Bla ma zhang zhong pa'i rlung shing rta can
Resource ID | SCv7p655 |
---|---|
Title | bla ma zhang zhong pa'i rlung shing rta can |
Topics | Various |
Author | Khyungpo Neljor |
༄༅། །བླ་མ་ཞང་ཞོང་པའི་རླུང་ཤིང་རྟ་ཅན་ནི།
བླ་མ་དམ་པའི་ཞབས་ལ་གུས་བཏུད་ནས། །མན་ངག་རིམ་པ་བྲི་བར་བྱ། །རླུང་ཤིང་རྟ་ཅན་ཞེས་བྱ་བ། བླ་མ་དམ་པ་ཨ་དྭ་ཡ་བཛྲ་ནས་བརྒྱུད་པའི་གདམས་ངག་འདི་ལ་གདོན་གཉིས་ཏེ། ལས་དང་པོ་པ་ཆོ་གས་རྒྱུད་སྨིན་པར་བྱ་ཞིང་། །སྣོད་དུ་རུང་བའི་ཕྱིར་རླུང་སེམས་བཙན་ཐབས་སུ་བཟུང་བའི་གདམས་ངག་དང་། །དངོས་གཞི་གཉིས་སོ།
དང་པོ་རྟེན་གྱི་གང་ཟག་དབང་བཞི་ལེགས་པར་ཐོབ་ཅིང་། །དམ་ཚིག་མ་ཉམས་པས། བླ་མ་མཉེས་པར་བྱས་ནས། ལན་མང་དུ་གསོལ་བ་བཏབ་ལ་ཞུ་བར་བྱའོ།
།དེ་ལྟ་བུའི་སློབ་མ་དེ། བླ་མ་དམ་པ་མཚན་ཉིད་བཞི་དང་ལྡན་པས་རྗེས་སུ་འཛིན་པར་འདོད་ནས་འདི་ལྟར་བྱ་སྟེ།
དང་པོ་ཟླ་བ་ཡར་གྱི་ངོ་ཚེས་གྲངས་དང་། །སྐར་མ་དང་། །དུས་ཚོད་བཟང་པོའི་ཚེས། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་དང་། །ཚོགས་ཀྱི་འཁོར་ལོ་དང་། །གཏོར་མ་ལ་སོགས་པ་བཟང་པོ་བཤམས་ལ། ཤིང་ཁྲུ་དོ་སོར་བཞི་བཞི་ཙམ་པ་གཅིག་ལ་ཁྲི་གཉིས་བྱས་ལ། དིའི་སྟེང་ན་ཕར་ཤིང་ཁྲུ་དོ་ལྟག་པ་གཅིག་བཏང་ལ། ཤིང་རྐང་གཉིས་ཀྱི་འོག་ནས་ཡར་ལ་གཞུ་སྲད་བུ་དང་བཅས་པ་གཉིས་བཅིངས་ལ། དེ་ལ་སློབ་མ་བསྐྱོན་ལ་གདམས་ངག་བསྟན་པར་བྱ་སྟེ། སློབ་མའི་སྟེང་རླུང་འོག་རླུང་སྡོམ་དུ་བཅུག་ལ་རྐང་པའི་མཐེ་བོང་གཉིས་ཀྱི་བར་དུ་གཞུའི་ཆངས་ཟུངས་རེག་ཙམ་དུ་བྱས་ལ། ལག་པ་གཉིས་བསྣོལ་ལ་རང་གི་ལུས་ཀྱི་ནང་ཁོང་སྟོང་དུ་ཡོད་པའི་དཀྱིལ་དྲང་པོ་ན་ཡར་ལ། རྩ་ཨ་ཝ་དྷུ་ཏཱི་ཡོད་པའི་ནང་ན་ཡར་ལ། རང་གི་ཤེས་པ་གཞུའི་སྦྲེང་སྒྲས་རྐྱེན་བྱས་ནས། ཕྱུ་རུ་རུ་སོང་ནས་མདའ་ལྟར་འཕང་བ་དང་། །འདར་བ་ལ་སོགས་པ་འབྱུང་སྟེ། དུས་དེ་ཙ་ན། རང་གིས་གམ་དུ་བསྡད་དེ་ཚོད་བཟུང་། རོལ་མོ་རྣམ་པ་སྣ་ཚོགས་པའི་སྒྲ་བརྡུང་། །གུ་གུལ་གྱི་དུད་པས་བགེགས་བསྐྲད། བླ་མ་ལ་ཡང་གསོལ་བ་གདབ་སོ། །དེ་ལྟར་བྱས་པས་ཤེས་པ་ཡར་ལ་འཕྱོན་གཅོད་པ་ལ་སོགས་པ་བྱའོ།
།དེ་ནས་མ་བྱུང་ན་ཤེས་པ་སྒྲིམ་དུ་བཅུག་ལ་དད་གུས་བསྐྱེད་ལ། ལག་པ་གཉིས་སྤྱི་བོའི་སྟེང་དུ་རྙོགས་ཚད་དུ་ཐལ་མོ་སྦྱོར་དུ་བཅུག་ལ། འོག་ཏུ་རླུང་གི་དཀྱ
