསུང་། ཡང་སྟོན་ཐོག་ཐོབ་པ་བློ་ལ་བཞག་ནས་ལོ་ཟླ་བར་སོ་ནམས་ལ་འབད་པ་དང་འདྲ་བར། རྨི་ལམ་ཟིན་ནས་སྦྱོང་སྤེལ་སྤྲུལ་བསྒྱུར་གྱིས་ས་ལམ་ཆོད་པ་ལ་སོགས་པའི་ཡོན་ཏན་བློ་ལ་བཞག་ནས་འདུན་པ་ལ་འབད་པ་ཅི་ནས་ཀྱང་བྱེད་པ་ཡིན་གསུང་།
རིན་པོ་ཆེ་མཁས་གྲུབ་ཆེན་པོའི་ཞལ་ནས། མཁའ་འགྲོ་སྡེ་ལྔའི་ལུང་པར་བསླེབ་ན་དེ་རེ་རེས་ཀྱང་རྗེས་སུ་འཛིན་ནུས། བྱིན་གྱིས་བརློབ་ནུས་པས་སླེབ་པ་རང་གིས་ཆོག་ཏེ། ལམ་ན་མུན་འཕྲང་། གཅན་ཟན་གདུག་པ་ཅན། དུག་ཤིང་གི་ཚེར་མ་ལ་སོགས་པའི་དུ་ཁ་ཡོད་ཀྱང་ཁྱད་དུ་བསད་ནས་བསྒྲུབ་པ་ཡིན། དེ་དང་འདྲ་བར། འབྲས་བུ་སངས་རྒྱས་སྒྲུབ་པ་འདི་ལ་ལམ་པའི་དཀའ་སྤྱད་བཟོད་པར་བྱས་ནས་གོང་དུ་བཤད་པའི་བཞིན་དུ་འབད་པ་འདོན་དགོས་གསུང་། ཡང་བརྒྱ་བྱིན་གྱིས་ལྷ་རྣམས་ལ་བགོས་ཏེ། ཁྱེད་རྣམས་སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས་ལ་ལྷ་མ་ཡིན་རྣམས་དང་གཡུལ་སྤྲོད་གཅིག །ཅེས་གསུང་པ་ཙམ་གྱིས་འགྲུབ་སྟེ། དེ་དང་འདྲ་བར་རྣལ་འབྱོར་པས་ཀྱང་བསྒོམས་པ་ཙམ་གྱིས་འགྲུབ་པ་ཡིན་ནེ། དེ་སྐད་དུ་ཡང་། བརྒྱ་བྱིན་གྱི་ཚིག་གིས་འགྲུབ། ལྷ་རྣམས་ཇི་ལྟར་བསམས་པས་འགྲུབ། རྣལ་འབྱོར་ཏིང་ངེ་འཛིན་གྱིས་འགྲུབ། གསུང་ངོ་། །དེ་རྣམས་འཛིན་པའི་དམིགས་པའོ།
།གཉིས་པ་སྦྱང་པ་ལ་བཞི་སྟེ། སེམས་ཀྱིས་ལུས་སྦྱང་པ་དང་། ལུས་ཀྱིས་སེམས་སྦྱང་པ་དང་། བདག་མེད་མས་སྦྱང་པ། འདུན་པས་སྦྱང་པའོ།
།དང་པོ་ནི། འདི་ལ་སྡོད་པ་ལ་སྔར་དང་མི་འདྲ་བའི་ཁྱད་གཅིག་མཛད་དེ། ཤོད་ན་ཕྱམ་གཡང་ཆེན་པོ་ཡོད་པའི་མཁར་རྩེའམ་བྲག་ཁ་ལྟ་བུ་གཅིག་དུ་སྡད། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བླ་མའི་རྣལ་འབྱོར་བསྒོམ་པ་རྣམས་སྔར་ཅི་ལྟ་བ་བཞིན་ལ་གསོལ་བ་གདབ་པ་ནི།
ཐེམས་ཡིག་ལས། །རྨི་ལམ་སྦྱང་པའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་དམིགས་པ་བཞི། གསུང་པས།
བདག་འཛིན། དགོས་མེད། སྒྱུ་ལུས་འབྱོངས་པར། རྨི་ལམ་འབྱོངས་པར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་དུ་གདབ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་རང་གི་མདུན་གྱི་གཡང་དེའི། རང་བས་མདའ་གང་ཙམ་གྱི་ནམ་མཁའ་ལ་རང་བདེ་མཆོག་དུ་བསྒོམ། དེ་གསལ་བ་དང་། ཡ་ང་གཏིང་པ་བསམ། ཡ་ང་ཏིང་བྱུང་པ་དང་། བདེ་མཆོག་འདི་ཀ་ངའི་ལུས། ངའི་ལུས་འདི་ཀ་བདེ་མཆོག་ཡིན་སྙམ་དུ་བསམ། དེ་ནས་ཡ་ང་སྟིང་སྟིང་བྱུང་པ་དང་། རང་བདེ་མཆོག་དུ་གསལ་བ་དེ་ཕྱད་ཀྱིས་ལྷུང་པ་དང་འདི་ཀ་རྨི་ལམ་ཡིན་སྒྱུ་མ་ཡིན། ཁྱད་པར་དུ་རྨི་ལམ་ཡིན་སྙམ་པའི་དྲན་འདུན་རྩེ་གཅིག་པའི་ངང་ནས་བདེ་མཆོག་ལྷུང་པ་དེ་ས་ལ་མ་རེག་ཙམ་ལ་འོད་དུ་ཡལ་གྱིས་སོང་པར་བསམ། ཡང་མདུན་དུ་བསྐྱེད་པ་ལ་སོགས་པ་ནས་དམིགས་པ་དེ་ཉིད་ཡང་དང་ཡང་དུ་ཉིན་ལ་མཚན་བཏགས་པའི་ཚུལ་གྱིས་བསྒོམ་པར་བྱེད་པ་ཡིན་ནོ་གསུང་།
འདི་ལ་རིན་པོ་ཆེ་གསེར་གླིང་པའི་གསུང་ནས། གྱེང་ཁ་ལྟ་བུ་ཕྱོགས་གཉིས་ཁ་ན་གཡང་ཡོད་པར་མི་སྡད། མགོ་འཁྱོམས་པའམ་ཁམས་ཟི་བ་བྱུང་ན་རྒྱབ་ངོས་སུ་ལྟར་དེ་ཉལ་བས་ཆོག་པའི་ས་བདེ་མོ་ཡོད་ལ། མདུན་ན་ཡང་སྐྱོར་བའམ་ལག་པ་རྟེན་པ་ཡོད་པ་དགོས། དེ་ལྟར་མ་ཡིན་ན། འདི་ལ་གནད་གཡར་གྱི་ཉེན་ཡོད་པས་གཟབ་དགོས། འདི་སྦྱང་པ་ཟེར་ཡང་འཛིན་པ་ལའང་ཟབ་པ་གཅིག་འདུག་གསུང་། གཡང་ལ་ལྟུང་པ་ལྟ་བུ་ལ་རྟེན་ནས་ཙུབ་ཟིན་དུ་ཡོང་པར་འདུག་གོ་གསུང་།
གཉིས་པ་ནི། སྐྱབས་འགྲོ་ནས་ལུས་གནད་ཡན་འདྲ། འདི་མལ་བདེ་བར་བསྒོམ་ཏེ། དམིགས་པ་ནི། རང་གི་བུ་ཁ་དགུ་དང་། ཡན་ལག་ལ་སོགས་པའི་ཚིགས་རྣམས་དང་། བ་སྤུའི་བུ་ག་ཐམས་ཅད་དུ་ཧཱུྃ་སྔོན་པོ་རེ་བསྒོམ། དེ་གསལ་བ་དང་། ཧཱུྃ་རྣམས་ལུས་ཀྱི་ནང་དུ་སིབ་གྱིས་སོང་པས། ཕྱིའི་ལྤགས་པ་ཤ་ཁྲག་རུས་པ་ཆུ་སེར། ནང་གི་ནད་འདུའ་བ་རྣམ་པ་བཞི། གསུང་པ་ཉོན་མོངས་པ་དུག་ལྔ་དུག་གསུམ་རྣམས་སྦྱངས་ནས་ལུས་ཐིག་ལེ་སྔོན་པོ་གཅིག་དུ་སྔོ་ཧྲིལ་ལེ་བསྒོམ། ཐིག་ལེ་དེ་སྔོ་ཡལ་གྱིས་ཡལ་བས་ལུས་སེམས་གང་དུའང་འཛིན་པ་མེད་པ་སྟོང་སང་གིས་སོང་ཏེ་འཛིན་མེད་ཀྱི་ངང་དུ་ལྷོད་ཀྱིས་བཞག་གོ།
།གསུམ་པ་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡན་འདྲ། དེ་ནས་རང་ལྷར་གསལ་བའི་མདུན་དུ། བདག་མེད་མ་སྐུ་མདོག་སྔོན་མོ་གཡས་གྲི་གུག །གཡོན་ཐོད་ཁྲད་འཛིན་པ། རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་། ཞབས་གར་ཐབས་སུ་ལིང་པ་བསྒོམས་པའི་གསང་གནས་སུ་ཡི་གེ་ཨོཾ་ཨ་སྭཱཧཱ་བཞི་པོ་སྔོ་ཧྲམ་པ་དམིགས་ཏེ། གྲངས་འཛིན་གྱི་ཕྲེང་པ། མིའི་སོར་མོའི་ཕྲེང་པའམ། དེ་མེད་ན་ཐོད་འཕྲེང་། དེ་ཡང་མེད་ན་རང་གི་སོར་མོ་ལ་ཉེར་གཅིག་དུ་བགྲང་ཞིང་། ཨོཾ་ཨ་སྭཱཧཱ་ཞེས་ཉི་ཤུ་རྩ་གཅིག་བཟླས་པས་སྔགས་ལས་འོད་ཟེར་སྔོན་པོ་བྱུང་རང་གི་གསང་གནས་ན་ཡར་སོང་པས། རང་གི་ལུས་སྔོ་ཡལ་བ་ལ། ཚོར་བ་བདེ་ཤས་སུ་ཕྲིལ་བ་ལ་རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་རྒྱུན་མ་ཆད་པ་བཏང་། མཐར་གཉིད་དུ་འགྲོ་ཁར། མདུན་གྱི་བདག་མེད་མ་འོད་དུ་སྔོ་ལྟེམ་ལྟེམ་ཞུ། རང་གི་གསང་གནས་སུ་ཐིམ་པས། རང་ཡང་འོད་དུ་སྔོ་ལྟེམ་ལྟེམ་ལ་མཐར་སྔོ་ཡལ་ལ་ལ་སྟོང་སངས་ཀྱིས་གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་ལ་འཇོག་པ་ལགས་གསུང་། དེ་ཡང་བདག་མེད་མས་སྦྱོང་པ་རྩ་རླུང་ཐིག་ལེ་ཐམས་ཅད་བདག་མེད་མའི་དོན་ཡིན་གསུང་།
སངས་རྒྱས་གཉན་སྟོན་གྱི་སློབ་མ་གནས་བརྟན་ཆོས་ཀྱི་དཔལ་བྱ་བ་ལ། བླ་མའི་ཞལ་ནས། གནས་བརྟན་ཁྱོད་ཀྱི་སྣང་པ་འདི་ཇི་ལྟར་འདུག་གསུངས་པས། སྔོ་ཕྱམ་མེ་བ་གཅིག་ཀ་གདའ་ཟེར། ཉིན་པར་གྱི་སྣང་པ་འདི་ཇི་ལྟར་འདུག་གསུང་། སྔོ་ཕྱམ་མེ་བ་གཅིག་གདའ་ཟེར། མཚན་མོའི་སྣང་པ་ཇི་ལྟར་འདུག་གསུང་། སྔོ་ཕྱམ་མེ་བ་གཅིག་ཀ་གདའ་ཞུས་པས། བླ་མའི་གསུང་ནས། འ་འ་ཁྱོད་ཀྱིས་ལྟོ་རུ་ཟྭ་ཚོད་ཀ་ཟོས་པ་མེན་ནམ་གསུང་ནས་ཞལ་ཁྱལ་མཛད། ཁོང་སོང་པ་དང་། འཁོར་ཀུན་ལ་བླ་མའི་གསུང་ནས། འ་ལ་ལ་གནས་བརྟན་ཆོས་ཀྱི་དཔལ་གྱི་ལུས་འཇའ་ལུས་སུ་འོང་འདུག་པ་གསུང་སྟེ། དེ་མན་ངག་འདི་བསྒོམས་པས་འོང་པ་ཡིན་ནོ་གསུང་།
