Bla ma zhong zhong pa'i rlung shing rta can

From Shangpa Resource Center








Resource ID SCv7p639
Title bla ma zhong zhong pa'i rlung shing rta can
Topics Prana
Author Khyungpo Neljor
Associated Person Rahula
Link BDRC W23922
BDRC W3CN18508 (v2p.514)
Notes According to the biography of Khyungpo Neljor, Rahula transmitted him rlung shing rta can but this text could be more likely bla ma zhang zhong pa'i rlung shing rta can.

༄༅། །བླ་མ་ཞོང་ཞོང་པའི་རླུང་ཤིང་རྟ་ཅན་ནི།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
དང་པོ་རྗེ་བཙུན་བྷི་ཏ་ཀར་མ་ལས་བདག་གིས་ཐོས་པའི་དོན་རླུང་འབྱུང་འཇུག་གི་གནས་ཡོངས་སུ་སྨིན་པར་བྱ་བ་ནི།
༼ཡེ་ཤེས་ལེའུ།༽དུས་ཀྱི་འཁོར་ལོ་ལས། ཚེས་གཅིག་སྔ་དྲོ་ཟླ་བ་སྟེ། །ཉི་ཤུ་གཉིས་ལ་ཆ་སྙོམས་པ།
༼ཁ༽།སྟོང་པའི་སྲོད་ལ་ཉི་མ་རྒྱུ།
༼ང༽།ཚེས་བརྒྱད་ཐོ་རངས་རླུང་ཉིད་དོ། །ཞེས་འབྱུང་བའི་ཕྱིར་རོ།
༼ཀ༽༼ཚད་པ་ཤས་ཆེ་བས།༽།ཆུའི་རླུང་བཟུང་པར་འདོད་ན། དང་པོ་དཀར་པོའི་ཚེ་གཅིག་གི་སྔ་དྲོ་ནས་བརྩིས་པར་བྱའོ།
༼གྲང་བ་ཤས་ཆེ་བས།༽།མེའི་རླུང་བཅིང་བར་འདོད་ན། ནག་པོའི་ངོ་བོ་བཅོ་ལྔའི་སྲོད་ནས་བཟུང་པར་བྱའོ།
༼ག༽༼ཆ་སྙོམས་པའམ་འདུས་པ་ཤས་ཆེ་བ།༽།ཆ་མཉམ་པའི་རླུང་ནི། ཉི་ཤུ་རྩ་གཉིས་ཀྱི་ཉི་མ་ཕྱེད་པའི་དུས་ནའོ།
༼རླུང་ཤས་ཁྱད་པར་དུ་ཆེ་བ།༽རླུང་ཆེན་པོ་བཟུང་བ་ནི། དཀར་པོའི་བརྒྱད་ཀྱི་ཐོ་རངས་ནའོ།
།དེ་ཡང་ཉམས་སུ་བླང་པའི་དོན་ནི་དྲུག་སྟེ། རླུང་བཟུང་པ་དང་། །སྦྱང་བ་དང་། འཕེལ་བར་བྱ་བ་དང་། དབང་དུ་གྱུར་པར་བྱ་བ་དང་། །རྒྱས་གདབ་བ་དང་། ཟུང་དུ་འཇུག་པའོ།

