Phyag rgya chen po ga'u ma'i dbang bskur
Resource ID | Sup8 |
---|---|
Title | phyag rgya chen po ga'u ma'i dbang bskur |
Topics | Initiation |
Sub-Topics | Mahamudra Gauma |
Author | Tsangma Shangtön |
Associated Person | Khyungpo Tsültrim Gönpo |
Link | BDRC W8LS32725 (p.11) |
Notes | To input |
ཕྱག་རྒྱ་ཆེན་པོ་གའུ་མའི་དབང་བསྐུར་བཞུགས་སོ།
དང་པོ་མཎྜལ་དཔེའུ་ཆུང་ལྟར་བཞེངས། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་རླབས། མཆོད་བསྟོད་སྐབས་དང་མཐུན་པར་ཅི་རིགས་སུ་བྱས་ལ། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟགས་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཅུང་ཟད་བསྒོམ་དུ་བཅུག་ལ། དེ་ནས་སྐྱབས་འགྲོ །སྨོན་འཇུག་ནང་འཇུག །གསོལ་གདབ། གནང་སྦྱིན། སྡིག་བཤགས་རྣམས་སྐབས་དང་བསྟུན་ལ་རྣམ་པ་ཚང་ཙམ་རེ་བྱ།
བྱིན་རླབས་དང་པོ་ནི། མཎྜལ་གྱི་ལྟེ་བ་ལ་པ་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཟླའི་སྟེང་དུ། ངོ་བོ་བླ་མ་ཉམ་པ་བདེ་མཆོག་སྐུ་མདོག་གསེར་གཙོ་མ་ལྟ་བུ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་བརྒྱན་ཅན་ལྷ་ལྔ་བསྒོམ། ཤར་གྱི་པད་འདབ་ལ་དགྱེས་རྡོར་ལྷ་དགུ །ལྷོར་གསང་འདུས་ལྷ་སུམ་ཅུ་པོ་གཉིས། ནུབ་ཏུ་མ་ཧཱ་མ་ཡ་ལྷ་ལྔ། བྱང་དུ་འཇིགས་བྱེད་ལྷ་སུམ་ཆུ་རྩ་གསུམ་སྟེ།
རྟེན་གསལ་གདབ། དེ་ནས་དེ་ཁོ་ན་འདྲ་བ་གཅིག་སྤྱི་བོར་བསྒོམ་དུ་གཅུག་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་གི་ནང་དུ། རང་གི་རྣམ་སྨིན་གྱི་ལུས་འདི་གཟུགས་དྲི་རོ་མི་རྟོགས་པ་ལ་སོགས་པ་བསམས་ལ་ཕུལ་ནས། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། ཅེས་གསོལ་བ་བཏབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཨོཾ་ལ་བསྡུས། དེ་ལས་འོད་དཀར་པོའི་རྒྱུན་བྱུང་། སྤྱི་བོའི་ཨོཾ་ལ་ཐིམ། མགྲིན་པ་ཡན་ཆད་གང་བས་བུམ་དབང་ཐོབ། ལུས་ཀྱི་དྲི་མ་མ་ལུས་པ་སངས་སངས་དག་པར་བསྒོམ་དུ་བཅུག་ལ། ་་་ཀྱང་ཏིང་ངེ་འཛིན་དེ་དང་ལྡན་པའི་གུ་གུལ་གྱི་དུད་པ་བཏང་། རོལ་མོའི་སྒྲ་དང་བཅས་པས་རྒྱུད་སྡེ་ལྔའི་སྙིང་པོ་བརྗོད་པའི་མཐར། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་པས་ལུས་ལ་སྐུའི་བྱིན་རླབས་གཞུག་གོ །ཡང་རང་ལུས་འདི་ནང་མཆོད་ཤ་ལྔ་དང་། བདུད་རྩི་ལྔར་ལྟོས་མེད་དུ་ཕུལ་ལ་གསང་དབང་ཞུ། ་་་
ཡང་ལུགས་གཉིས་པ་ནི། ཕྱོགས་བཞིའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས། དབུས་ཀྱི་བླ་མ་ལ་ཐིམ། བླ་མ་འོད་ཀྱི་རང་བཞིན་ལྡེམ་ལྡེམ་འདུག་པ་དང་རང་གི་སྤྱི་གཙུག་ཏུ་བྱོན། ་་་
བླ་མའི་སྐུ་ཡི་དཀྱིལ་འཁོར་ལས། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པ་མ་ལུས་རྣམས། །ཚེ་འདི་ཉིད་དུ་བགྲོད་པར་འགྱུར། །ཅེས་སོ།
འདི་བྲིས་དམ་པ་གང་ཡོད་དེས། ནམ་མཁའི་མཐས་ཁྱབ་སེམས་ཅན་གྱིས། རིགས་དྲུག་སྡུག་བསྔལ་ཀུན་བྲལ་ནས། ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །།
ཡང་ལུགས་གཅིག་ལ། བླ་མའི་གནས་གསུམ་གྱི་ཡིག་འབྲུ་མཐིང་གར་ཡོད་པ་ལ་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་མཐིང་ག་དཔག་ཏུ་མེད་པ་ཆད་ནས། གནས་གསུམ་དུ་ཐིམ་པས་དབང་གསུམ། ལྟེ་བ་ནས་འོད་མཐིང་ག་དཔག་ཏུ་མེད་པ་ཆད་ནས། ལྟེ་བར་ཐིམ་པས། མཐར་སྟོང་སངས་ཀྱི་འོད་དུ་ཡལ་བའི་ངང་ལ་བཞག་པ་ནི་བཞི་པའོ། །འདི་ཟབ་ལམ་ཡིན་གསུང་ངོ་།
།མཁས་གྲུབ་རིན་པོ་ཆེ་ཤངས་སྟོན་ལ་ཁྱུང་པོ་བདག་གི་ཞུས་སོ།
།གའུ་མའི་དབང་གི་རྗེས་གནང་ཟབ་མོ་གཅིག་བརྒྱུད་མའོ།