བཞི་པ་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡན་སྔར་དང་འདྲ། ཁྱད་པར་དུ་གསོལ་བ་དྲག་ལ་ཡུན་རིང་བ་གདབ། སྣང་པ་བདེན་མེད་དུ་ཕྱམ་སོང་པ་དང་། འདི་ལྟར་བསྒོམ་སྟེ། ང་གཉིད་དུ་སོང་ནས་འདུག །ངའི་རྣམ་སྨིན་གྱི་ལུས་ན་ཚ་སྡུག་བསྔལ་བསྐྱེད་པ་དེ་མལ་ན་ཡོད་པ་ཡིན། འདི་ཡིད་ཀྱི་ལུས་སུ་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་དང་། ཡིད་ཀྱི་ལུས་ལ་ཇི་ལྟར་སྦྱང་སྦྱང་ཡིན་སྙམ་དུ་བསམས་ནས་འབྱུང་བཞི་ཕྲ་རགས། སེམས་ཅན་ཕྲ་རགས་ལ་ཕར་ཐལ་ཚུར་ཐལ་དུ་སྦྱང་ཏེ།
བླ་མ་གསེར་ལིང་པའི་ཞལ་ནས། བར་མ་ཙམ་ལ་སླ་སྟེ། རགས་པ་དང་ཕྲ་བ་ལ་སྦྱང་བ་གལ་ཆེ། རགས་པ་རི་བོ་འམ། ཆུ་བོ་རྒྱ་ཆེན་གཏིང་ཟབ་ལ་བློ་ནུས་ཆུངས་ན་མི་ཕིགས་པས་ཐལ་བྱུང་དུ་སྦྱང་དགོས། དེ་བཞིན་དུ་ཕྲ་བ་ལའང་མི་ཤོང་བ་མེད་པར་ཐལ་ཕྱུང་དུ་གཏོང་བ་ཡིན། དེ་དང་འདྲ་བར་སེམས་ཅན་རགས་པ་དང་། ཕྲ་བ་ས་གུ་རྩེ་ལ་ཡང་སྦྱོང་བ་གལ་ཤིན་དུ་ཆེ་གསུང་། བླ་མའི་གསུང་ནས། སྤུ་ཕྲ་མོའི་ནང་ན་ཡར་ཐལ་ཏེ་སྦྱང་བ་དང་། དེ་བཞིན་དུ་འཕྲེད་ལའང་བྱེད་པ་ཡིན། དེ་ཡང་གནས་ལྷ་ས་ལ་སོགས་པ་ལྟ་བ་ལའང་། སེམས་གྱུ་བྱས་ནས་སླེབ་པ་དེ་མ་ཡིན་པར། ལམ་ཐམས་ཅད་ལ་ས་རྡོ་རི་བྲག་རྩི་ཤིང་ཆུ་མེ་ལ་སོགས་གང་ལ་ཡང་ཐལ་བྱུང་དུ་སྦྱངས་ཀྱིན་འགྲོ། ལྡོག་དུས་སུའང་སྦྱངས་ཀིན་སྦྱངས་ཀིན་ལྡོག་པ་ཡིན་ནོ། །དེས་ཐམས་ཅད་ལ་འདྲེ་བ་ཡིན་ནོ་གསུང་།
གསུམ་པ་སྤེལ་བ་དང་། བཞི་པ་སྤྲུལ་བ་གཉིས་ལས། རིམ་པ་ལ་སྤེལ་སྤྲུལ་དུ་བྱུང་ཡང་། བླ་མའི་ཕྱག་ལེན་ལ་སྔོན་ལ་སྤྲུལ་ན། དེ་ནས་སྤེལ་ན་མཛད་དེ། དེ་གཉིས་ཀྱང་བྱུང་ཁུངས་གཅིག་དུ་སྟོན་པས། དེ་ལ་ས་བཅད་གཉིས་གཉིས་ལས། ཐུག་ཕྲད་ལ་སྤྲུལ་བ་དང་སྤེལ་བ། གང་ལ་གང་འདུལ་དུ་སྤྲུལ་བ་དང་སྤེལ་བའོ།
།དང་པོ་ལ་བཞི་སྟེ། སེམས་ཅན་ཕྲ་བ་ལ་སྤྲུལ་སྤེལ། སེམས་ཅན་རགས་པ་ལ་སྤྲུལ་སྤེལ། འབྱུང་བཞི་ཕྲ་བ་ལ་སྤྲུལ་སྤེལ། འབྱུང་རགས་པ་ལ་སྤྲུལ་བ་དང་སྤེལ་བའོ།
།དང་པོ་ནི། སྐྱབས་འགྲོ་ནས་བླ་མ་བསྒོམ་པ་ཡར་ཆད་སྔར་དང་འདྲ། གསོལ་འདེབས་ལ།
ཐེམས་ཡིག་ལས། །རྨི་ལམ་སྤེལ་བའི་ཆོས་དྲུག་ལ། །གསོལ་འདེབས་བཞི་ལ་འདུན་པ་དྲུག །རྨི་ལམ་སྤྲུལ་བའི་ཆོས་དྲུག་ལ། །གསོལ་འདེབས་འདུན་པ་དེ་བཞིན་ནོ། །ཞེས་གསུངས་པས།
བདག་འཛིན། དགོས་མེད། སྒྱུ་ལུས། རྨི་ལམ་འབྱོངས་པར་བྱིན་གྱིས་བརླབ་དུ་གསོལ་ཞེས་རྩེ་གཅིག་དུ་གདབ། སྣང་བ་བདེན་མེད་དུ་བུན་སོང་བ་དང་། ང་གཉིད་དུ་སོང་ནས་འདུག །ལུས་འདི་ཡིད་ཀྱི་ལུས་སུ་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་པར་འདུག །ཡིད་ཀྱི་ལུས་དང་རྨི་ལམ་གྱི་སྣང་བ་ལ་ཇི་ལྟར་སྤྲུལ་སྤྲུལ་ཡིན་སྙམ་དུ་བསམས་ནས། སེམས་ཅན་ཕྲ་བ་མཐོང་ན། རང་ཡང་དེར་སྤྲུལ། དེ་བཞིན་དུ་རགས་པ་ལའ་དེར་སྤྲུལ། དེ་མཚོན་ནས་འབྱུང་བཞི་ཕྲ་རགས་ལའ་དེ་བཞིན་དུ་སྤྲུལ་བ་གོང་བཞིན་དུ་བྱེད་པ་ཡིན་ནོ་གསུང་། སྤེལ་བ་ལ་ཡང་གོང་བཞིན་སྤྲུལ་བ་དེ་ཉིད་གཅིག་ལ་བཅུ། བཅུ་ལས་བརྒྱའ། བརྒྱ་ལས་སྟེང་། དེ་ལས་ས་གཞི་དང་བར་སྣང་ཁེངས་པར་སྤེལ་ཞིང་ཐོགས་གདུགས་མེད་པར་སྦྱང་ངོ་། །འདི་གསུང་།
ཆོས་རྒྱལ་སངས་རྒྱས་སྟོན་པས་བྲག་དགོན་དུ་འཚམས་བྱས་པའི་ཐོ་རངས་གཅིག །རྨི་ལམ་བཟུང་ནས་བྲག་ལོགས་ལ་ཕར་ཐལ་ཚུར་ཐལ་དུ་སྦྱངས། དེ་ནས་ཟད་པར་ས་དང་ཆུ་དང་མེ་དང་རླུང་དུ་སྤྲུལ་བས་དེར་འགྱུར་ནས་སོང་། དེ་ནས་མདུན་ན་འབུམ་གྱི་ཤོག་གུ་གཉིས་འདུག་པ་དང་། བུད་མེད་གཅིག་བྱུང་ནས། འདི་ཐོན་དང་ཟེར་ནས་སྟོན་པས། ཡང་དེ་ན་རེ། ཁྱོད་ཀློག་དང་མཁས་པར་འདུག་ཏེ། ཡི་གེ་འདི་རྣམས་ལ་སྦྱོང་སྤེལ་གྱིས་དང་ཟེར་བས། ཡི་གེ་འབྲུ་རེ་རེའི་སྣག་ཚའི་ལམ་གར་འདུག་ཐམས་ཅད་དུ་བདེ་མཆོག་ལྷ་ལྔ་རེ་རེའི་སྦྱོང་སྤེལ་བྱས་པས་སྣག་ཚ་ལས་ཚུར་མ་ཐལ། ཤོག་གུ་ལས་ཕར་མ་ཐལ་བའི་སྦྱོང་སྤེལ་བྱས་པས། གསོལ་བ་ཐོབ་དང་ཟེར་ནས་ལྷ་ལྔའི་སྤྱི་བོར་བླ་མ་བསྒོམས་ནས་གསོལ་བ་འདེབས་ཀྱིན་སྣག་ལམ་ཐམས་ཅད་ལ་སྦྱོང་སྤེལ་གཅིག་གིས་གཅིག་མ་སྒྲིབས་པར་བྱུང་པ་དང་། བུད་མེད་དེ་ན་རེ།
ཤིན་ཏུ་སྲབ་པའི་སྣག་ལམ་ལ། །ཕྱི་ནང་གར་ཡང་མ་ཐལ་བ། །བདེ་མཆོག་ལྷ་ལྔའི་སྦྱོང་སྤེལ་འདི། །ཀུན་དང་མ་འདྲེས་གསལ་བར་སྣང་། །སྒྱུ་མ་འོད་གསལ་དབྱེར་མེད་དོན། ཨེ་མ་ཨ་ལ་ལ་ཟེར་ནས་མི་སྣང་བར་ཐལ་གསུང་།
རྨི་ལམ་སྦྱོང་སྤེལ་དང་མོས་གུས་དང་འབྲེལ་པ་དེས་ཉིན་པར་གྱི་དགེ་སྦྱོར་སྟོབས་ཆེ་བར་བྱུང་། དེས་ནུབ་མོའི་སྟོབས་སྐྱེས་ནས་བོགས་ཆེན་པོ་བྱུང་པས། སྐྱོ་ཤས་དང་མོས་གུས་འདུན་པ་གསུམ་གྱིས་འབྲེལ་ནས། ལོ་ཟླ་ཙམ་གྱིས་སངས་རྒྱ་བར་འདུག་སྙམ་པ་བྱུང་། སྟོན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་གསུམ་གྱི་ཐོ་རངས་རྨི་ལམ་བཟུང་ནས། བླ་མའི་སྤྱན་སྔར་ཕྱིན་ནས་མཆོད་པ་ཕུལ་གསོལ་བ་གཏབ་པ་དང་། བླ་མ་ཕྱག་ན་རྡོ་རྗེ་སྐུ་ཤིན་དུ་ཆེ་བ། དབུ་སྐྲ་ཁམ་སེར་གྱེན་དུ་རྗེས་པས་ནམ་མཁའ་ཐམས་ཅད་ཁེངས་པ་གཅིག་དུ་གྱུར་ནས་སོང་། དེ་ནས་ནམ་མཁའ་ཁེངས་པའི་དབུའ་སྐྲ་འདི་རྣམས་ལ་སྦྱོང་སྤེལ་བྱ་དགོས་སྙམ་ནས། བདེ་མཆོག་དང་། རྗེ་བཙུན་མ་དང་། རྟ་མགྲིན་ལ་སོགས་པར་སྤྲུལ་ནས་དབུ་སྐྲ་ཉག་མ་རེ་རེ་ལ་ཡར་ཐལ་མར་ཐལ་དུ་སྦྱངས་པས། དབུ་སྐྲ་ཐམས་ཅད་ཇེ་འཕྲ་ཇེ་འཕྲ་ལ་བ་སྤུ་ཙམ་དུ་གྱུར་ཡ་དང་། དབུ་སྐྲ་ཕྲ་མོ་དེ་རྣམས་ཀྱི་ནང་ན་བདེ་མཆོག་ལྷ་ལྔ་དང་། དགྱེས་རྡོར་ལྷ་དགུ་དང་། མ་ཧཱ་མ་ཡ་ལྷ་ལྔ། དེ་རྣམས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་མང་པོར་སྤྲུལ་ནས་གཅིག་གིས་གཅིག་མ་སྒྲིབས་པར་གསལ་བ་དེ་ལ་རང་རང་གི་སྔགས་དི་རི་རི་སྒྲོག་པ་ལྷ་ཚོགས་ཐམས་ཅད་ཀྱི་བདག་པོ་བླ་མ་བྱས་ནས་གསོལ་བ་གཏབ་པས། ཐུན་མོང་མ་ཡིན་པའི་མོས་གུས་སྐྱེས་པ་དང་། ནང་པར་ཚ་བ་ཐོན་པ་དང་བླ་མ་བྱོན་ནས། ད་ནང་ཐོ་རངས་ཀྱི་ངའི་སྐྲ་ལ་རྨི་ལམ་སྦྱོང་སྤེལ་དང་། སྐྲ་ཤིན་དུ་ཕྲ་བའི་ནང་ན་ཡར་བླ་མ་དང་ལྷ་ཚོགས་རྣམས་བཀོད་པ་ཕྲ་བ་རྩལ་ཆེ་བ་ཡིན་ཏེ། དེ་བས་ཀྱང་ཉིན་པར་ས་གཞི་རྡུལ་ཕྲ་རབ་ཁབ་རྩེ་བས་ཆུང་པ་འདི་རྣམས་ཐམས་ཅད་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར། སྒོ་རྟ་བབས་འདོད་ཡོན་ལྷ་མོ་དང་། དྲོད་བརྒྱད། ཤིང་བརྒྱད། ཕྱོགས་སྐྱོང་ལ་སོགས་པ་ཐམས་ཅད་རྫོགས་པར་གསལ་བ་དང་། ལྷ་ཚོགས་རྣམས་ཀྱིའང་སྤྱན་གསུམ་དང་། མཆེ་བ་བཞི་དང་། རུས་པའི་བརྒྱན་དང་། མེ་ཏོག་གི་ཕྲེང་པ་དང་བཅས་པ་མ་འདྲེས་པར་གསལ་བར་མཐོང་པ་འདི་ང་ལ་རྟག་ཏུ་འཆར་བར་འདུག །ནུབ་མོའི་རྨི་ལ་བས་ཉིན་པར་གྱི་འདི་དཀའ་བར་འདུག
།ངས་བླ་མ་སྐྱེར་སྒང་པ་ལ་ཞུས་པས། ཉིན་པར་གྱི་འདི་ལྟ་བུ་ངས་ཀྱང་མི་ཡོང་པར་འདུག །ཁྱོད་ཀྱི་འདི་ལྟ་བུ་རྨི་ལམ་གྱི་ཉམས་མཐར་ཐུག་ཡོད་པ་མ་གཏོགས་སུའི་ཡང་བློར་མི་ཤོང་གསུང་། ད་ཉིན་པར་གྱི་འདི་ལྟ་བུ་ཡོང་པར་འདུག་གམ་མི་འདུག་ལྟོས་གཅིག་གསུང་ནས་ཞག་བདུན་དུ་བསྒོམས་པས། རྡུལ་ཕྲ་རབ་རེ་རེ་ལྷན་སྐྱེས་སུ་གསལ་ཙམ་བྱུང་། དེ་ལས་ལྷག་པའི་དཀྱིལ་འཁོར་རྫོགས་པར་གསལ་བ་མ་བྱུང་བས་དེ་ལ་ཇི་ལྟར་བྱ་ཞུས་པས། ཉིན་པར་གྱིས་ནུབ་མོ་རྒྱས་ཐོབ། རྨི་ལམ་གྱི་ལྷ་སྐུ་ཕྲ་མོས་ཉིན་པར་རྒྱས་ཐོབ་ལ་བསྒོམས། དེས་ཇི་ལྟ་བ་བཞིན་ཡོང་བ་ཡིན་ནོ། །ལར་ད་ལྟ་རྨི་ལམ་གྱི་ཉམས་མྱོང་མེད་པར་དཀྱིལ་འཁོར་རྒྱས་པར་སྒོམ་པར་འདུག་ཏེ། གཙོ་བོ་གསལ་ན་འཁོར་མི་གསལ། འཁོར་གསལ་ན་གཙོ་བོ་མི་གསལ་བས་ལོང་བའི་དབྱུག་བསྐོར་དང་འདྲ་གསུང་ངོ་།
རང་གི་བླ་མའི་གསུང་ནས། སྤེལ་བའི་དུས་སུ་ན་ག་པ་ཎིའི་ཕྲེང་པ་དངས་པོ་མདུན་དུ་བཞག་པའི་ངོས་ལ་གཟགས་སྙན་མང་པོ་འཆར་བ་དེས་ཀྱང་མང་པོར་སྤེལ་བའི་དཔེའ་ལ་ཕན་པར་འདུག །སྟོང་གསུམ་ཉུངས་འབྲུར་བཅུག་པས་ཡུང་འབྲུ་ཆེར་མ་སོང་། སྟོང་སུམ་ཆུང་དུ་མ་སོང་པའི་དཔེའ་མེ་ལོང་ལ་ལྟས་པས་ཀྱང་། ཅུང་ཟད་ཙམ་ཕན་པར་འདུག །གང་ལྟར་ནའང་རེས་ཕྲ་བ། རེས་རགས་པ་ལ་སྤྲུལ་སྤེལ་བྱས་ཏེ། སེམས་ལ་གཉེན་ལྕུག་ཐོན་པ་གཅིག་མ་བྱུང་བར་ལ་སློབ་དགོས། ༼༽ ལར་སེམས་སྟོང་པའི་འཆར་ཚུལ་ལ་མི་ཁེངས་པ་དང་། མི་ཕིགས་པ་དང་། མི་ཤོང་བ་བྱ་བ་མེད། གང་བྱ་བྱ་གཅིག་ཡིན། དེར་སོང་ཙ་ན་སླ་བ་གཅིག་རང་སྡོག་གི་གསུང་ངོ་།
།གཉིས་པ་གང་ལ་གང་འདུལ་དུ་སྤྲུལ་སྤེལ་ལ་གཉིས་སྟེ། འཇིག་རྟེན་པའི་དང་། འདས་པའི་གང་འདུལ་ལོ།
།དང་པོ་ལ། སྐྱབས་འགྲོ་ནས་གསོལ་བ་འདེབས་པ་ཡར་ཆད་སྔར་དང་འདྲ། དངོས་གཞི་ལ་རྨི་ལམ་ཟིན་པ་གཅིག་གིས་བྱེད་དེ། གདོན་གྱི་རྟོག་པ་ལ་སོགས་ཕྱི་རོལ་གྱི་སྣང་བ་ཅི་བྱུང་ཡང་། གང་བྱུང་པ་དེའི་གཉེན་པོ་ཤེས་པར་བྱས་ནས་སྤྲུལ། དེ་མང་པོར་སྤེལ་སྟེ། བྱི་བ་ལ་བྱི་ལ། བྱེའུ་ལ་ཁྲ། ཁྱི་ལ་སྤང་ཀི། སྤང་ཀི་ལ་སྟག །སྟག་ལ་སེང་གེ །མི་ལ་སྲིན་པོ། མདོར་ན་བཤད་ཀྱིས་མི་ལང་། གང་འདུལ་གྱི་གཉེན་པོར་སྤྲུལ་ཏེ། དེ་ཉིད་གོང་བཞིན་མང་པོར་སྤེལ་ནས་འདུལ་བ་དེ་རང་ཡིན་ནོ་གསུང་།
།གཉིས་པ་འདས་པའི་གང་འདུལ་ནི། ཀླུ་འདུལ་བ་ལ་ཁྱུང་། རྒྱལ་པོ་ལ་རྟ་མགྲིན། ཀླུ་བདུད་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། ཀླུ་སྲིན་དང་། གནོད་སྦྱིན་ལ་ཕྱག་ན་རྡོ་རྗེ་དང་། ཁྲོ་བོའི་ཚོགས་དཔག་དུ་མེད་པར་སྤྲུལ། དེ་ས་གཞི་ནམ་མཁའ་བར་སྣང་ཁེངས་པར་སྤེལ་ནས་འདུལ་བ་ཡིན། མེ་དཔུང་གིས་བསྲེག །ཕྱག་མཚན་གྱིས་སྡུབ། སྲོག་སྔགས་འབུལ། བཀའ་འབངས་བྱེད་བྱེད་དུ་འདུལ་བ་ཡིན་གསུང་སྟེ། སྤྲུལ་སྤེལ་ལོ།
།ལྔ་པ་བསྒྱུར་བ་ལ་བཞི། འབྱུང་བཞི་ཕྲ་རགས་ལ་བསྒྱུར་བ། སེམས་ཅན་ཕྲ་རགས་ལ་བསྒྱུར་བ། ལྷ་སྐུ་སྣ་ཚོགས་སྣ་ཚོགས་སུ་བསྒྱུར་བ། སྣང་སྟོང་ཞེན་པ་དང་བྲལ་བའོ།
།སྐྱབས་འགྲོ་ནས་གསོལ་འདེབས་ཡན་འདྲ། དངོས་གཞི་ལ། འདིའི་རྨི་ལམ་ཟིན་པ་གཅིག་རང་གིས་བྱེད་དེ། འབྱུང་བཞི་ལ། ས་ཆུར་བསྒྱུར། ཆུ་མེར་བསྒྱུར། མེ་རླུང་དུ་བསྒྱུར། རླུང་སར་བསྒྱུར། དེ་རྣམས་ཀྱང་ཕྲ་ན་རགས་པར་བསྒྱུར། རགས་ན་ཕྲ་བར་བསྒྱུར། མང་ན་ཉུང་པར་བསྒྱུར། ཉུང་ན་མང་པར་བསྒྱུར་བ་ཡིན་ནོ་གསུང་།
གཉིས་པ་སེམས་ཅན་ཕྲ་རགས་ལའང་འབྱུང་བཞིའི་བཞིན་བསྒྱུར་བ་ཡིན་ནོ་གསུང་།
གསུམ་པ་ལྷ་སྐུ་ལའང་། གང་མཐོང་པ་ལ། དཀར་པོ་ལས་དམར་པོར་བསྒྱུར་བ། དེ་སེར་པོ། དེ་ནག་པོ། སྔོན་པོ་ལྗང་ཁུ་སོགས་སུ་བསྒྱུར། ཞལ་ཕྱག་ཀྱང་མང་པ་ལ་ཉུང་པ། ཉུང་པ་ལ་མང་པ། ཆུང་པ་ལས་ཆེ་བ། ཆེ་བ་ཆུང་པར། ཞི་བ་ཁྲོ་བོར། ཁྲོ་བོ་ལས་ཞི་བར་བསྒྱུར་བ་ཡིན་ནོ་གསུང་ངོ་།
།བཞི་པ་སྣང་སྟོང་ཞེན་བྲལ་ནི། ལྷ་སྐུ་དེ་རྣམས་གཅིག་གིས་གཅིག་མ་སྒྲིབས་པར་གསལ་བ། དེ་རྣམས་ཀྱང་སྣང་ལ་རང་བཞིན་མེད་པ། བཟང་ངན་གྱི་རྟོག་པ་མེད་པ། གསལ་སྟོང་འཛིན་མེད་སྒྱུ་མ་རང་ཤར་དུ་རྟོགས་པར་བྱེད་པ་ཡིན་ནོ་གསུང་།
དྲུག་པ་ཡུལ་སྣང་གཏན་ལ་འབེབས་པ་ལ་བཞི་སྟེ། དབང་པོ་རབ་དམིགས་མེད་གསལ་མཁྱེན། འབྲིང་གང་བསམས་གསལ་མཐོང་། ཐ་མ་ཡིད་ལུས་མཁའ་ལྡིང་། དམན་པ་དམིགས་པའི་ཡུལ་སྣང་ངོ་།
།དེ་ལ་དང་པོ་གསུམ་པོ་འདི་གོང་གི་ཡོན་ཏན་ཐོབ་ཚུལ་ལྟ་བུ་ཡིན་ཏེ། དབང་པོ་རབ་ཀྱིས་ཕྱི་ནང་གི་དངོས་པོ་རྣམས་སྒྲིབ་བྱེད་དང་ཆགས་སྡང་གི་རྟོག་པ་མེད་པར་མ་འདྲེས་ཡོངས་རྫོགས་སུ་མངོན་སུམ་དང་བག་ལ་ཉལ་དང་བཅས་པ་སལ་ལེ། མཉམ་པར་བཞག་པ་དང་མ་བཞག་པ་མེད་པར་སངས་རྒྱས་ནས་རིགས་དྲུག་ཡར་ཆད་མངོན་སུམ་ལྟ་བུར་མཁྱེན་པ་ཡིན་ནོ་གསུང་ངོ་།