ལ་འཁོར་གཞུའི་དབྱིབས་ཅན་བསམས་ལ། རང་གི་གསང་བའི་རྡོ་རྗེ་མདའ་རུ་བསམ་ལ། གཞུའི་སྦྲེང་སྒྲས་རང་གི་ཤེས་པ་ཨ་ཝ་དྷུ་ཏཱི་ནས་ཡར་ལ་བཏོན་ལ། ཉི་ཟླའི་བར་དུ་འཕང་ངོ་། །དེས་ངེས་པར་འབྱུང་ངོ་།
།ད་ནི་བསྒོམས་པའི་དངོས་གཞི་ལ་བཞི་སྟེ། སྦྱོར་བ་དོན་གྱི་གདམས་ངག །ཡི་གི་དོན་གྱི་གདམས་ངག །དེ་ཁོ་ན་ཉིད་ཀྱི་གདམས་ངག །ཕྱག་རྒྱ་ཆེན་པོའི་གདམས་ངག་གོ
།དེ་ལ་དང་པོ་སྦྱོར་བ་དོན་གྱི་གདམས་ངག་ནི། ངོན་ལ་བསྐྱེད་རིམས་ཡིན་གསུང་སྟེ། རང་ཉིད་དང་པོ་དབང་བསྐུར་བའི་དུས་ཉིད་ནས། སེམས་དཔའ་གསུམ་བརྩེགས་སུ་ཡོད་པའི་རང་གི་འོག་སྒོའི་ཐད་ཀའི། ལྟེ་བའི་ཐད་ཀ་ནས་ཡེ་ཤེས་སེམས་དཔའ་སྔ་མ་ལྟར། རྩ་ཨ་ཝ་དྷུ་ཏཱིའི་ནང་ན་ཡར་ལ་ཕྱུ་རུ་རུ་བསྟོན་ལ། སྟེང་ན་ཡར་ཉི་ཟླ་ཐུག་པར་མདའ་ལྟར་འཕངས་ལ་བཏང་། །ནམ་མཁའ་ལྟར་རྒྱ་བསྐྱེད་དེ། དེ་ཐམས་ཅད་ལྷ་ཡེ་ཤེས་སེམས་དཔར་བྱས་ལ་དེ་ལ་ཤེས་པ་གཏད། དབུགས་ཀྱི་མི་ཐུབ་པ་འདྲ་ན་ཡར་མར་ལ་ཞུགས་པར་བསམ་མོ།
།གཉིས་པ་ཡི་གེ་དོན་གྱི་གདམས་ངག་ནི། ཡང་རང་གི་ལྟེ་བ་ན་ཡར་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱི་བར་དུ་རང་གི་ཡི་དམ་གྱི་སྔགས་སྔ་མ་ལྟར་ཕྱུ་རུ་རུ་སོང་བར་བསམས་ལ། མདའ་ལྟར་འཕངས་ཏེ་གྱེན་ལ་ཉི་ཟླ་ལ་ཐུག་པར་འཕངས་པར་བསམ། ནམ་མཁའ་ལྟར་རྒྱ་བསྐྱེད་པ་སྟེ། ཐམས་ཅད་སྔགས་སུ་བསམ་མོ། ཡང་སྔ་མ་ལྟར་ཐམས་ཅད་རང་ལ་ཐིམ་པར་བསམ་མོ།
།གསུམ་དེ་ཁོ་ན་ཉིད་ཀྱི་གདམས་ངག་ནི། ཡང་རང་གི་ལྟེ་བ་ནས་སྟོང་པར་སོང་བར་བསམ་སྟེ། ཡང་ཤེས་པ་མདའ་ལྟར་འཕང་། །ནམ་མཁའ་ལྟར་རྒྱ་བསྐྱེད་དེ་ཐམས་ཅད་སྟོང་པར་བསམ་མོ།
།བཞི་པ་ནི། དེ་ཐམས་ཅད་ཟུང་འཇུག་སྟེ། ལྷ་ཡང་ཡིན། སྔགས་ཡང་ཡིན། སྟོང་པ་ཡང་ཡིན་ཏེ། གཉུག་མ་རང་བཞིན་མེད་པའི་གནས་ལུགས་དེ་ལ་ཤེས་པ་མ་བཅོས་པར་འཇོག་པའོ།
།དེ་ལྟར་དུ་བཞི་ཅར་བསྒོམས་པས། འཇོག་ཁར་སེམས་དཔའ་གསུམ་རྩེགས་སུ་ཡོད་པའི་ཏིང་ངེ་འཛིན་སེམས་དཔའ་ཀླུ་སྒྲུབ་ལྟར། ཧཱུྃ་དུ་ཡོད་པ་ལ་སྔགས་པ་ཀྱིས་བསྐོར་ནས་ཡོད་པར་བསམ་མོ།
།བྱིང་རྒོད་བྱུང་ན་མདའ་ལྟར་འཕང་བ་དང་། །ནམ་མཁའ་ལྟར་རྒྱ་བསྐྱེད་པ་སྟེང་འོག་ཏུ་བྱའོ།
།མ་ལེགས་རན་ཙམ་ན། མཁའ་འགྲོས་བཟོད་པར་མཛོད། །དེའི་དགེ་བ་བྱང་ཆུབ་ཏུ་བསྔོ། །བླ་མ་དམ་པ་ཁྱུང་པོ་རྣལ་འབྱོར་པའི་གསུང་བཞིན་དུ་ལེགས་པར་བྲིས་པའོ། །རྫོགས་སོ། །ལྟ་བ་མ་བཅོས། བསྒོམ་པ་མི་རྟོག །གྲོགས་སྟོང་གསལ། ཐབས་མ་ཡེང་པའོ།།