Srog sngags dang shA sa na'i sngags dngos bshad pa

From Shangpa Resource Center








Resource ID SCv11p40
Title srog sngags dang shA sa na'i sngags dngos bshad pa
Alt. title srog sngags dang shA sa na'i sngags don bshad pa
Topics Chadrupa
Sub-Topics Mantra translation
Author Gelek Pelsang
Associated Person Müchen Namkhé Neljor
Tsongkhapa
Link BDRC W23922
WA00KG09215 (p.16)

༈ སྲོག་སྔགས་དང་ཤཱ་ས་ནའི་སྔགས་དོན་བཤད་པ་བཞུགས་སོ།།

༈ ༼ཉ༽ སྲོག་སྔགས་ཀྱི་དོན་བཤད་པ་ནི།
ཨོཾ་ཞེས་པ་བོད་སྐད་དུ་བསྒྱུར་རྒྱུ་མེད་ཀྱང་། མཚོན་དོན་རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །བསྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་པ་ལྟར་རོ།
།བཛྲ་ནི་རྡོ་རྗེ་སྟེ། རྡོ་རྗེའི་དོན་ཡང་དེ་ཉིད་ལས། སྲ་ཞིང་སྙིང་པོ་ཁོག་སྟོང་མེད། །བསྲེག་ཏུ་མེད་ཅིང་གཅད་དུ་མེད། །གཞིག་ཏུ་མེད་ཅིང་གཞོམ་མེད་ཕྱིར། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་ལྟར་རོ།
།མ་ཧཱ་ནི་ཆེན་པོའོ།
།ཀཱ་ལ་ནི་དུས་གསུམ་ནག་པོའོ།
།ཀྵིཾ་ནི་དྲག་པོ་སྟེ། སྲིད་གསུམ་མམ། ས་གསུམ་གཡོ་ཞིང་འགུལ་བར་བྱེད་དོ།
།ཀྵེ་ཏྲ་ནི་ཞིང་སྟེ་སྲིད་གསུམ་གྱི་ཞིང་གི་ཞེས་པའོ།
།བིགྷྣཱན་ནི་བགེགས་སོ།
།བི་ནཱ་ཡ་ཀ་ནི་ལོག་འདྲེན་ནོ། །མདོར་ན་ས་གསུམ་གྱི་ཞིང་གི་བགེགས་རྣམས་འདུལ་ཞིང་བྲན་དུ་འཁོལ་བར་བྱེད་པའོ།
།ཧཱུྃ་ཧཱུྃ་ནི་བསྐུལ་བར་བྱེད་པའོ། །རྒྱུད་དེ་ཉིད་ལས། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་ཆོས་ནི་འཇོམས་པར་བྱེད། །གདུག་པ་སྔགས་ཀྱིས་གསོད་བྱེད་ཅིང་། །སྲིད་པའི་ཞགས་པ་གཅོད་པར་བྱེད། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པ་ལྟར་རོ།
།ཕཊ་ཕཊ་ནི་གསོད་པའམ་འཇོམས་པར་བྱེད་པའི་དོན་ཏེ། དེ་ཉིད་ལས། གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རོ།
།སྭཱ་ཧཱའི་དོན་ནི་དེ་ཉིད་ལས། །སྭཱ་ཧཱའི་ཞེས་ནི་ཅི་ཡིན་བརྗོད། སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་ཐམས་ཅད་འཕྲོགས་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུངས་པ་ལྟར་རོ།