།གཉིས་པ་དབང་པོ་འབྲིང་ནི། རྨི་ལམ་ཟིན་ནས་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་གང་ལྟ་བར་འདོད་པ་དེ་ཡིད་ཀྱིས་བསམས་པ་དང་མཐོང་པ་དུས་མཚུངས་སུ་ཡོང་པ་ཡིན་ནོ་གསུང་།
གསུམ་པ་ཡིད་ལུས་མཁའ་ལྡིང་ནི། རྨི་ལམ་ཟིན་ནས་གང་ལྟ་བར་འདོད་པའི་གནས་དེར་བྱ་རོག་ལ་སོགས་པར་སྤྲུལ་ནས་འགྲོ་གསུང་ཏེ། དེ་བས་སྟོབས་ཆེ་བ་བྱ་རྒོད་དམ་ཁྱུང་དུ་སྤྲུལ་ནས། གང་ལྟ་བར་འདོད་པ་དེར་འགྲོ་བ་ཡིན། དེའང་བག་ཆགས་ཀྱི་བྱེད་པས་འཕུར་བ་ལ་བྱའི་རྣམ་པ་དེ་བདེ་བ་ཡིན། དེ་མིན་ཡིད་ཀྱིས་འགྲོ་བ་ལ་དེ་འདྲ་རང་མི་དགོས། དེ་ཀ་རང་གིས་འཕུར་བས་ཆོག་པ་འདྲ་གསུང་།
རིན་པོ་ཆེ་གསེར་གླིང་པས་རྣལ་ལམ་ཟིན་ནས་སུམ་བཅུ་རྩ་སུམ་ལྟ་སྙམ་ཙ་ན། བྱ་དཀར་སེར་ཆེན་པོ་གཅིག་གི་སྣང་པ་བྱུང་པས། དེར་སྤྲུལ་ནས་འཕུར་བས། རི་ཟུར་གཟར་པོ་ཤིན་དུའང་སྐྱུར་རིང་པ་གཅིག་གི་སྟེང་ན་ཕར་སླེབ་བྱུང་། རི་དེའི་སྟེང་ནས་དར་ཁྲ་ཤིན་དུ་རིང་པ་གཅིག་བྱུང་པའི་འདབ་ན་ཕར་ཕྱིན། འབྱུང་བཞིའི་རྣམ་པ་མ་ཡིན་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྟོངས་ཆེན་པོ་གཅིག་ན་ཕར་ལ་སླེབ། ལྷའི་བུ་དང་བུ་མོའི་ཚོགས་མང་པོ་འདུག །སའི་གསེབ་ན་ཕར་ཕྱིན་ཀྱང་། ཅི་ཡང་ཟེར་མི་མེད་པ་འབྲེལ་མེད་ཀྱི་རྣམ་པ་འདྲ་བ་གཅིག་བྱུང་པ་དེའི་དུས་ན། རྣམ་པར་རྒྱལ་བའི་ཁང་བཟངས་ཡིན་ཟེར་བ་གཅིག་གི་མདུན་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ཆེན་པོ་གཅིག་གི་སྟེང་ན། བྱམས་པ་ཅུང་ཟད་སྐུ་མདོག་དམར་བ་རིན་པོ་ཆེའི་འོད་ཟེར་སྣ་ཚོགས་འཕྲོ་བ་གཅིག་མཐོང་ནས་མོས་གུས་ཀྱི་གདུང་ཤུགས་ཆེན་པོས་གསོལ་བ་བཏབ་ནས་ཆོས་གཅིག་ཞུ་དགོས་བསམ་པ་དེ་ལ་གཉིད་ཕྲས་ཀྱིས་སད་ནས་ཆོས་ཞུ་ལོང་མ་བྱུང་ཀྱང་། བདག་པས་གཞན་གཅེས་ཀྱི་བློ་ཅུང་ཟད་བརྟན་པར་བྱུང་པ་དེ་ཡིན་ཞིང་། དགེ་སྦྱོར་འཕེལ་བར་བྱུང་གསུང་། དེ་རྣམས་ཡོན་ཏན་ཐོབ་ཚུལ་དང་རྩལ་སྦྱོང་ཡིན་ནོ་གསུང་།
བཞི་པ་དམན་པ་དམིགས་པའི་ཡུལ་སྣང་ལ་གསུམ་སྟེ། བདག་མེད་མས་ཡུལ་སྣང་འཆར་བྱེད། ཨས་ཡུལ་སྣང་གསལ་བྱེད། ཐིག་ལེ་ཡུལ་སྣང་རང་གསལ་ལོ།
།དང་པོ་ནི། སྐྱབས་འགྲོ་ནས་བླ་མ་སྒོམ་པ་ཡར་ཆད་སྔར་དང་འདྲ། གསོལ་འདེབས་ལ།
ཐེམས་ཡིག་ལས། །ཡུལ་སྣང་དམིགས་པ་རྣམ་གསུམ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། གསུང་པ།
བདག་འཛིན། དགོས་མེད། རྨི་ལམ་འབྱོངས་ནས་ཡུལ་སྣང་གཏན་ལ་ཕེབས་པར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་དུ་གདབ། དམིགས་པ་ནི། ལུས་ཆོས་བདུན། རང་ལུས་བདེ་མཆོག་དུ་གསལ་བའི་ལྟེ་བར་ཨ་ལས་ཐོད་པའི་ནང་དུ་ཨོཾ་ཨ་སྭཧཱ་ཡི་གེ་བཞི་ཁ་དོག་སྣ་ཚོགས་སུ་ཁྲ་མེ་རེ་བསམ། ངག་དུ་ཨོཾ་ཨ་སྭཧཱ་ཞེས་བཟླས་པས། ཡིག་འབྲུའ་ལས་འོད་གྱེན་དུ་བྱུང་སྣ་བུག་གཡས་ནས་འཐོན། ཕྱི་སྣོད་དང་ནང་བཅུད་ལ་ཕོག །སྣོང་གཞལ་ཡས་ཁང་། བཅུད་ལྷ་དང་ལྷ་མོར་གསལ་གཏབ། ཡང་འོད་འཕྲོས་ཕྱི་ནང་གསང་གསུམ་གྱི་མཆོད་པར་གྱུར་པས་ལྷ་རྣམས་ལ་མཆོད་ལ། གཟུགས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོ། སྒྲ་གྲག་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་སྒྱུ་མ་ཡིན་རྨི་ལམ་ཡིན། ཁྱད་པར་དུ་རྨི་ལམ་ཡིན་སྙམ་པའི་འཁྱེར་པོ་གསུམ་གྱིས་ཉིན་པར་གྱི་དུས་འདའ་བ་ཡིན་ནོ། །མཚན་མོ་གོང་བཞིན་གསོལ་བ་གདབ། ལུས་ཡི་དམ་དུ་གསལ་བའི་ལྟེ་བར་ཨ་ལས་ཐོད་པའི་ནང་དུ་བདག་མེད་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་གར་སྟབས་སུ་ལིང་བ་བསམ། དེའི་ཐུགས་ཁར་གསལ་བྱེད་མ་འགགས་པ་མེ་ལོང་ལྟ་བུ་ཤིན་དུ་གསལ་བ་གང་ལྟ་བར་འདོད་པའི་ཞིང་ཁམས་ལ་སོགས་པ་དེ་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་བཞིན་བཀྲ་ལམ་པ་བསྒོམས་ལ། གསོལ་བ་འདི་གདབ་སྟེ། ཡི་དམ་གྱི་ལྷ་ཁྱེད་རྣམས་ཀྱིས་དོ་ནུབ་ཀྱི་སྐབས་སུ་ཡི་དམ་གྱི་ལྷ་ཚོགས་རྣམས་མཐོང་པ་དང་། མཆོད་པ་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་དྲག་དུ་བཏབ་ལ་གཉིད་འགྲོ་ཁར་བདག་མེད་མའི་ཐུགས་ཁར་ཡུལ་སྣང་གསལ་གཏབ་ལ་གཉིད་ལོག་སྟེ། དེས་ཡུལ་སྣང་ཇི་ལྟ་བ་བཞིན་མི་འཆར་མི་སྲིད་པ་ཡིན་གསུང་ངོ་།
།གཉིས་པ་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡན་ཆད་འདྲ། དམིགས་པ་ནི། རང་བདེ་མཆོག་དུ་གསལ་བའི་ལུས་ཀྱི་ནང་ན་ཡར་ལ་རྩ་དབུའ་མ་ཁྲུ་མ་ཕུས་གཏབ་པ་ལྟ་བུ་ཤིན་དུ་དངས་པ་གསལ་བའི་ནང་ལྟེ་འོག་སོར་བཞིའི་ཐད་དུ་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་ཤིན་དུ་གསལ་བ་གཅིག་བསྒོམ། ཨའི་འོད་ཀྱིས་དབུ་མ་གང་པས་ཤིན་དུ་གསལ་བ་ལུས་ཀྱི་རྩ་གནས་ཐམས་ཅད་ཀྱང་གསལ་སིང་པ། མི་གསལ་བའི་ཆ་ཅུང་ཟད་ཀྱང་མེད་པ། གསལ་སིང་པ་འོད་དུ་གྱུར་པ་བསམ། གསལ་དངས་དེའི་ངང་ནས་སྒྱུ་མ་རྨི་ལམ་གྱི་དྲན་འདུན་རྩེ་གཅིག་པས་གཉིད་ལོག །དེས་ཡུལ་སྣང་ངེས་པར་གཏན་ལ་ཕེབས་པ་ཡིན་གསུང་། སངས་རྒྱས་གཉན་སྟོན་དང་། སྟོན་པའི་ཞུས་ལན་ནས། དམིགས་པ་གཞན་རྣམས་ཀྱིས་ཀྱང་ཡུལ་སྣང་ཕལ་ཆེ་བ་གཏན་ལ་ཕེབས་ཏེ། ཁྱད་པར་དུ་ཡུལ་སྣང་གཏན་ལ་འབེབས་པ་ལ་ལྟེ་འོག་དབུའ་མའི་ནང་དུ་ཨ་སྒོམ་པ་ཁོ་ན་ཟབ། འདིས་ཡུལ་སྣང་ཕྱི་ནང་མེད་པ་ཐམས་ཅད་མ་སྒྲིབས་པར་གསལ་བར་མཁྱེན་པ་ཡིན་གསུང་། བླ་མའི་གསུང་ནས་དེ་ཤིན་དུ་བདེན་ཏེ། འདིས་ངེས་པར་མཐོང་པ་གཅིག་འདུག་གསུང་ངོ་།