།དང་པོ་བཟུང་བ་ནི། རྐྱེན་འཚོགས་པས་བཟུང་བ་དང་། །ཤེས་པའི་སྟོབས་ཀྱིས་བཟུང་བའོ།
དང་པོ་རྐྱེན་འཚོགས་པས་བཟུང་བ་ནི། །བདུད་རྩི་རྣམ་པ་ལྔ་དང་། །བའི་འོ་མ་ཤིན་ཏུ་དུ་བས་ལུས་སྦྱངས་ཏེ། ཨ་རུ་ར་མུར་བས་ཞག་ལྔའམ། བདུན་དུ་ཅི་བདེར་གནས་པར་བྱའོ།
།དེ་ནས་ཤིག་གི་ཁྲི་རྟའི་དབྱིབས་ལྟ་བུ་ཁྲུ་དོའི་ཚད་བྱས་ལ། དེ་ལ་སྲད་བུ་དང་ལྡན་པའི་གཞུ་གཉིས་བཅིངས་ཏེ། དེ་ལ་གང་བསྒྲུབ་པར་བྱ་བའི་དངོས་པོ་རྐང་པ་རེག་པ་ཙམ་དུ་བྱས་ལ། གཞུའི་སྲད་བུ་འཕྲེང་ཞིང་། །ཕྱོགས་ཀུན་ཏུ་རོལ་མོ་དཀྲོལ་སྟེ། ཤེས་པ་ནམ་མཁའ་ལ་གཏད་ལ་འོག་སྒོ་བསྡམ་པར་བྱའོ། །དེ་དག་གིས་འོག་གི་རླུང་དབང་དུ་འགྱུར་རོ།
།དེ་ནས་ལུས་བྱ་ཁྭ་ཏའི་༼ལུས་ཙོག་པུར་འདུག་ལ་བསྐུམ་པ་ལ་རྐང་པ་ཤ་ལ་རེག་པ་བྱ།༽རྣམ་པ་ལྟར་དུ་བྱས་ལ། འོག་ཏུ་སྲད་བུ་དང་ལྡན་པའི་གཞུ་གཅིག་གྱེན་དུ་བལྟ་བའི་ཚུལ་གྱིས་བཞག་སྟེ། མཐེ་བོང་གཉིས་རེག་པ་ཙམ་བྱས་ལ། རླུང་གི་དཀྱིལ་འཁོར་གྱིས་འདེགས་པར་བསམ་ཞིང་། །འོག་སྒོ་བསྡམས་ལ། དབང་པོའི་ཚོགས་བདུག་པས་བདུག་པར་བྱའོ། །རོལ་མོ་རབ་ཏུ་བརྒྱན་ལ་ཧཾ་བསྲོ་བར་བྱའོ། །འདི་དག་གིས་ནི་སྟེང་གི་རླུང་ཟིན་པར་འགྱུར་རོ།
།དེ་ནས་སྨིན་མཚམས་དང་གསང་བའི་རྡོ་རྗེའི་རྩ་བར། ཧཾ་དཀར་པོ། ཨ་དམར་པོ་བསམ་སྟེ། སྟེང་དང་འོག་གི་སྒོ་གཉིས་ཀ་གོ་རི་མས་ཀྱིས་མཐར་ནུས་ཚད་དུ་བསྡམས་ཏེ་གནས་པར་བྱའོ།
།དེ་ནས་བདེ་བ་ཤས་ཆེན་འོག་གི་རླུང་སྒོ་སློད་ལ། སྟོང་པ་ཤས་ཆེན་སྟེང་སྒོ་སློད་པར་བྱའོ། ༼ཨ་ཝ་དྷུ་ཏིར་ཤེས་པ་ཡར་འགྲོ་མར་འགྲོ་བྱས་ལ་ཡི་གེ་གཉིས་བལྟ་རེས་བྱའོ།༽།མཉམ་ན་ཟུང་དུ་ཞུགས་པར་མནན་ལ་ཤེས་པ་ཡན་མན་དུ་གཏད་ལ་རེ་མོས་བྱའོ།