།བདག་གི་བླ་མ་རྗེ་བཙུན་ནམ་མཁའི་རྣལ་འབྱོར་པའི་ཞལ་ནས། ཀྵཻཾ་ཀྵེ་ཏྲ་ཞེས་གསུངས། བླ་མ་དམ་པ་གཞན་ལ་ལ་ཀྵིཾ་ཀྵེ་ཏྲ་ཞེས་གསུངས། ལ་ལ་ཁྲིཾ་ཁྲེ་ཏྲ་ཞེས་གསུངས། ཡི་གེ་སྔ་མ་རྣམས་སུ་ཡང་མི་འདྲ་བ་མང་དུ་སྣང་ཡང་། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་ནས། ཀྵིཾ་དང་ཁྲིཾ་སྒྲ་པ་དག་གི་འདོན་ལུགས་མི་འདྲ་བའི་ཁྱད་མ་གཏོགས་དོན་ལ་ཁྱད་པར་མེད་དོ། །དེ་གཉིས་གང་རུང་འདིར་བརྗོད་རྒྱུ་ཡིན་གྱིས། ཀྵཻཾ་ཞེས་འགྲེང་བུར་བརྗོད་རྒྱུ་མིན་ནོ། །ཞེས་གསུངས་པས། བདག་ཀྱང་དེ་ལྟར་འདོད་པ་ཡིན་ནོ། །ཁ་ཅིག་ཁྲེ་ཏ་པ་ལ་ཞེས་ཟེར་བ་དང་། ཡི་གེ་ལ་བྲིས་པ་ནི་གཙོ་འཁོར་གྱི་ཁྱད་མ་ཕྱེད་པས་མ་དག་པ་ཡིན་ནོ།
།རྩ་སྔགས་ཀྱི་དོན་བཤད་པ་ནི།
ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཞེས་པ་ནི་དཔལ་ནག་པོ་ཆེན་པོ་ཞེས་བྱ་བའོ།
།ཤཱ་ས་ན་ཞེས་པ་ནི་བསྟན་པ་བཅས་པའོ།
།ཨུ་པ་ཧ་རི་ཎི་ཞེས་པ་ནི་ཉེ་བར་སྒྲུབ་པའོ།
།ཨ་ཥ་ཞེས་པ་ནི་འདི་ཞེས་པའོ།
།ཨཤྩི་ཞེས་པ་ནི་ཕྱི་མའི་ཞེས་པའོ།
།མ་ཀཱ་ལོ་ཞེས་པ་ནི་དུས་སུ་ཞེས་པའོ།
།ཨ་ཡཾ་ཞེས་པ་ནི་འདི་དང་ཞེས་པའོ།
།ཨི་དཾ་ཞེས་པ་ནི་འདི་ཞེས་བྱ་བའོ།
།རཏྣ་ཏྲ་ཡ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ཞེས་བྱ་བའོ།
།ཨ་པ་ཀ་རི་ཎི་ཞེས་པ་ནི། གནོད་པར་བྱེད་པ་རྣམས་ཞེས་བྱ་བའོ།
།ཡ་ཏི་ཞེས་པ་ནི། གལ་ཏེ་ཞེས་བྱ་བའོ།
།པྲ་ཏི་ཛྙཱ་ཞེས་པ་ནི། དམ་པ་ཞེས་བྱ་བའོ།
།སྨ་ར་སི་ཏ་ད་ཞེས་པ་ནི། དྲན་པར་གྱིས་ལ་ཞེས་བྱ་བའོ།
།ཨི་དཾ་དུཥྚཾ་ཞེས་པ་ནི་གདུག་ཅན་འདི་ཞེས་བྱ་བའོ།
།ཁ་ཁ་ནི་ཟོ་ཟོའོ།
།ཁཱ་ཧི་ཁཱ་ཧི་ནི་ཟ་རུ་ཆུག་ཟ་རུ་ཆུག་གོ
།མཱ་ར་མཱ་ར་ཡ་ནི་སོད་སོད་དོ།
།གྲི་ཧ་ན་གྲི་ཧ་ན་ནི་ཟུང་ཟུང་ངོ་།
།བྷན་དྷ་བྷན་དྷ་ནི་ཆིངས་ཆིངས་སོ།
།ཧ་ན་ཧ་ན་ནི་བསྣུན་བསྣུན་ཅེས་པའོ།
།ད་ཧ་ད་ཧ་ནི་སྲེགས་སྲེགས་ཞེས་པའོ།
།པ་ཙ་པ་ཙ་ནི་ཚོས་ཚོས་ཞེས་པའོ།
།དེ་ན་མེ་ཀེ་ན་མཱ་ར་ཡ་ཞེས་པ་ནི་ཉི་མ་གཅིག་གི་བསད་པར་མཛོད་ཅེས་པའོ།
།ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་སྔར་བཤད་པ་ལྟར་རོ།
།སྔགས་ཀྱི་གཅོད་མཚམས་ཀྱང་འདི་ཁོ་ན་ལྟར་བྱ་བ་ཡིན་གྱིས། མ་ཀ་ལོ་ཨ་ཡཾ། ཨི་ད་ན་ཏ་ཡ་ཐ། ཞེས་སོགས་དང་། མ་ཧཱ་ཀ་ལོ། ཞེས་པ་དང་། ཨ་པ་ཀ་རི་རི་ཤ །ཞེས་པ་དང་། རཏྣ་ཏྲ་ཡཱ་ཡ། ཞེས་པ་ཡ་གཉིས་བྱེད་པ་དང་། སྨ་ར་སི་དན་ཏུ་ཞེས་པ་དང་། ཨ་པ་ཀ་རེ་ན། ཞེས་པ་ལ་སོགས་པ་ནི་ཆེས་མ་དག་པ་ཆེན་པོ་ཡིན་པར་ཤེས་པར་བྱའོ།
།སྔགས་མ་དག་པ་ལ་འབད་པ་ཆེན་པོས་བཟླས་པ་ཅི་ཙམ་བྱས་སུ་ཟིན་ཀྱང་། ཡང་དག་པའི་འབྲས་བུ་འབྱུང་བའི་སྐབས་མི་སྲིད་པས། ཐོག་མར་སྔགས་ལ་དག་ཐེར་ཞིབ་ཏུ་བྱ་བར་རིགས་པ་ཡིན་ནོ། །ཨྀཐིཿ