།གསུམ་པ་ནི། སྐྱབས་འགྲོ་ནས་གསོལ་འདེབས་ཡན་འདྲ། དམིགས་པ་ནི། རང་ལྷར་གསལ་བའི་སྤྱི་བོ་ནས་ཐིག་ལེ་དཀར་པོ་བབས་སྙིང་ཁར་བྱོན། ལྟེ་བ་དང་གསང་གནས་གཉིས་ནས་ཐིག་ལེ་དམར་པོ་བྱུང་། ཐིག་ལེ་གསུམ་པོ་སྙིང་ཁར་འཁོར་ཞིང་གཅིག་དུ་འདྲེས་སྙིང་གི་དཀྱིལ་དུ་ཐིག་ལེ་འོད་ཀྱི་རྣམ་པ་སྣང་ལ་རང་བཞིན་མེད་པ་འོད་དུ་ཧྲིལ་བ་བསམས། དེ་ལས་འོད་ཟེར་སྐར་མདའ་ལྟ་བུ་རང་གི་སྣ་བུག་ནས་འཕྲོས། སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་གང་ལྟ་བར་འདོད་པ་དེར་སོང་། དེ་བཀྲ་ལམ་པ་མི་གསལ་བ་མེད་པར་བསམ། དེ་དང་རང་གི་སྙིང་ཁའི་འོད་གཉིས། འོད་བ་ཐག་ལྟ་བུས་སྦྲེལ་བ་ལ་སྔར་བཞིན་འདུན་པ་བཏང་ལ་གཉིད་ལོག །དེས་ཡུལ་སྣང་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པ་ཡིན་གསུང་ངོ་།
།རྨི་ལམ་འཛིན་པ་ལ་དམིགས་པ་བཞི། སྦྱང་པ་ལ་བཞི། སྤྲུལ་སྤེལ་ལ་བཞི། སྒྱུར་བ་ལ་གཉིས། ཡུལ་སྣང་གཏན་ལ་འབེབས་པ་གསུམ་ཏེ། རྨི་ལམ་ལ་དམིགས་པ་བཅུ་བདུན་མཛད་ཀྱི་སྣང་ངོ་།
།སྤྱི་དོན་བཞི་པ་འོད་གསལ་མ་རིག་མུན་བྲལ་ལ་གསུམ་ཏེ། སྔོན་འགྲོ་དངོས་གཞི་དང་། རྗེས་སོ།
།དང་པོ་ལ་བཞི། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་དངས། མེ་ཏོག་གསོལ་འདེབས་འཆར་བྱེད་དོ།
།དང་པོ་ནི། འཆི་བ་རྒྱུད་ལ་མ་སྐྱེས་ཤིང་། །ཚེ་འདི་བློ་ཡིས་མ་ཐེངས་ན། །བསྒོམས་ཚད་ངལ་བ་དོན་མེད་ཡིན། །རི་ལ་བསྡད་ཀྱང་རི་དགས་འདྲ། །འཆི་བ་རྒྱུད་སྐྱེས་འོད་གསལ་འཆར། །ཞེས་གསུངས་པས། འཆི་བ་མི་རྟག་པ་ཞེ་དུང་པ་འཁོར་བ་དུ་ཁ་གྱི་རང་བཞིན་འདི་ལ། སྐྱོ་ཤས་དྲག་པོ་བསྐྱེད་པ་ཡིན་འདི་རང་གལ་ཆེ་གསུང་།
གཉིས་པ་ནི། སྤྱོད་ལམ་དལ་ལ་ཁ་ཟས་སྣུམ། །དངུལ་ཐོན་ལས་རྣམས་སྤང་པར་བྱ། །ཞེས་གསུངས་པས། ལུས་ངག་མ་འཁྲགས་པར་བྱའོ་གསུང་། དམ་རྫས་ནི། ཚོགས་དང་གཏོར་མ་བཟང་དུ་བཤམས་ལ། བླ་མ་ཡི་དམ་ཆོས་སྐྱོང་ལ་དབུལ། གུ་གུལ་དང་ཚིལ་ཆེན་གྱི་དུད་པ་བཏང་། ཐོད་པ་མཚན་ཉིད་དང་ལྡན་པའི་ནང་དུ་གཏོར་མ་བརྒྱན་ཅན་བཤམས་ལ། དེ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས། དར་རམ་རས་གཙང་མས་གཡོགས་ལ་རྔས་འོག་དུ་བཞུག །མཁའ་འགྲོ་འདུ་བའི་རྟེན་འབྲེལ་ཡིན་གསུང་ངོ་།
།གསུམ་པ་ནི། ཁ་ཟས་བཅུད་ཅན་བཟའ། ཐབས་ལམ་བསྒོམས་པས་ཐིག་ལེ་རྒྱས་པར་བྱས་བས་རླུང་སེམས་དངས་པ་ལས་འོད་གསལ་འཆར་བ་ཡིན་ནོ་གསུང་།
བཞི་པ་ནི། འོད་གསལ་བྱིན་བརླབས་ཀྱི་གནད། བྱིན་བརླབས་མོས་གུས་ཀྱི་གནད་ཡིན་པས། བླ་མ་ལ་ལོག་ལྟ་སྤངས་ལ། ཆོས་སྐུའི་འདུ་ཤེས་ཀྱིས་གསོལ་བ་རྩེ་གཅིག་དུ་གདབ། མོས་གུས་རབ་འབྲིང་དང་སྦྱར་ནས་འོད་གསལ་འཆར་བ་ལགས་གསུང་ངོ་།
།དངོས་གཞི་ལ་བཞི་སྟེ། འོད་གསལ་བཟུང་པ། ལམ་ཁྱེར། བསྲེ་བ། མཐར་ཐུག་གོ།
།དང་པོ་ལ་གནད་འཆུག་མེད་དགུས་འཛིན་གསུང་པས། དུས་ཀྱི་གནད་གསུམ་ནི། ཐོ་རངས། ནམ་ལངས། ཉི་ཤར་རོ། །ལུས་ཀྱི་གནད་གསུམ་ནི། དཀྱིལ་དཀྲུངས། རྩོག་བུ། སེང་གེའི་ཉལ་ཐབས་སོ། །དམིགས་པའི་གནད་གསུམ་ནི། ཨ་ལ་བཟུང་པ། བདག་མེད་མས་བཟུང་པ། བླ་མས་བཟུང་པའོ།
།དང་པོ་ནི། སྐྱབས་འགྲོ་ནས་བླ་མ་སྒོམ་པ་ཡན་འདྲ། གསོལ་འདེབས་ལ།
ཐེམས་ཡིག་ལས། །ཁྱད་འཕགས་འོད་གསལ་ཆོས་བཞི་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། གསུང་པས།
བདག་འཛིན། དགོས་མེད། འོད་གསལ་འཆར་བར་བྱིན་གྱིས་བརླབས་སུ་གསོལ། །ཞེས་གསོལ་བ་གདབ། ལུས་བདེ་མཆོག་དུ་གསལ་བའི་ལུས་ནང་དྲང་ཐད་དུ་རྩ་དབུའ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན་ཁྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་ལྟེ་འོག་སོར་བཞིར་ཨ་དཀར་པོ་དངས་པ་གསལ་བ་འཚེར་བ་འོད་ཀྱི་རང་བཞིན་ཅན་གཅིག་བསམས་ལ། དེ་ལ་རིག་པ་འཇུར་འཇུར་དུ་ཡང་མ་སོང་། ཡེངས་ཀྱང་མ་ཡེངས་པར་བྱས་ལ། ཉིན་མཚན་ཐམས་ཅད་དུ་རྩེ་གཅིག་དུ་བསྒོམ། ཨ་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་ཤེས་པར་བྱའོ། །དེ་ཡང་གཉིད་དུ་འགྲོ་བའི་དུས་སུ་གཉིད་དང་རྨི་ལམ་གྱི་བར་དེར། རྟོག་པ་མ་ཞུགས་པ་བྱས་ལ། མ་ཡེངས་པར་ཨ་ལ་སེམས་གཏད་ལ་སྒོམ། དེ་ཡང་ཐ་མལ་པ་རྣམས་ལ་གཏི་མུག་གི་གཉིད་མུན་ཐིབས་འགྲོ་རྒྱུ་གཅིག་ཡོད་པ་དེ། འོད་གསལ་ཟིན་པ་རྣམས་ལ་ནམ་ལངས་པ་ལ་ཉི་མའི་མདངས་ཕོག་པ་བཞིན། སྣང་པ་ཐམས་ཅད་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པའི་ཉམས་གཅིག་འཆར་ཏེ། དེ་འོད་གསལ་ཟིན་པ་ཡིན་ནོ་གསུང་།
གཉིས་པ་ནི། གསོལ་འདེབས་ཡན་སྔར་དང་འདྲ། དམིགས་པ་ནི། རང་གི་སྤྱི་བོ་ཀླད་རྒྱ་དང་ཐོད་པའི་བར་དུ། བདག་མེད་མ་སྐུ་མདོག་དཀར་མོ་མཚོན་གང་ཙམ་པ་ཆུང་ལ་དོད་པ་གཅིག་བསམ། དེའི་ཐུགས་ཁར་ཨ་དཀར་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཀླད་པ་གཏི་མུག་ཡིན་པས་ཐམས་ཅད་རང་བཞིན་མེད་པར་སྦྱངས་ནས་ཐོད་པ་དུང་ཁང་གི་གཞལ་ཡས་ཁང་སྐྱ་ལམ་མེ་བ་སྒོམ་ཞིང་། ཁྱད་པར་ཐུགས་ཁའི་ཨ་ལ་ཉིན་མཚན་དང་གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་དུ་གཏོད་པ་ཡིན་ནོ་གསུང་།
གསུམ་པ་ནི། གསོལ་འདེབས་ཡན་འདྲ། དམིགས་པ་དངོས་ནི། རང་བདེ་མཆོག་དུ་བསྒོམས་པའི་སྤྱི་བོ་ནས་རྐང་པའི་མཐིལ་ཡན་ཆད་ཐིག་ལེ་དཀར་པོ་འོད་དང་བདེ་བའི་རང་བཞིན་དུ་སྒོམ། དེའི་ཐུགས་ཁར་བླ་མ་ཐིག་ལེའི་ངོ་བོ་ཉིད་ཀྱི་རང་བཞིན་ཉི་མ་འབུམ་གྱི་གཟིའ་བརྗིད་ལྟ་བུའི་ཐུགས་ཁར་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་བདེ་བའི་རང་བཞིན་དུ་བསམ། ཁོང་པའི་ཐིག་ལེ་ལས་འོད་འཕྲོས་བླ་མ་གསལ། བླ་མ་ལས་འོད་འཕྲོས་ཧཱུྃ་གསལ་བ་དེ་ཉིད་ལ་ཉིན་མཚན་དང་གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་དུ་གཏད་པས། མི་ཟིན་མི་སྲིད། ཟིན་ནས་འཆོར་མི་སྲིད་གསུང་ངོ་།
།ལམ་འཁྱེར་ལ་གཉིས་ཏེ། ཉིན་མོ་སྐུ་གསུམ་ལམ་འཁྱེར། མཚན་མོ་སྐུ་གསུམ་རང་ཤར་རོ།
།དང་པོ་ནི། ཨ་ལ་སེམས་གཏོད་པ་བཞིན་དུ། རིག་པ་སྒྲིམ་ལྷོད་རན་པར་བྱས་ལ། ཅིར་སྣང་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་གསུང་པས་མིག་འབྲུ་ཚུགས་སུ་ལྟས་ནས་སེམས་ཚིར་གཏད་པས། སྣང་ཆ་མ་འགགས། འཛིན་ཆ་མ་ཞུགས་པའི་གསལ་སྟོང་འཛིན་མེད་དུ་འཆར་ཏེ། དེ་ལ་གསལ་བ་སྤྲུལ་སྐུ། འཛིན་པ་མེད་པ་ཆོས་སྐུ། བདེ་བར་ཤར་བ་ལོངས་སྐུ་ཡིན་ནོ་གསུང་།