།དེ་ནས་རླུང་གི་སྟོབས་ཀྱིས་བདེ་བ་ལུས་ལ་འཕེལ་བས། ལུས་འཕར་བ་དང་། འཕགས་པ་དང་། རྒྱུག་པ་དང་། འཆོང་བ་དང་། ངག་མུ་ཅོར་སྣ་ཚོགས་པ་དང་། ང་རོ་སྒྲོག་པ་དང་། ཡི་གཟའ་གཏད་མེད་པ་དག་འབྱུང་སྟེ། དེ་དག་བག་ཡོངས་སུ་བཏང་ན་ཤིན་ཏུ་ཕན་པར་འགྱུར་ཏེ། ༼ལོག་གནོན་བདུན་རླུང་རྒོད་ཞི་བར་འགྱུར་རོ།༽དེ་དག་བཟློག་པར་འདོད་ན། རླུང་གི་སྣའི་རྩེ་མོ་ན་གནས་པ། ཁབ་ཤིན་ཏུ་རྣོ་བ་སྣའི་རྩེ་མོར་བསྣུན་ཏེ། ཁྲག་ཐིག་གཅིག་དབྱུང་པར་བྱའོ།
།སྤྱི་གཙུག་དང་སྙིང་གར་བདུད་རྩི་དང་མའི་ཚིལ་བུས་བྱུགས་ཏེ།༼རླུང་སྨྱོ་ཞི་བར་འགྱུར་རོ།༽ གཡེར་མ་སྲིན་མ་ཞུགས་པས་མཉེ་བར་བྱའོ།
༼ཁྱབ་བྱེད་གྱེན་དུ་ལོག་པ་ཞི་བར་འདོད་ན།༽།ནང་པར་ལྟོ་སྟོང་ལ་ཆུ་ཤིན་ཏུ་དུ་བའི་ནང་དུ་ཏ་ཁུའི་༼ཕོ་དང་མི་ཏོག་ཐུར།༽ཕྱི་མ་ཁྱོར་རེ་བཏབ་ལ་བཏུང་བར་བྱའོ།
༼ཤ་འཐས་བར་དུ་ཞུགས་པ་ནི།༽།ཚིགས་པ་ཇི་སྙེད་པ་དག་ལ་འབྲུ་མར་དང་། གཡེར་མ་སྲིན་གྱིས་མ་ཁྱེར་བའམ་ཕྱེ་མ་བསྲེས་ལ་བྱུག་པར་བྱའོ།
༼རླུང་སྤྲུགས་ཀྱི་སྦྱོར་བ་ནི།༽།ཤེས་པ་འོག་གི་སྒོར་ཡྃ་སྔོན་པོ་ལ་གཏད་པར་བྱའོ།
།འདི་དག་གིས་ནི་རླུང་རྒོད་ཀྱི་དུག་དང་། རླུང་སྨྱོ་དང་། ༼གྱེན་དུ་བདུད་གྱེན་དུ་རྒྱུག༽།ཁྱབ་བྱེད་དུ་ལོག་པ་དང་། ༼ལུས་བཀྲང་པ།༽།རླུང་ཤ་འཐས་བར་དུ་ཞུགས་པ་དང་། ༼མགྲིན་ཆུ་གྲང་མོ་གདབ།༽རྩུབ་མའི་སྦྱོར་བ་ཞི་བར་འགྱུར་རོ།
༼མགྲིན་པར།༽།རླུང་འཁྱིམས་ན་ཤེས་པ་ཚངས་པའི་བུ་གར་ཕྱུང་སྟེ། སྟེང་གི་རླུང་སྦྱང་བར་བྱའོ།
༼ཚངས་པའི་བུ་ག་དང་འོག་སྒོ།༽།རླུང་སྟང་འོག་ཏུ་རྒྱུ་བ་ནི་འབྱུང་བའི་སྒོ་གཉིས་སུ་གཏད་དོ།
༼ཡས་མར་གྱི་རླུང་གཅིག་ཏུ་བརྩི།༽།ཤེས་པའི་སྟོབས་ཀྱིས་བཟུང་བ་ནི། །དང་པོ་རླུང་དྲང་པར་བྱའོ། ༼ཨོཾ་འཕྲོ་བ། ཨ་གནས་པ། ཧཱུྃ་བསྡུ་བའི།༽།གཉིས་པ་རྡོ་རྗེ་བཟླས་པ་བྱའོ། ༼ཕྱེད་ཕྱིར་འཐོན་ལ་ནང་དུ་རྔུབ།༽།གསུམ་པ་འཐོན་པར་བྱའོ། །༼སྟོང་༽བཞི་པ་༼སྒོ་བཅད།༽མནན་པར་བྱའོ། ༼མགྲིན་པར་ཡིག་