Yid bzhin nor bu'i gter bum bca' ba'i gdams pa zab mo
Resource ID | Gönkar13 |
---|---|
Title | yid bzhin nor bu'i gter bum bca' ba'i gdams pa zab mo |
Topics | White protector |
Sub-Topics | Treasure vase |
Link | BDRC W23681 (p. 244) |
Notes | Same text as gsan yig tu gong gi sbyin sreg shog gcig ma dang 'di gnyis tshan pa gcig tu mdzad pa ltar 'dir yang sbyar |
༄༅། །ཡིད་བཞིན་ནོར་བུའི་གཏེར་བུམ་བཅའ་བའི་གདམས་པ་ཟབ་མོ་བཞུགས།
ན་མོ་གུ་རུ།
ཆོས་སྐྱོང་གི་བུམ་པ་བཅའ་བའི་ཐབས་ནི།
དང་པོ་བུམ་པ་སོ་བཏང་བ། མ་སྤྱད་པ། ཚད་བྲེ་གང་ཤོང་བ་ཡན་ཆོད། མགྲིན་པར་བཀྲ་ཤིས་རྫས་བརྒྱད་བྲིས་པའི་ནང་དུ། ཆོས་སྐྱོང་གི་སྐུ་གཟུགས་དང༌། རྩ་བའི་སྔགས་སིདྡྷི་མའི་མཇུག །འདོད་པའི་དོན་ཞུ་བའི་ཚིག །རྟེན་འདི་ལ་གནས་པར་མཛད་དུ་གསོལ། གནས་འདིར་སྐྱེ་བོ་ཐམས་ཅད་གུས་པས་འདུ་ཞིང་འབྱོར་པ་ཐམས་ཅད་ཆུ་བོའི་ཚོགས་བཞིན་འདུ་བར་མཛད་དུ་གསོལ།
ཞེས་པ་དང༌། སྲུངས་ཤིག་ལ་སོགས་པ་བཏགས་ལ་དེ་འདྲ་བ་མཐིང་ཤོག་ལ་གསེར་གྱིས་བྲིས་པ་དང༌། ག་བུར་དང༌། བུ་རམ་དང༌། ཙནྡན་དམར་པོ། རང་བྱུང༌། གི་ཧམ་ལ་སོགས་པས་བྲིས་པ་ཕྱོགས་བཞི་ནས་དབུས་ཀྱི་སྐུ་གཟུགས་ལ་ཁ་བསྟན་ཏེ་བཞག །སྐུ་རབ་གནས་ལེགས་པར་བྱས་པའི་ཞལ་བུམ་པའི་མཆུ་ལ་བསྟན། བུམ་རྫས་རིན་པོ་ཆེ་སྣ་ཚོགས་པ་དང༌། སྨན་སྣ་ཚོགས་པ་དང༌། འབྲུ་སྣ་ཚོགས་པ་དང༌། དར་ཟབ་སྣ་ཚོགས་དང༌། མངར་གསུམ་ལ་སོགས་པའི་ཟས་སྣ་ཚོགས་པ་དང༌། མགོན་པོའི་དམ་རྫས་སྣ་ཚོགས་བཅུག་ལ་ཁེངས་པར་དགང༌། ལུག་དར་མའི་སོག་པ་གཡས་པའི་བལ་རྩི་མེད་པས་ཁ་བཅད། དེའི་སྟེང་དུ་མཐིང་ཤོག་ལ་གསེར་གྱི་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། དེ་ནས་ཚོན་སྣ་ལྔའི་སྐུད་པས་མགུལ་པ་བཅིངས་ལ། དེའི་རྗེས་ཁའི་སྟེང་ནས་རྒྱ་གྲམ་དུ་བཅིང་ངོ༌།