གཉིས་པ་ནི། གཉིད་དང་རྨི་ལམ་གྱི་བར་དུ་རྟོག་པ་མ་ཞུགས་པ་བྱས་ལ། སྔར་གྱི་དམིགས་པ་ལ་སེམས་གཏད་ནས་གཉིད་ལོག་པས་གསལ་སྟོང་འཛིན་མེད་རང་དུ་འཆར་རོ་གསུང་ངོ་།
།གསུམ་པ་བསྲེ་བ་ལ་བཞི་སྟེ། གསལ་སྟོང་བདེ་ཆེན་དུ་བསྲེ་བ། ཉིན་མཚན་དབྱེར་མེད་དུ་བསྲེ་བ། ལྟ་སྟངས་ཀྱིས་མཉམ་རྗེས་སུ་བསྲེ་བ། ཤེས་རབ་བདེ་སྟོང་དུ་བསྲེ་བའོ།
།དང་པོ་ནི། སྒོ་ལྔའི་ཡུལ་དུ་སྣང་པ་མ་འགགས་པས་རྣམ་པ་གསལ་བ། དོན་ལ་གང་དུའང་གྲུབ་པ་མེད་པས་ངོ་བོ་སྟོང་པ། དེ་ལ་ཡིད་མ་ཡེངས་པར་གཏད་པས་འཛིན་པ་དག་ནས་ཉམས་མྱོང་བདེ་བའི་བཤིས་སུ་འཆར་རོ།
།གཉིས་པ་ནི། གསལ་ལ་རྟོག་མེད་དེ་ཉིད་ཉིན་མཚན་གཅིག་གིས་གཅིག་སྟོབས་བསྐྱེད་ཅིང་རྒྱས་འདེབས་པ་ཡིན་ནོ། གསུང་།
གསུམ་པ་ནི། མཉམ་བཞག་ལ་གསལ་སྟོང་འཛིན་མེད་དུ་ཤར་ཡང་། རྗེས་ཤེས་ལ་འགྲོ་འཆག་གིས་གཡོས་པར་གྱུར་ན། སྤྱོད་ལམ་ཐམས་ཅད་དུ་ཅིར་སྣང་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟས་པས་གསལ་ལ་རྟོག་མེད་དུ་འཆར་རོ་གསུང་།
བཞི་པ་ནི། རང་ལུས་ཐབས་ལྡན་གྱི་བདེ་བ་དང་། གཞན་ལུས་ཤེས་རབ་མའི་བདེ་བ་གང་སྐྱེས་ཀྱང་། དེ་ཉིད་ལ་ཡིད་མ་ཡེངས་པར་གཏད་པས་བདེ་བའི་ཞེན་པ་དག་ནས་སྟོང་པར་འཆར་རོ་གསུང་།
།བཞི་པ་མཐར་ཐུག་ལ་ལྔ་སྟེ། གསལ་སྟོང་རང་ཤར་གྱི་འོད་གསལ། བདེ་སྟོང་རང་ཤར་གྱི། ཟབ་ཞི་སྤྲོས་བྲལ་གྱི། དབྱེར་མེད་མཐར་ཐུག་གི །དག་པ་གཉིས་ལྡན་གྱི་འོད་གསོལ་ལོ།
།འདི་རྣམས་གོང་གི་ཡོན་ཏན་ནམ་རྒྱུན་གྱི་ཉམས་ལེན་དུ་བཤད་པ་ཡིན་ཏེ།
།དང་པོ་ནི། དེ་ལྟར་བསྲེས་ནས་ཉམས་སུ་བླངས་པས། མངོན་དུ་གྱུར་པ་ན་ཚོགས་དྲུག་ཡུལ་དང་ཡུལ་ཅན་གྱི་སྣང་པ་ཐམས་ཅད་གསལ་སྟོང་རང་ཤར་དུ་འཆར་རོ།
།གཉིས་པ་ནི། བདེ་བ་དེ་ཉིད་ཞེན་པའི་དྲི་མ་ཐམས་ཅད་དང་བྲལ་བ་ཟག་པ་མེད་པའི་བདེ་བ་ཆེན་པོར་འཆར་རོ།
།གསུམ་པ་ནི། བློའི་ཡུལ་ལས་འདས་པས་ཟབ་པ། བཟུང་འཛིན་གྱི་རྟོག་པས་དག་པས་ཞི་བ། མཐའ་བཞིའམ་བརྒྱད་ལས་གྲོལ་བས་སྤྲོས་པ་དང་བྲལ་བ། སེམས་ཀྱི་འོད་ཤར་བས་འོད་གསལ་བ། རྒྱུ་རྐྱེན་དང་བྲལ་བས་འདུས་མ་བྱས་པའོ།
།བཞི་པ་ནི། བདེ་གསལ་མི་རྟོག་པ་གསུམ། དབྱེར་མེད་རང་ཤར་དུ་ཉམས་སུ་མྱོང་ཞིང་ཐག་ཆོད་ངེས་ཤེས་སྐྱེས་པའོ།
།ལྔ་པ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ། སྤང་བྱ་བློ་བུར་གྱི་དྲི་མས་དག་པའམ། སྒྱུ་མ་རྨི་ལམ་དུ་བསྒོམས་པས་ཉོན་མོངས་པའི་དྲི་མ་དག་པ་དང་། རྒྱུར་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོས་ཤེས་བྱའི་སྒྲིབ་པ་དག་པ་ཡིན་ནོ་གསུང་།
།གསུམ་པ་རྗེས་ལ་ལྔ་ཏེ། དམ་ཚིག་སྤྱི་དང་བྱེ་བྲག །གགས་སེལ་ཉེས་སྐྱོན་རང་གྲོལ། བོགས་འདོན་ཐེ་ཚོམ་གཅོད་བྱེད། ཁྱད་འཕགས་འཆར་སྒོ་ངོས་འཛིན། ཉམས་རྟོགས་ཉིན་མཚན་ཁྱད་པར་རོ།
།དང་པོ་ནི། རྩ་བའི་ལྟུང་པ་བཅུ་བཞི། ཡན་ལག་གི་ལྟུང་པ་བརྒྱད་དེ་ཉི་ཤུ་རྩ་གཉིས་དང་། འོད་གསལ་གྱི་དམིགས་པ་ལ་སྐད་གཅིག་ཀྱང་མ་ཡེངས་ཤིང་མི་འདའ་བ་དང་། ལས་དང་པོ་པ་རྣམས་ཀྱིས་བླ་མ་དང་མཆེད་གྲོགས་ལ་ལོག་ལྟ་སྤངས་ལ་མོས་གུས་དང་དག་སྣང་ཕྱོགས་མེད་དུ་བསྐྱེད་པ། འོད་གསལ་ཐིག་ལེའི་མདངས་ཡིན་པས་ཁམས་མི་ཉམས་ཤིང་འཕེལ་བར་བྱེད་པ་ཡིན་ནོ་གསུང་ངོ་།
།གཉིས་པ་ནི། གསལ་སྟོང་འཛིན་མེད་ཀྱི་གགས་སམ་བདུད། འཛིན་པའི་རྣམ་རྟོག་ཡིན། རྟོག་པ་སེམས་ཡིན། སེམས་སྐྱེ་མེད་ཡིན་པས་ཉེས་སྐྱོན་ཅི་བྱུང་ཡང་རང་གྲོལ་རང་དག །རང་སྟོང་དུ་ཤེས་པར་བྱའོ།
།གསུམ་པ་ནི། དུས་གསུམ་གྱི་སངས་རྒྱས་བྱོན་ཡང་། གསལ་སྟོང་འཛིན་མེད་ལས་ལྷག་པ་བསྟན་རྒྱུ་མེད་པར་ཐག་བཅད་ཅིང་ངེས་ཤེས་བསྐྱེད་པར་བྱའོ།
།བཞི་པ་ནི། བླ་མའི་ཞལ་ལས་ཤེས་པར་བྱའོ་གསུང་པས། འཆར་སྒོ་ངོས་འཛིན་ཟུར་དུ་སྟོན་ཅིང་། རང་དང་སློབ་མའི་ཉམས་ལས་ཀྱང་ཤེས་པར་བྱའོ།
།ལྔ་པ་ནི། ཉིན་པར་གྱི་སྣང་པ་ཐམས་ཅད་རང་གི་སེམས། སེམས་ནི་སེམས་མ་མཆིས་ཏེ་སྟོང་པ་དེའི་ངོ་བོ་གསལ་བ། རང་བཞིན་གྱིས་སྟོང་པ། སྣང་པ་ཐམས་ཅད་གསལ་སྟོང་ཞེན་བྲལ་དུ་རང་ཤར་བ་དེ་ཉིན་པར་གྱི་འོད་གསལ་ལོ། །མཚན་མོའི་སྣང་པ་ཐམས་ཅད་སྐྱེ་ཤིའི་ཡོད་མེད་མཐའ་དབུས་དགག་བསྒྲུབ་དང་བྲལ་བ་རང་ཤར་བར་རྟོགས་པ་དེ་མཚན་མོའི་འོད་གསལ་ཡིན་ནོ་གསུང་ངོ་།
།འོད་གསལ་ལ་བཟུང་པ་ལ་གསུམ། ལམ་ཁྱེར་དང་། བསྲེ་བ་གཉིས་ལ་རེ་རེ་སྟེ་དམིགས་པ་ལྔའོ།
།སྤྱི་དོན་ལྔ་པ་འཕོ་བ་མ་བསྒོམས་སངས་རྒྱས་ལ་བཞི་སྟེ། རབ་འཕོ་བྱ་འཕོ་བྱེད་དང་བྲལ་བར་རྟོགས་པའོ། །འབྲིང་ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་བརླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བ་ལ་སོགས་པ་གསུངས་ཀྱང་། ཕྱག་ལེན་དུ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ་འཕོ་བ་ཡེ་ཤེས་སྐར་ཁུང་མ་འདི་མཛད་དེ། དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་བསྒོམས་ལ། གསོལ་བ་གདབ་པ་ནི།
ཐེམས་ཡིག་ལས། །འཕོ་བ་མ་སྒོམས་སངས་རྒྱས་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། གསུང་པས།
བདག་འཛིན། དགོས་མེད། བར་དོར་སངས་རྒྱ་བར་བྱིན་གྱིས་བརླབས་དུ་གསོལ་ཞེས་གསོལ་བ་གདབ།