འབྲུ་ལ་གཏད།༽ལྔ་པ་གཟུང་པར་བྱའོ། །དྲུག་པ་ཤེས་པ་ལྟེ་བར་གཏད་པ་དང་། །དེ་ཡང་ཡིག་འབྲུ་ལ་གཏད་པ་དང་། །ཚོགས་དྲུག་དགག་པ་དང་། །སྟེང་སྒོ་གཅད་པ་དང་། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅའ་བ་དང་། །ལུས་ཆ་བསྒྲིམ་པ་དང་། ༼ཡར་ལ་འཐོན།༽།འོག་སྒོ་དྲང་པར་བྱ་སྟེ། འདི་དག་གིས་ནི་གོང་བཞིན་དུ་འགྱུར་རོ།

།འདི་དག་སྦྱང་བར་བྱ་བ་ནི། ༼ཡར་རྩེ་མར་རྩེ།༽སྤྱི་གཙུག་ལྟེ་བ་ནས་སོར་བཞི་བཅལ་བར་ཡན་ཆོད་དུ་རྩ་ཁ་དོག་དམར་བ་སྦོམ་ཕྲ་གྲོ་སོག་གི་སྦུ་གུ་ཙམ་པ། རྩེ་མོ་དང་རྩ་བ་གཅིག་ཏུ་འདུས་པ། སྲད་བུ་དབྱངས་ལ་བཏགས་པ་ལྟ་བུའི་རྣམ་པར་བསྒོམ་པར་བྱའོ།
།དེ་ནས་དབུགས་ནང་དུ་འདྲེན་པའི་ཚུལ་གྱིས་ཨེ་ཝཾ་༼དཀར་དམར།༽གཉིས་གཡས་དང་གཡོན་དུ་གོ་རིམས་ཀྱི་མདོར་དབབ་པར་བྱའོ།
།དེ་ནས་འོག་གི་སྒོ་བསྡམ་ཞིང་ཧཱུྃ་དང་ལྡན་པའི་རྩོལ་བ་དག་གི །ཨ་ཝ་དྷུ་ཏཱིར་ཆུད་དེ་སྤྱི་༼ཨེ་ཝཾ་ཆ་མཉམ་དུ་ཡར་དྲངས་ཏེ།༽གཙུག་ཏུ་དྲང་པར་བྱའོ།
དེ་ལ་གོམས་པར་བསྒོམས་པ་དང་། ལུས་རྐྱལ་དྲོད་འོ་མས་གང་པ་སྙམ་བྱེད་པའི་བདེ་བས་གང་པ་དང་། །ལུས་ཡང་པས་ཏེ་ཆུ་ལ་མི་བྱིང་པ་སྙམ་པ་དང་། །མཐོང་བ་དག་ལ་ཡང་སྐད་ཅིག་གཅིག་གིས་ཕྱིན་སྙམ་པ་དང་། བཟོ་མདོག་བདེ་བ་སྟེ། བདག་གི་ལུས་ལ་གྲིབ་མ་མེད་དོ་སྙམ་པ་དང་། །འགྲོ་བའི་དུས་སུ་ས་ལ་མི་རེག་གོ་སྙམ་པ་འབྱུང་ངོ་།
།དེ་དག་གིས་དུས་སུ་རླུང་འཕེལ་བར་བྱ་བ་ནི། བདེ་བ་དང་བཅས་པར་བྱ་བ་སྟེ། དེ་ཡང་ལས་ཀྱི་ཕྱག་རྒྱ་དང་དབང་གསུམ་པའི་ཉམས་སུ་མྱོང་བས་ངེས་པར་བྱ་སྟེ། ལུས་ཁོང་སྟོང་བསྒོམས་ལ། ལྟེ་བའི་ཐད་ཀར་རླུང་གི་འཁོར་ལོ་རྩིབས་བརྒྱད་པ་རྒྱ་ཆེ་བའི་རྣམ་པ་བསམས་ཏེ། ལྟེ་བ་ལ་ཨེ་ཝཾ་༼གྲུ་གསུམ་ཐིག་ལེ་ཅན། འཁོར་ལོ།༽བསམ་ལ། ནམ་མཁའ་ལྟར་རྒྱ་ཆེ་བར་བསྐྱེད་པ་དང་། །འཁོར་ལོ་ལྟར་ཐོག་མེད་པར་བསྐོར་བ་༼ཡིད་ལ།༽དང་། །མདའ་ལྟར་ཐག་སྲིང་པར་བྱའོ།