།དེ་ནས་རང་གི་གནས་ཁང་གི་མཛོད་དམ། དགེ་འདུན་གྱི་གཙུག་ལག་ཁང་གི་ཁྱམས་ཀྱི་ནང་ལ་སོགས་པའི་གྱང་ལ་སོགས་ལ། ཐོག་མཚམས་ལས་ཅུང་ཟད་དམའ་བར་ཁུང་བུ་གྲུ་བཞི་པ། དཔངས་སུ་ཁྲུ་གང་བ་བྱས་པའི་ནང་ལ་ཞལ་ཞལ་ལེགས་པོ་བྱ། མཚལ་གྱིས་བྱུག །སིནྡྷུ་རེའི་གཡུང་དྲུང་རིས་ཕྱོགས་བཞིར་བྲི། དེའི་ནང་དུ་མཐིང་ཤོག་ལ་གསེར་གྱི་པདྨ་འདབ་བརྒྱད་བྲིས་པ་གདིང༌། དེའི་སྟེང་དུ་བུམ་པ་དར་སྣ་ལྔའི་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ནས། ཞལ་ཁང་པའི་ཕུགས་སམ་གཙང་ཁང་སོགས་ལ་བསྟན་ལ་བཞག །དེའི་སྟེང་ནས་དར་གྱི་གུར་དབུབ། མདུན་གྱི་མར་གྱི་གཏོར་མ་ནོར་བུས་བརྒྱན་པ་བཞག །རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་ལྷོ་ཕྱོགས་བསིལ་བའི་ཚལ་ནས་མགོན་པོ་སྤྱན་དྲངས་ནས་བུམ་པའི་ནང་དུ་ཐིམ་པ་དང༌། གསོལ་བ་བཏབ་ནས་བརྟན་པར་བཞུགས་པ་ལན་བརྒྱ་རྩ་བརྒྱད་དམ། ལྔ་བཅུའམ་ཉེར་གཅིག་བྱ། མཆོད་བསྟོད་གཏོར་མ་དབུལ། རང་དང་བུམ་ནང་གི་མགོན་པོའི་ཐུགས་ཀའི་མཁའ་འགྲོ་མ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་ལྷོ་ཕྱོགས་བསིལ་བའི་ཚལ་ནས་ལྷ་དང་མིའི་རིན་པོ་ཆེ་དང༌། འབྱོར་པའི་ཁྱད་པར་ཅི་ཡོད་པ་བཀུག་སྟེ། བུམ་པའི་ནང་གི་རིན་པོ་ཆེ་ལ་སོགས་པ་རྣམས་ལ་ཐིམ་པ་ཡང་ཡང་བསྒོམས་ནས་བུམ་པའི་མགུལ་པ་ལ་གཟུངས་ཐག་བཏགས་ནས་བཟུང་སྟེ། རྩ་སྔགས་སིདྡྷི་མ་སྟོང་རྩ་བཟླ། བུམ་པའི་ནང་གི་ནོར་ཟས་རྣམས་ལུད། མགོན་པོའི་ཕྱག་གི་བུམ་པ་དང་ཐོད་པ་ནས་ཀྱང་ལུད། ནེའུ་ལེ་དང་ཚོགས་བདག་གི་ཁ་བཤང་ནས་ཀྱང་རིན་པོ་ཆེ་ལྷུག་ལྷུག་ལུད་ནས། གནས་ཁང་དང་གཙུག་ལག་ཁང་ལ་སོགས་པའི་ནང་ཐམས་ཅད་སྤྱད་པས་ཟད་མི་ཤེས་པ་ཙམ་དུ་ཁེངས་པར་བསམས་པ་བཀྲ་ཤིས་བྱ། བུམ་པ་གཏོར་མ་དང་བཅས་པ་མི་བསྒུལ། འདག་པའི་ས་གྲུ་བཞི་ལ་གཡུང་དྲུང་རིས་བྲིས་པས་ཁ་བཅད། ཕྱི་ནས་ཞལ་ཞལ་བྱས་ཏེ་མི་མངོན་པར་བྱ། དེ་ལྟར་བྱས་ན་གནས་དེར་འབྱོར་པ་ཟད་མི་ཤེས་པ་འབྱུང་སྟེ། ཐུན་མོང་མ་ཡིན་པའི་མན་ངག་ཟབ་པ་ཡིན་ཅིང༌། ཞལ་ཤེས་རྣམས་ཀྱང་ཡི་གེར་བཀོད་པ་ཡིན་པས། དཔེ་གཞན་ལ་མི་བསྟན་པར་ཆེས་ཆེར་གདམས་པར་བྱ། ས་མ་ཡ་རྒྱ་རྒྱ།།