དམིགས་པ་ནི། རང་བདེ་མཆོག་དུ་གསལ་བའི་ལུས་ཀྱི་ནང་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཡར་རྩེ་ཚངས་བུག་དུ་སླེབ་པ། མར་རྩེ་གསང་གནས་སུ་སླེབ་པ། སྟོང་སེང་ཡོད་པའི་ནང་ལྟེ་བའི་ཐད་ཀར། ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཟུར་གཅིག་མདུན་དུ་བསྟན་པ་ཟུར་གཉིས་རྩིབ་ལོགས་གཡས་གཡོན་ལ་ཟུག་པ། དེའི་ནང་དུ་རྣམ་པར་ཤེས་པ་ཨ་དཀར་པོ་འོད་འཕྲོ་བ་དང་བཅས་པ་ཡེད་ཡེད་པ་འཕིར་ལ་ཁད་པ་གཅིག་སྒོམ། རླུང་རོ་ལན་གསུམ་ཕྱིར་གསལ་ལ། སྐེད་པ་ཉེག་ཉེག་པ་ལན་གསུམ་བྱ། སྟེང་འོག་གི་རླུང་ནར་གྱིས་དྲངས་ལས་དྲག་དུ་བཟུང་། ཁྱད་པར་དུ་འོག་རླུང་དྲག་པོ་དྲངས་ཏེ་ལྟེ་བ་སྒལ་པ་ལ་ཆར་གྱིས་སྦྱར་ལ་ལྟེ་བའི་ཆོས་འབྱུང་ཁ་ནང་དུ་ཆར་གྱིས་སོང་པ་དང་། ལྟེ་བའི་ནང་གི་ཨ་དེ། རང་དབང་མེད་པར་རྡུ་ཏི་ན་ཡར་རྒྱངས་ཀྱིས་དོན་ནས་ནམ་མཁའ་ལ་འོད་དུ་ཡལ་སོང་པར་བསྒོམ། ཐུན་རེ་ལ་དེ་ལྟ་བུ་ཁོར་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་པ་བསྒོམས་ལ། ཐུན་འཇོག་ཁར་སྤྱི་བོར་ཨ་གཅིག་ལམས་ཏེ་བསམས་ལ། ཨ་བདུད་རྩིའི་རང་བཞིན་དུ་ཞུ་ནས་ཐོད་པའི་རྒྱ་སྲུབས་དམ་དུ་རྩེམས། དབུ་མའི་ནང་དུ་སོང་པས་བདེ་སྟོང་གཉིས་སུ་མེད་པའི་ངང་དུ་སིང་གིས་བཞག་གོ
།འཕོ་བ་ཟབ་ན་ཚེ་ཐུང་བྱ་བ་ཡིན་པས་ཚེ་བསྒྲུབ་ཀྱི་གནད་ཡིན་གསུང་། དེ་ལྟ་བུ་ནུས་ཚད་དུ་བྱའོ།
།དེ་ལྟར་བསྒོམ་པས་འབྱོངས་པའི་རྟགས་རབ་འབྲིང་ཐ་མ་གསུམ་འབྱུང་སྟེ། རབ་ལ་སྤྱི་བོ་རྡ་པོ་ནས་ཁྲག་དང་ཆུ་སེར་ཡོང་། འབྲིང་ལ་སྤྱི་བོ་སྐྲངས་ནས་འོང་། ཐ་མའང་སྤྱི་བོ་ཟ་བ་དང་། འཕྲིག་པ་དང་། འགུལ་བ་འོང་སྟེ། དེ་རྣམས་འབྱོངས་པའི་རྟགས་ཡིན་གསུང་། སྒོམ་པའི་དུས་སུ་ཐལ་གྱིས་དགོས་པ་ལ་རིན་པོ་ཆེའི་སྣོད་ལ་སོགས་པ་བྱང་མས་མགོ་མནན། དེས་ཐུབ་གསུང་སྟེ་སྦྱང་པའོ།
།ལས་སྦྱོར་ནི། དེ་ལྟར་བསྒོམས་པའི་རྟེན་གྱི་གང་ཟག་དེ་ལ། ངེས་པའི་འཆི་ལྟས་བླ་མ་ར་ཧུ་ལའི་ཞལ་ནས། རླུང་གཉིས་མཉམ་དུ་རྒྱུ་ན་རྣལ་འབྱོར་མྱུར་དུ་འཆི། །གསུང་པས།
སྲོག་རླུང་དབུ་མར་འདུས་པའི་རྟགས་ཁ་སྣ་གཉིས་ནས་རླུང་དུས་གཅིག་ལ་ཤྭ་ཤྭ་བྱུང་ན། དེའི་ཉི་མ་ཕྱེད་ན་འཆི་ངེས་པ་ཡིན་པས། རང་གི་ལུས་ལོངས་སྤྱོད་ཉེ་འབྲེལ་ལ་སོགས་པ་གང་ལ་ཡང་མ་ཆགས་པ་སྣང་སྲིད་འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་པར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་བྱ། ལུས་ལྷ་སྐུར་དྲན་པའི་སྤྱི་བོར། བླ་མ་བསྒོམས་ལ་གསོལ་བ་གདབ། གཞན་དོན་རྒྱ་ཆེན་པོ་འབྱུང་པའི་སྨོན་ལམ་རྣམ་པར་དག་པ་གདབ། འདུ་འཛི་དང་གཡེང་པ་ཐམས་ཅད་སྤངས་ལ། རང་གཅིག་བུར་བསྡད་ལ་འཕོ་བར་བྱ་སྟེ།
སྔོན་དུ་རྩ་ཁ་འབྱེད་པའི་མན་ངག་ནི། རྒྱུད་ལས། རང་དང་བུད་མེད་ཐིག་ལེ་ཡིས། །རླུང་སེམས་གཉིས་པོ་ཡར་ལ་འདྲེན། །ཚ་ལས་རྩ་ཁ་འབྱེད་པར་བྱེད། །མིའི་ཀླད་པས་བར་ཆད་བསྲུང་། །ཞེས་བཤད་པས།
རྫས་སྣ་བཞི་པོ་དེ་ལག་མཐིལ་དུ་སྲིན་ལག་གཡོན་པས་མཉེས་ལ་ཡི་དམ་ལྷའི་སྔགས་བཏབ་ཏེ། སྤྱི་བོར་བྱུགས་ལ་རླུང་མི་བཟུང་པར་རང་སོར་བཞག་གོ
།དམིགས་པ་ནི་ཆོས་འབྱུང་གི་ཨ་ཡར་རྒྱངས་རྒྱངས་བཏང་ནས་སྐྱེ་མེད་ཀྱི་ངང་ལ་བཞག་ནས་འཕོ་བར་ཕྱེད་པ་ཡིན་ནོ་གསུང་ངོ་།
།སྤྱི་དོན་དྲུག་པ་བར་དོ་ལོངས་སྤྱོད་རྫོགས་སྐུ་ནི།
ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བར་དོའི་འཇིགས་པ་ཆེན་པོ་ལ། །རྟོགས་པ་བརྟན་པོའི་མན་ངག་གཅེས། །བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་མན་ངག་གཅེས། །ཞེས་གསུངས་པས།
བར་དོ་ལ་བཞི་སྟེ། རབ་བར་དོ་དང་པོའི་འོད་གསལ་རང་ཤར། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་འཆུག་མེད་ལམ་འཁྱེར་རོ།
།དང་པོ་ནི། ཡུལ་དང་འབྱུང་པ་དང་སྣང་འཆོད་ལ་སོགས་པའི་ཐིམ་འགྲོས་ངོས་བཟུང་ཞིང་། ལམ་འཁྱེར་གསུམ་དང་སྙུག་མའི་ངང་ལ་བཞག་པས། བླ་མའི་བྱིན་བརླབས་དང་གདམ་ངག་གིས་རང་བཞིན་གྱི་འོད་གསལ་དང་། བསྒོམས་པའི་འོད་གསལ་གཉིས་མ་དང་བུ་ཕྲད་པ་ལྟར་ངོ་ཕྲོད་དེ་འོད་གསལ་དེ་ཉིད་ལ་གནས་པས་བར་དོར་རིགས་དྲུག་གི་གྲོང་ཁྱེར་མི་མཐོང་པར་འོད་གསལ་ཆོས་སྐུ་སྐྱེ་མེད་དེ་ལས་གཟུགས་སྐུ་གཉིས་འགག་མེད་རང་ཤར་ལྷུན་གྲུབ་དུ་བྱུང་ནས། དེས་འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ་གང་ལ་གང་འདུལ་གྱིས་སེམས་ཅན་སྨིན་གྲིལ་འབྱུང་པ་ཡིན་གསུང་ངོ་།
།གཉིས་པ་ནི། སྐྱབས་འགྲོ་ནས་བླ་མ་བསྒོམ་པའི་བར་འདྲ། གསོལ་འདེབས་ནི།
ཐེམ་ཡིག་ལས། །བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། གསུང་པས།
བདག་འཛིན། དགོས་མེད། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་བར་བྱིན་གྱིས་བརླབ་དུ་གསོལ། །ཞེས་གསོལ་བ་རྩེ་གཅིག་དུ་གདབ། སྣང་པ་བདེན་མེད་དུ་ཕྱམ་སོང་པ་དང་། ག་རེ་ང་ཤི་བ་ཡིན་པར་འདུག་པས། བླ་མས་ངོ་སྤྲད་པའི་རྒྱལ་བ་ལོངས་སྐུ་ཉམས་སུ་བླང་དགོས་སྙམ་དུ་བསམས་ལ། རང་གི་མདུན་དུ་ཆོས་འབྱུང་སྔོན་པོ་གཅིག་བསམས་ལ། འདི་མ་རྟོགས་པ་རྣམས་ལ་མའི་མངལ། རྟོགས་པ་རྣམས་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་སྙམ་དུ་བསམ། ཆོས་འབྱུང་གི་ནང་དུ་རང་གི་སེམས་ཡི་གེ་ཧཱུྃ་སྔོན་པོ་གཅིག་དུ་བསམ། དེ་ལས་འོད་འཕྲོས། འདས་པའི་མའི་མངལ་གྱི་བག་ཆགས་སྦྱངས། ད་ལྟར་གྱི་མངལ་གྱི་ལན་ཆགས་དང་དྲི་མ་སྦྱང་། མ་འོངས་པའི་མངལ་སྒོ་བགག་པར་བསམ། འདི་གཅིག་བུ་རང་གིས་ཆོག་གསུང་། དེ་ནས་ཧཱུྃ་དེ་བདེ་མཆོག་དུ་བསྐྱེད་པའི་སྤྱི་བོར་རྗེ་བཙུན་མ། དེའི་སྤྱི་བོར་བླ་མ་བསྒོམས་ལ། བླ་མའི་སྐུ་ལས་འོད་ཟེར་བདེ་བའི་རང་བཞིན་ཅན་བྱུང་། རྗེ་བཙུན་མ་ལ་ཕོག །དེ་ལའང་འོད་ཟེར་བདེ་བའི་རང་བཞིན་ཅན་བྱུང་། རང་བདེ་མཆོག་དུ་གསལ་བ་ལ་ཕོག ལྷ་སྐུ་འོད་ཀྱི་རང་བཞིན་ཅན་དེ་ལ་ཉིན་མོ་རྩེ་གཅིག་ཏུ་བསྒོམས་པས། རྨི་ལམ་དུ་སྐུ་ཡོངས་སུ་རྫོགས་པའམ། ཐ་ན་སྤྱན་ཙམ་གཅིག་བྱུང་ཡང་བར་དོར་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་བར་ཐེ་ཚོམ་མེད་དོ་གསུང་ངོ་།