།དེ་ནས་བདག་གཞན་དུ་༼དབང་པོ་ཕྱིར་ལྟ་བའི་དུས་སུ།༽མཉམ་པའི་ཉམས་སུ་མྱོང་བ་སྐྱེས་པ་དང་།

།དབང་དུ་གྱུར་༼གསེར་གྱི་འབིགས་པ་ལྟར།༽པར་བྱ་བ་ནི། བདེ་བ་དང་གཉིས་སུ་མེད་པར་བསྒོམ་པར་བྱ་སྟེ། དེ་ལ་དང་པོ་སྦྱོར་བའི་དོན་དང་། །གཉིས་པ་༼ཨེ་ཝཾ་༽ཡི་གེའི་དོན་བསྒོམ་པར་བྱའོ། །དེ་ནི་གདམས་ངག་ལས་ཤེས་པར་བྱའོ།

།དེ་ནས་རྒྱས་གདབ་པར་བྱ་བ་ནི། རང་ལུས་ཤེས་པ་རྣམ་པ་གསུམ་ལས། དེ་ལས་གཞན་པའི་ཤེས་པ་མི་སྐྱེ་སྟེ། དེ་བདག་ཉིད་རྣམ་པ་གསུམ་རོ་མཉམ་པར་བྱའོ།
།དེ་ཡང་བདེ་བར་རོ་མཉམ་པ་ནི། མཚན་དང་ལྡན་པའི་ཕྱག་རྒྱ་གུར་གུམ་ཆུས་ལེགས་པར་བྱུགས་ཏེ། དངུལ་ཆུ་གཡའ་༼བ་པེའུའི་ཚེ་མ་བུ་དང་། བའི་འོ་མས་ཆུ་བྱས་དེ་ཚ་བ་གསུམ་གྱི་ཕྱི་མའི་ནང་དུ་བརྐོའོ།༽ཕྱུང་པ་དག་བྷ་གའི་ནང་ཐིག་པ་གཉིས་བླུག་སྟེ། ཕྱག་རྒྱ་དེ་༼ཙོག་ཙོག་པུར་འདུག་པ།༽དག་ཆང་གིས་ལུས་སྦྲིད་པར་བྱས་ལ། སྟེང་གི་རླུང་གནོན་དུ་གཞུག་གོ
།དེ་ནས་བསྲུབ་པ་དང་བསྲུབ་པའི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་གནས་འཕགས་པའི་ཚོགས་བྱེད་པ་དང་། ༼ཆུ་ལ་ཕོ་ལ་ཁར་གང་ཕྱུང་བ།༽།འགྲོན་བུའི་རྒྱལ་པོའི་ནང་དུ། དངུལ་ལེགས་པར་བླུག་ལ། རྐང་མཐིལ་གྱི་དྲེག་པས་བཅད་དེ། ཚེས་བཅུ་བཞིའི་ནུབ་མོ་སྙོམས་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བྱུགས་ཏེ། ལྕེའི་འོག་ཏུ་བཅུག་ལ། བྱང་ཆུབ་ཀྱི་སེམས་ནོར་བུའི་ནང་དུ་ལྷགས་པ་དང་། །འོག་གི་སྒོ་བསྡམས་ལ། སྟེང་གི་རླུང་མནན་པར་བྱའོ།
།དེར་བདེ་བ་ཇི་ལྟར་སྐྱེས་པ་དེ་དག་ཡིད་རང་ལ་དྲན་པར་བྱས་ལ། དབུགས་རེ་རེ་ལ་ཧཱུྃ་ཧཱུྃ་དགུ་དགུ་བསྲིངས་པའི་དབུགས་ཀྱིས་རབ་ཏུ་དྲངས་པར་བྱའོ།
