Mgon po yid bzhin nor bu'i bum gter bca' thabs
Resource ID | Gönkar10 |
---|---|
Title | mgon po yid bzhin nor bu'i bum gter bca' thabs |
Alt. title | mgon po gzi ldan gyi sgrub thabs |
Topics | White protector |
Sub-Topics | Treasure vase |
Link | BDRC W23681 (p. 239) |
Notes | Same text as mgon po gzi ldan gyi sgrub thabs |
༄༅། །མགོན་པོ་ཡིད་བཞིན་ནོར་བུའི་བུམ་གཏེར་བཅའ་ཐབས་བཞུགས།
མགོན་པོ་གཟི་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།
།བུམ་པ་ཁ་ཡངས་ཤིང་མཆུ་ཡོངས་སུ་གྲགས་པ་དང་ལྡན་པ། མ་ཆག་པ། མ་གས་པ། ལྷན་པ་མེད་པ། དྲི་མ་དང་བྲལ་ཞིང་གཙང་བའི་ནང་དུ། ནས་དཀར་མོ་སད་ལ་སོགས་པའི་སྐྱོན་དང་བྲལ་ཞིང༌། སྦུན་སོག་དང་སྲན་མ་དང༌། རྡོ་ལ་སོགས་པ་གཅིག་ཀྱང་མེད་ཅིང་ཕྱུག་པོའི་བང་མཛོད་ནས་བྱུང་བའམ། ཡང་ན་འབྲས་དཀར་མོ་མ་གྲུས་པ་སྟེ། དེ་གཉིས་གང་ཡང་རུང་བས་ཁེངས་པར་བཀང༌། དེའི་སྟེང་དུ་གསེར། དངུལ། བྱེ་རུ། མུ་མེན། གཡུ་རྙིང༌། ཟངས། པདྨ་རཱ་ག །དུང་ལ་སོགས་པ་རིན་པོ་ཆེ་རྙེད་ཚད། གོས་དར་བཟང་པོའི་རས་མ་རིགས་མི་གཅིག་པ་རྙེད་ཚད། ཇ་དཀར་ནག་དང༌། ཤ། མར། བུ་རམ། རྒུན་འབྲུམ་ལ་སོགས་པའི་ཟས་སྣ། ཨ་རུ་ར་རྣམ་རྒྱལ་ལམ། མ་རྙེད་ནའང་གཞན་གསེར་མདོག་བཟང་པོ་དང༌། བཟང་དྲུག་དང༌། ག་བུར། ཨ་ག་རུ། ཙནྡན་དཀར་དམར། དབང་ལག་ལ་སོགས་གཞུག་ཅིང༌། དེ་དག་ནི་དབུས་སུ་བུམ་པའི་མགྲིན་པ་དང༌། ལྟོ་བའི་མཚམས་ལས་ཅུང་ཟད་མཐོ་བ་ཙམ་དུ། མགོན་པོ་གཟི་ལྡན་གྱི་སྐུ་ཙཀླི་རབ་གནས་ཚུལ་བཞིན་དུ་བྱས་པ་བུམ་པའི་མཆུ་ལ་བརྟེན་ཅིང༌། བུམ་རྫས་ཀྱི་ནང་དུ་ནུབ་པར་བཞུགས་སུ་བཅུག །བུམ་པའི་མཆུ་རང་ལ་བསྟན། ཞག་རེ་ལ་ཐུན་བཞིར་བུམ་པའི་ནང་དུ་མགོན་པོ་བསྐྱེད། ཡེ་ཤེས་པ་གཞུག །གསོལ་བ་དྲག་ཏུ་གདབ། གཏོར་མ་ཆེ་བའི་ནང་དུ་གཏོར་ཆུང་བསྟབ། གཏོར་མ་ཆེ་བ་ནི་ནས་དཀར་སོ་གཙང་མའི་རྗེན་ཕྱེ་བཏགས་ལ། དཔལ་བཤོས་ཟུར་གསུམ་ཁྲུ་གང་བ། མར་དང༌། སྦྲང་རྩི་དང༌། བུ་རམ་གྱིས་བརྒྱན་ཅིང་རྩེ་མོར་མར་གྱི་ནོར་བུ་འབར་བ་དང༌། མདུན་ཕྱོགས་ཀྱི་ལོགས་ལ་མར་དཀར་པོ་ཆེན་པོ་བྲིས་པ། མཐེབ་ཀྱུ་བརྒྱ་རྩ་བརྒྱད་ཀྱི་བཅད་ཁ་ནང་དུ་བསྟན་ནས་བསྐོར་བ། སྣོད་ཟངས་ཀྱི་ཀ་ཊོ་ར་ལ་སོགས་པ། གས་ཆག་དང༌། བུག་པ་དང༌། ལྷན་པ་ལ་སོགས་མེད་པ་ཆེན་པོ་བྱ། ཙཀླི་དང༌། མེ་ལོང་དང༌། དར་དཀར་དམར་མཐིང་གསུམ་གྱིས་མདའ་རྒོད་སྒྲོ་མ་མེས་མ་རེག་པ་ལ་བརྒྱན་པའི་མདའ་དར་གཟུག །ཐུན་དང་པོ་ལ་གཏོར་ཆུང་ཅིག་བླ་མ་ཡི་དམ་ལ་འབུལ། དེ་མ་གཏོགས་ཐུན་བཞི་པོ་རེ་རེ་ལ་གཏོར་ཆུང་ལྔ་ལྔ་མགོན་པོ་རང་ལ་དབུལ། གཏོར་མ་ཆེ་བ་དང་པོ་ནས་སྣོད་ཁེངས་པ། མཐེབ་ཀྱུ་སྣོད་ཕྱིར་མ་ཐལ་བ་བྱ། གཏོར་ཆེན་མགོན་པོར་བསྐྱེད། ཡེ་ཤེས་པ་གཞུག །དེ་དང་བུམ་པའི་ནང་གི་མགོན་པོ་དབྱེར་མེད་དུ་མོས་ནས། གཏོར་ཆུང་དབུལ། གཏོར་ཆུང་ནི་གཏོར་མ་ཆེ་བའི་མདུན་དུ་སྣོད་གཞན་བཞག་པའི་ནང་དུ་འབུལ་དུ་རུང༌། གཏོར་མ་བྱིན་རླབས་གཞུང་བཞིན་ནོ། །གཏོར་ཆུང་འབུལ་བའི་ཚེ་རེ་རེ་ལག་པ་གཡས་པས་བཟུང་སྟེ། རྩ་སྔགས་སིདྡྷི་མ་ཡི་གེ་བཅུ་གསུམ་གྱི་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ནས་དབུལ། སྒྲུབ་པ་ཐོན་ཁའི་ཐུན་ཐ་མ་ལ། གཏོར་མ་ཆེ་བའི་མགོན་པོ་ནམ་མཁའ་ལ་བཞུགས་སུ་གསོལ་ནས། གཏོར་མ་ཆེ་བ་ལེགས་པར་བྱིན་གྱིས་བརླབས་ཏེ་དབུལ། ཐུན་ཐམས་ཅད་ལའང་གཏོར་མ་ཆེ་བ་མཐེབ་ཀྱུ་རེ་རེས་གསོ། སྒྲུབ་པའི་བར་ལ་མཚམས་དམ་པར་བཅད། གཞན་ལ་གསང༌། ངག་བཅད། སྒྲུབ་རྫས་ཕྱིར་མི་འདོན། སྟན་མི་སྤྲུག །ཕྱག་དར་མི་བྱ། དབང་སྡུད་ཀྱི་འཁོར་ལོ་བྲིས་ནས་རབ་གནས་བྱས་པ་སྐུད་པ་དམར་པོས་དཀྲིས་ཏེ། སྒྲུབ་པའི་བར་བུམ་པའི་མགུལ་པར་བཏགས་ལ། སྒྲུབ་པ་ཐོན་དུ་ཉེ་བའི་ཐུན་ཐ་མའི་ཚེ། གཏོར་མའི་མགོན་པོ་ནམ་མཁར་བཏེག་པ་དེ་ལ་གཏོར་མ་ཕུལ་ཚར་ནས་འཁོར་ལོ་ལ་བསྟིམས་ཏེ་འཁོར་ལོ་རང་གི་ལུགས་ལ་བཅངས་པས། གང་འདོད་པ་དབང་དུ་འགྱུར་རོ། །སྒྲུབ་པ་ཐོན་ནས་ཐོད་པ་དུམ་བུ་གཅིག་ལ་མཚན་ལྡན་གྱི་ནང་དུ་སྔར་གྱི་བུམ་རྫས་རྣམས་ནས་དང་བཅས་པས་བཀང་བའི་ནང་དུ་བུམ་པའི་ནང་གི་སྐུ་ཙཀླིའི་ཞལ་ཐོད་པའི་དཔྲལ་བར་བསྟན་ནས། སྐུ་ནས་ལ་ནུབ་པར་བྱས་ཏེ་བཅུག་པ་རང་གི་ཉེ་བའི་ཁང་པའམ། རང་གི་མཆོད་ཁང་དུ་གཞན་གྱིས་མི་མཐོང་བར་བཞུགས་སུ་བཅུག་པའི་མདུན་དུ་འཛིན་གཏོར་བཅས་ཏེ་ནུབ་རེ་བཞིན་གསོ་ཞིང་དབུལ། གཞན་བུམ་པའི་རྫས་ཀྱི་ནས་སམ་འབྲས་ལྷག་མ་རང་ཁོ་ནས་ལོངས་སྤྱད་ཅིང༌། སྒྲུབ་པའི་གཏོར་མའང་རང་ཁོ་ནས་དངོས་གྲུབ་དུ་བླང༌། སྒྲུབ་རྫས་རྣམས་དང་པོ་འཚོལ་བའི་ཚེ་དམ་ཉམས་དང་གྲིབ་ཅན་གྱི་ལག་ནས་བྱུང་བ་དང་མ་འདྲེས་པར་བྱ་ཞིང་བསང་སྦྱངས་ལེགས་པར་བྱས་ནས། གུ་གུལ་གྱིས་བདུགས་ཏེ་བུམ་པའི་ནང་དུ་གཞུག་པར་བྱ་ཞིང༌། ཆང་ཕུད་དང༌། གཏོར་ཕྱེ་མ་འབགས་པ་གལ་ཆེའོ།
།ཞལ་ཤེས་ཞིབ་པར་ཡི་གེར་བཀོད་པ་ཡིན་པས། ཆེས་ཤིན་ཏུ་གསང་བར་བྱའོ། །དཔེ་སུ་ལའང་མི་བསྟན་ནོ། །ས་མ་ཡ་རཀྵནྟུ།།