།གསུམ་པ་ནི། སྔོན་འགྲོ་སྔར་དང་འདྲ། མངལ་སྦྱང་པའང་སྔར་དང་འདྲ་བ་ལ། ཁྱད་པར་རང་གི་གྲོགས་མཆེད་དང་། ནོར་རྫས་ལ་སོགས་པ་འགའ་ཞིག་བརྟན་པོར་བསྐྱེད་ལ། ང་ཤི་ནས་འདུག །གྲོགས་མཆེད་དང་དངོས་པོ་འདི་རྣམས་ཐམས་ཅད་བར་དོའི་གྲོགས་མཆེད་ལ་སོགས་པར་འདུག་པས། བླ་མས་ངོ་སྤྲད་པའི་གདམ་ངག་ཉམས་སུ་བླང་དགོས་སྙམ་དུ་བསམས་ལ། གཟུགས་སྣང་པ་ཐམས་ཅད་ལྷའི་སྐུ། སྒྲ་གྲག་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། སྔགས་སྐྲག་དང་དྲན་རྟོག་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་སྐད་ཅིག་མ་གསུམ་ཙམ་མཉམ་པར་བཞག་པ་དང་། བར་དོ་གཤིན་རྗེའི་གཟུགས་སུ་སྣང་པ་རྣམས་ཡི་དམ་གྱི་ལྷ། སོད་གཅིག་ཆོམས་གཅིག་གི་སྒྲ་སྔགས། རྔངས་སྐྲག་དང་དྲན་རྟོག་རྣམས་ཆོས་ཉིད་དུ་གྲོལ་ནས་ཕྱི་ན་སྣོད་བཅུད་ཐམས་ཅད་དང་། རང་ལུས་སྣང་སྟོང་ཞེན་བྲལ་གྱི་ལྷ། སྤྲུལ་སྐུའི་སྣང་པ་འབའ་ཞིག་དུ་རང་ཤར་ནས། དུས་དེ་ཉིད་དུ་སྤྲུལ་སྐུར་སངས་མི་རྒྱ་མི་སྲིད་པ་ཡིན་ནོ་གསུང་ངོ་།
།བཞི་པ་སྤྱི་གནད་འཆུག་མེད་ནི། སྐྱབས་འགྲོ་ནས་མངལ་སྦྱང་པ་ཡན་ཆད་སྔར་བཞིན་བསྒོམས་ལ། སྤྱིར་ཕོ་ཐམས་ཅད་དང་། ཁྱད་པར་དུ་ཞེ་སྡང་སྐྱེ་བའི་ཡུལ་དེ་ཆོས་འབྱུང་གི་གཡོན་ཟུར་དུ་བདེ་མཆོག་ཡབ་དུ་བསྐྱེད་ལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དབུལ་ཞིང་གསོལ་བ་གདབ་པར་བྱའོ། །སྤྱིར་མོ་ཆགས་ཐམས་ཅད་དང་། ཁྱད་པར་དུ་འདོད་ཆགས་སྐྱེ་བའི་ཡུལ་དེ་ཆོས་འབྱུང་གི་གཡས་ཟུར་དུ་རྗེ་བཙུན་མར་བསྐྱེད་ལ་མཆོད་པ་དབུལ་ཞིང་གསོལ་བ་གཏབ་ལ་ཕྲག་དོག་མིག་སེར་ཐམས་ཅད་སྒྱུ་མ་རྨི་ལམ་དུ་སྦྱང་པར་བྱའོ། །བར་དོར་ཕྲ་དོག་དང་མིག་སེར་མ་བྱུང་ན་རབ། བྱུང་ན་གནད་འདིས་རང་དག་ནས་ལོངས་སྐུར་སངས་རྒྱ་བར་འགྱུར་རོ། །རབ་ཀྱིས་ཉམས་ལེན་ཐམས་ཅད་ཀྱི་དུས་སུ། ཨ་པ་ང་ཤི་ནས་འདུག་སྣང་པ་འདི་བར་དོའི་སྣང་པ། ལུས་འདི་ཡིད་ཀྱི་ལུས་གྲོགས་མཆེད་ཐམས་ཅད་བར་དོའི་གྲོགས། ཟས་གོས་ཐམས་ཅད་བར་དོའི་ཟས་གོས་སུ་འདུག་སྙམ་དུ་བསམ་ཞིང་། ངག་དུ་ཡང་བརྗོད་པས། བར་དོར་འཆར་རྒྱུ་ཐམས་ཅད་འདིར་འཆར། དེར་ཤར་བ་དང་། བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་མན་ངག་གཅེས། གསུང་པས། བླ་མས་ངོ་སྤྲད་པའི་རྒྱལ་བ་ལོངས་སྐུ་ཉམས་སུ་ལེན་དགོས་སྙམ་དུ་བསམ། དེར་ཉམས་སུ་བླངས་པས་བར་དོར་སངས་མི་རྒྱ་མི་སྲིད་གསུང་ངོ་།
བར་དོ་གསུམ་གྱི་བཤད་པ་ཡང་རྒྱས་པར་རྗེ་བཙུན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པས་དེར་ལྟ་བར་བྱེད་དོ་གསུང་། ལར་བར་དོའི་འཁྲུལ་སྣང་ཐམས་ཅད་ད་ལྟར་གྱི་སྣང་པ་འདི་ལ་བཅད་དགོས། འདི་ལ་བདེན་ཞེན་གྱི་རྟོག་པ་མེད་པར་སྣང་པ་བདེན་མེད་སྒྱུ་མ་རྨི་ལམ། ལུས་ཡིད་ལུས་ལྷ་སྐུ་ལམ་ཁྱེར། བླ་མ་སྤྱི་བོར་བསྒོམས་ཏེ་གསོལ་འདེབས་ལམ་ཁྱེར། མིག་གླང་པོ་ཆེའི་ལྟ་སྟངས་འབྲལ་མེད། སེམས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པའི་ངང་ནས། ཅིར་སྣང་ཐམས་ཅད་ལ་ངག་ཡིད་བར་དོའི་སྣང་པ་དང་མི་འབྲལ་བ་རྒྱུན་གྱི་ཉམས་ལེན་ཡིན་པས་འཆུག་མེད་གཅིག་བྱེད། དལ་འབྱོར་རིན་པོ་ཆེ་ཐོབ་དུས་སུ། ཚེ་གཅིག་གིས་སངས་རྒྱས་བསྒྲུབ་པ་ཁེ་ཆེ་བ་ཡིན། དེ་ལ་གདམ་ངག་འདི་ལས་ཟབ་པ་མེད། འདི་མཁས་གྲུབ་ཀྱི་རྒྱུད་པ་ཟམ་མ་ཆད་པས་ཉམས་སུ་བླངས་པ། གདམ་ངག་དང་རྒྱུད་པ་ལ་སེལ་མ་ཞུགས་པ་བྱིན་བརླབས་འབྱུང་འཕྲོ་རང་ཡིན་པས་ཉམས་སུ་ལེན་པར་ཞུའོ་གསུང་ངོ་།
།དེ་ལྟར་འཕོ་བ་ལ་དམིགས་པ་གཅིག །བར་དོ་ལ་གསུམ་མོ།
།རྡོ་རྗེ་འཆང་གི་ཐུགས་ཀྱི་ཉིང་ཁུ་མཆོག །མདོའ་རྒྱུད་ཀུན་གྱི་སྙིང་པོ་བསྡུས་པ་འདི། །བདེ་སྟོང་དབྱེར་མེད་མཁའ་འགྲོའི་ཞལ་བུམ་ལས། །སྤྲུལ་སྐུ་ཁྱུང་པོས་དཀའ་བས་ལེགས་བླངས་ཤིང་། །ཆིག་རྒྱུད་རྡོ་རྗེའི་རྒྱ་ཡིས་ལེགས་བཏབ་པ། །རྡོ་རྗེ་འཆང་དབང་ཆོས་རྒྱལ་སྟོན་པ་ཡིས། །ལུང་བསྟན་བཞིན་དུ་ཀུན་ལ་སྤེལ་བའི་ཆོས། །གསེར་གླིང་ཐུགས་སྲས་ཞལ་གྱི་པད་མོ་ལས། །སྙན་རྒྱུད་གདམ་ངག་བདག་ལ་ལེགས་པར་བབས། །སྙིགས་དུས་སྐྱེ་བོ་ཚེ་ཐུང་བར་ཆད་མང་། །བསྒྲུབ་ལོང་མེད་པར་འབྲས་བུ་འདོད་རྣམས་ལ། །ཆོས་དཔལ་སྦྱིན་པ་གཏོང་པའི་ཆོས་གཅིག་ཡིན། །མཁའ་འགྲོའི་ཚོགས་རྣམས་ཀུན་ལ་རྩེ་བ་ཡིས། །རྣམ་དག་ཆོས་འདི་ཀུན་ལ་འཕེལ་བ་དང་། །བར་ཆད་མེད་པར་བསྒྲུབ་པ་མཐར་ཕྱིན་ནས། །ཆོས་འདིས་མཁའ་མཉམ་འགྲོ་བ་གྲོལ་བར་ཤོག
།སྙན་བརྒྱུད་ཀྱི་མན་ངག་རྡོ་རྗེའི་ཚིག་གི་འདུད་འགྲོལ་ཞེས་བྱ་བ་འདི་ཉིད། ཕྱོགས་མེད་ཀུན་དུ་འཁྱམ་པའི་སྤྲང་པོ་ཆོས་དཔལ་གྱིས། དཔལ་ལྡན་བླ་མ་དམ་པ་ཐུགས་ཀྱི་སྲས་གཅིག་པོ། རིན་ཆེན་བཛྲ་ཤྲཱིའི་སྤྱན་སྔར་དོན་ཁྲིད་དུ་སྐྱངས་པའི་དུས་སུ། རང་གཞན་ཀུན་ལ་ཕན་པའི་བསམ་པས། བླ་མ་དང་མཁའ་འགྲོ་ལ་གསོལ་བ་གཏབ་ཏེ། བླ་མ་ཉིད་ཇི་ལྟར་གསུང་པ་ལས། རང་བཟོའ་དང་མཁས་འདོད་ཀྱི་དྲི་མས་མ་སླད་པར་ཟིན་བྲིས་སུ་བགྱིས་པ་འདིས། ཀུན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་པར་གྱུར་ཅིག །སྙན་བརྒྱུད་ཀྱི་མན་ངག་རྡོ་རྗེའི་ཚིག་གི་མདུད་འགྲོལ་ཞེས་བྱ་བ་ཟབ་པའི་མན་ངག །རེ་ཤིག་རྫོགས་སོ། །ཞུས་དགོ། །།
།འདིའི་རྒྱུད་པ་ནི། རྡོ་རྗེ་འཆང་། ནི་གུ་མ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་དྷརྨ་སེང་གེ །གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ །མཁས་གྲུབ་ཆོས་རྗེ་གཞོན་ནུ་གྲུབ། གྲུབ་ཐོབ་ཨ་སེང་གེ །གསེར་གླིང་པ་བཀྲ་ཤི་དཔལ། བྲག་བོ་ཆེ་པ་རྡོ་རྗེ་དཔལ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བསམ་ཡས་པ་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་ཆེན་པོ་གཞོན་ནུ་འོད། ཆོས་ཀྱི་རྗེ་དུས་འཁོར་བ་འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་ཀྱི་རྒྱལ་པོ་ལ་དགྱེས་བཞིན་དུ་གནང་ངོ་།