Mgon po gzi ldan gyi sgrub thabs
Resource ID | SCv11p254 |
---|---|
Title | mgon po gzi ldan gyi sgrub thabs |
Alt. title | Mgon po yid bzhin nor bu'i bum gter bca' thabs |
Topics | White protector |
Sub-Topics | bum gter |
Link | BDRC W23922 BDRC W1KG4284 |
༈ མགོན་པོ་གཟི་ལྡན་གྱི་སྒྲུབ་ཐབས་བཞུགས་སོ།།
༈ ༼མི༽ མགོན་པོ་གཟི་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།
།བུམ་པ་ཡངས་ཤིང་ཆུ་ཡོངས་སུ་གྲགས་པ་དང་ལྡན་པ། མ་ཆག་མ་གས། ལྷན་པ་མེད་པ། དྲི་མ་དང་བྲལ་ཞིང་གཙང་མའི་ནང་ནས་དཀར་མོ་པད་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། སྦུར་སོགས་དང་། སྲན་མ་དང་། རྡོ་ལ་སོགས་པ་གཅིག་ཀྱང་མེད་ཅིང་། ས་ལ་སོགས་པ་དང་བྲལ་བ་ཕྱུག་པོའི་བང་མཛོད་ནས་བྱུང་བའམ། ཡང་ན་འབྲས་དཀར་མོ་མ་གྲུས་པ་སྟེ། དེ་གཉིས་གང་ཡང་རུང་བས་ཁེངས་པར་བཀང་། དེའི་ནང་དུ་གསེར། དངུལ། མུ་ཏིག །བྱུ་རུ། མུ་མེན། གཡུ་སྙིང་། ཟངས་དང་པདྨ་རཱ་ག་དུང་ལ་སོགས་པའི་རིན་པོ་ཆེ་རྙེད་ཚད་དང་། གོས་དར་བཟང་པོའི་རས་མ་ཅི་རིགས་པ་རྙེད་ཚད་དང་། ཇ་དཀར་ནག་དང་། ཤ་མར་བུ་རམ། ཀ་ར་རྒུན་འབྲུམ་ལ་སོགས་པའི་ཟས་སྣ་བཟང་པོ་རྙེད་ཚད། ཨ་རུ་ར་རྣམ་རྒྱལ་ལམ། མ་རྙེད་ན་ཡང་གཞན་གསེར་མདོག་བཟང་པོ་དང་། བཟང་དྲུག་དང་། ག་བུར། ཨ་ཀ་རུ། ཙནྡན་དཀར་དམར་དབང་ལག་ལ་སོགས་པའི་སྨན་རྣམས་གཞུག་ཅིང་། དེ་དག་གི་དབུས་སུ་བུམ་པའི་མགྲིན་པ་དང་ལྟེ་བའི་མཚམས་ལས་ཅུང་ཟད་མཐོ་བ་ཙམ་དུ། མགོན་པོ་གཟི་ལྡན་གྱི་སྐུ་ཙཀླི་རབ་གནས་ཚུལ་བཞིན་དུ་བྱས་པ་ཞལ་བུམ་པའི་མཆུ་ལ་བསྟན་ཅིང་བུམ་རྫས་ཀྱི་ནང་དུ་ནུབ་པ་བཞུགས་སུ་བཅུག །བུམ་པའི་མཆུ་རང་ལ་བསྟན། ཞག་རེ་ལ་ཐུན་བཞིར་བུམ་པའི་ནང་དུ་མགོན་པོ་བསྐྱེད་ཡེ་ཤེས་པ་གཞུག །གསོལ་བ་ཤུགས་དྲག་ཏུ་བཏབ། གཏོར་མ་ཆེ་བའི་ནང་དུ་གཏོར་ཆུང་བཏབ། གཏོར་མ་ཆེ་བ་ནི་ནས་དཀར་གཙང་བའི་རྗེན་བཏགས་ལ་དཔལ་བཤོས་ཟུར་གསུམ་ཁྲུ་གང་པ་མར་དང་སྦྲང་རྩི་དང་། བུ་རམ་གྱིས་བརྒྱན་ཅིང་། རྩེ་མོར་མར་གྱི་ནོར་བུ་འབར་བ་དང་། མདུན་ཕྱོགས་ཀྱི་ལོགས་ལ་མར་གྱི་ཧཱུྃ་དཀར་པོ་ཆེན་པོ་བྲིས་ལ། མཐེབ་སྐྱུ་བརྒྱ་རྩ་བརྒྱད་ཀྱི་༼༽བཅད་ཁ་མ་ནང་དུ་བསྟན་ནས་བསྐོར་བ་སྣོད་ཟངས་ཀྱི་ཀ་ཊོ་ར་ལ་སོགས་པ་གས་ཆག་དང་བུག་པ་ལྷན་པ་སོགས་མེད་པའི་ཆེན་པོར་བྱ། སྐུ་ཙཀ་ལི་དང་མེ་ལོང་དང་དར་དཀར་དམར་མཐིང་གསུམ་མདའ་བྱ་རྒོད་མ། སྒྲོ་མེས་མ་རེག་པ་ལ་བརྒྱན་པའི་མདའ་དར་གཙུགས། ཐུན་དང་པོ་ལ་གཏོར་ཆུང་གཅིག་བླ་མ་དང་ཡི་དམ་ལ་ཕུལ། དེ་མ་གཏོགས་པ་ཐུན་བཞི་པོ་རེ་རེ་ལ་གཏོར་ཆུང་ལྔ་ལྔ་མགོན་པོ་ལ་དབུལ། གཏོར་མ་ཆེ་བ་དང་པོ་སྣོད་ཁེངས་པ་ཐེབ་སྐྱུ་སྣོད་ལས་ཕྱིར་མ་ཐལ་བ་བྱ། གཏོར་ཆེན་མགོན་པོར་བསྐྱེད་ཡེ་ཤེས་པ་བཅུག །དེ་དང་བུམ་པའི་ནང་གི་མགོན་པོ་དབྱེར་མེད་དུ་མོས་ནས་གཏོར་ཆུང་འབུལ། གཏོར་ཆུང་གི་གཏོར་མ་ཆེ་བའི་མདུན་དུ་སྣོད་གཞན་བཞག་པའི་ནང་དུ་འབུལ་དུ་རུང་། གཏོར་མ་བྱིན་རླབས་གཞུང་བཞིན་ནོ། །གཏོར་ཆུང་འབུལ་བའི་ཚེ་རེ་རེ་ནས་ལག་པ་གཡས་པས་བཟུང་སྟེ། རྩ་སྔགས་སིདྡྷི་མའི་ཡི་གེ་བཅུ་གསུམ་པའི་མཐར་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ནས་འབུལ། སྒྲུབ་པ་ཐོན་ཁའི་ཐུན་ཐ་མ་ལ་གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་བཞུགས་སུ་གསོལ། གཏོར་མ་ཆེ་བ་ལེགས་པར་བྱིན་གྱིས་བརླབས་ཏེ་དབུལ། ཐུན་མཚམས་ཐམས་ཅད་ལ་ཡང་གཏོར་མ་ཆེ་བ་མཐེབ་སྐྱུ་རེ་རེས་གསོ། སྒྲུབ་པའི་བར་ལ་མཚམས་དམ་པར་བཅད་གཞན་ལ་གསང་། ངག་བཅད། སྒྲུབ་རྫས་ཕྱིར་མི་གདོན། སྟན་མི་སྤྲུག །ཕྱག་དར་མི་བྱ། དབང་བསྡུད་ཀྱི་དཀྱིལ་འཁོར་བྲིས་ནས་རབ་གནས་བྱས་པ་སྐུད་པ་དམར་པོས་དཀྲིས་ཏེ། སྒྲུབ་པའི་བར་ལ་བུམ་པའི་མགུལ་པར་བཏགས་ལ། སྒྲུབ་པ་ཐོན་དུ་ཉེ་བའི་ཐུན་ཐ་མའི་ཚེ། གཏོར་མའི་མགོན་པོ་ནམ་མཁར་བཏེགས་པ་དེ་ལ་གཏོར་མ་ཕུལ་ཚར་ནས་འཁོར་ལོ་ལ་བསྟིམ་སྟེ། འཁོར་ལོ་རང་གི་ལུས་ལ་བཅངས་པས། གང་འདོད་པ་དབང་དུ་འགྱུར་རོ། །སྒྲུབ་པ་ཐོན་ནས་ཐོད་པ་དུམ་བུ་གཅིག་པ་མཚན་ལྡན་གྱི་ནང་དུ། སྔར་གྱི་བུམ་རྫས་རྣམས་ནས་དང་བཅས་པས་བསྐོར་བའི་ནང་དུ་བུམ་པའི་ནང་གི་སྐུ་ཙཀ་ལི་ཞལ་ཐོད་པའི་དཔྲལ་བ་ལ་བསྟན་ནས་སྐུ་ལ་ནུབ་པ་བྱས་ཏེ་གཙུག་པ་རང་ཉལ་བའི་ཁང་པའམ། རང་གི་མཆོད་ཁང་དུ་གཞན་གྱིས་མི་མཐོང་བར་བཞུགས་སུ་བཅུག་པའི་མདུན་དུ་འཛིན་གཏོར་བཅས་ཏེ་ནུབ་རེ་གསོ་ཞིང་དབུལ། གཞན་བུམ་པའི་རྫས་ཀྱི་ནས་སམ་འབྲས་ལྷག་མ་རང་ཁོ་ནས་ལོངས་སྤྱོད་ཅིང་སྒྲུབ་པའི་གཏོར་མ་ཡང་རང་ཁོ་ནས་དངོས་གྲུབ་ཏུ་བླངས། སྒྲུབ་རྫས་རྣམས་དང་པོ་འཚོལ་བའི་ཚེ་དམ་ཉམས་དང་གྲིབ་ཅན་གྱི་ལག་ནས་བྱུང་བ་དང་མ་འདྲེས་པར་བྱ་ཞིང་། བསངས་སྦྱངས་ལེགས་པར་བྱ་ཞིང་གུ་གུལ་གྱིས་བདུག་སྟེ། བུམ་པའི་ནང་དུ་བཞུགས་པར་བྱ་ཞིང་། ཆང་ཕུད་དང་གཏོར་མ་ཕྱེ་མ་འབགས་པ་གལ་ཆེའོ།
།ཞལ་ཤེས་ཞིབ་པར་ཡི་གེར་བཀོད་པ་ཡིན་ཆེས་ཤིན་ཏུ་གསང་བར་བྱ་ཞིང་། དེས་སུ་ལ་ཡང་མི་བསྟན་ནོ། །གུ་ཧྱ་སམཡཿ །མགོན་པོ་གཟི་ལྡན་འདི་ནི་ཡིད་བཞིན་གྱི་ནོར་བུ་ཉིད་ལས་སྦྱོར་གྱི་ཕྱག་མཚན་སོགས་ཅུང་ཟད་བསྒྱུར་བ་ཙམ་ཡིན་པས། འདི་ལ་རྗེས་གནང་དང་བཀའ་ལོགས་སུ་བྱེད་པ་ནི་རྗེས་གནང་གི་གྲངས་ལ་གཙོ་བོར་བྱེད་པ་རྣམས་ཀྱིས་རང་བཟོ་ཡིན་གྱི་བདག་གི་བླ་མ་དག་དེ་འདྲ་མི་བཞེད་དོ།། །།