།དེ་ནས་ཤེས་པ་ལྟེ་བར་གཏད། ཧྲིཾ་གིས་དྲངས་པར་བྱའོ། །སྙིང་གར་གཏད་ལ་ཨུཥྞིཥ་དགུ་བྱའོ། །མགྲིན་པར་གཏད་ལ་སྟག་མོའི་སྐྱུགས་སྟངས་བྱའོ། །ཤེས་པ་སྨིན་མཚམས་སུ་གཏད་ལ་སེང་གེའི་རྔུར་བསྟངས་བྱའོ། ༼འོག་སྒོ་བསྡམས་ལ་གྱེན་ལ་སྦྲེང་རྩ་ནང་དུ་བཟློག༽།སྤྱི་གཙུག་ཏུ་གཏད་ལ་རྩ་རྣམ་པ་གསུམ་གྱི་སྦྱོར་བའོ།
།དེ་དག་ཏུ་སྐྱེས་པའི་བདེ་བ་དང་། །སྣང་གྲགས་ཐ་མི་དད་པ་གཉིས་པར་སྦྱོར་བ་ནི་བདེ་བར་རོ་མཉམ་པའོ།
།དེ་ནས་སྟོང་པར་རོ་མཉམ་པ་ནི། དེ་ནས་ཚོགས་དྲུག་དང་སྟེང་གི་སྒོ་བཅད་ལ། ཡི་གེ་༼ཐིག་ལེ་གྲུ་གསུམ།༽ཧཱུྃ་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ཅན་གྱིས། རླུང་ཁྲིད་དེ། མདའ་ལྟར་འཕང་། ཐག་བསྲིངས་ལ་གཏད་དོ། ༼འཁོར་ལོ་བཞིའི་ཚེགས་ལ།༽།དེའི་དུས་སུ་མར་གྱིས་བཀུ་བ་ལན་མང་དུ་བྱའོ།
།དེ་ནས་ཤེས་པ་མི་རྟོག་པ་ཁྱད་པར་ཅན་སྐྱེས་པ་དང་། །སྣང་གྲགས་ཀྱི་ཆོས་ཐམས་ཅད་དེ་ལྟར་གཉིས་མེད་དུ་བྱའོ།
།དེ་ནས་རྣམ་པར་རྟོག་པ་རྩ་དབུ་མར་འཛུད་པ་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ་རྡོ་རྗེ་བསྡམས་པ་སྤྲུག་སྟེ། ལུས་ཆ་སྒྲིམས་ནས། མིག་བཙུམས་༼མིག་གྱེན་ལ་བཟློག༽ལ་འགྱུར་བའི་ལྟ་སྟངས་ཅུང་ཞིག་བྱས་ཏེ། རྩ་གསུམ་སྲད་བུ་བཅངས་ལ་བཏང་པ་ལྟ་བུའི་ནང་དུ། བཾ་ཧཾ་ཨེའི་རྣམ་པ་དཀར་བ་དང་། །སྔོ་བ་དང་། །དམར་བའི་རྣམ་པ་དེ་དག །རླུང་ནང་དུ་དྲངས་པའི་ཚུལ་གྱིས་རྩ་གསུམ་འདུས་པའི་མདོ་རུ་ཕྱིན་པར་བྱའོ།
།དེ་ནས་ཡི་གེ་གསུམ་རྩ་དབུ་མར་ཚུད་དེ། འོག་གི་སྒོ་བསྡམས་ལ། རྡོ་རྗེ་བསྡམས་པ་ཐུར་ལ་སྤུབ་སྟེ། མིག་གྱེལ་ལ་ཟློག་ལ་ཧཱུྃ་དང་ལྡན་པའི་རླུང་གིས་སྤྱི་གཙུག་ཏུ་དྲང་པར་བྱའོ། །དེ་ལྟར་ལན་མང་དུ་ཤིན་ཏུ་སྦྱང་པར་བྱའོ།
།དེ་ལ་གོམས་པ་དང་མདོ་གཉིས་སུ་༼མདོར་༽ཨེ་ཝཾ་༼སྤྱི་བོར་༽བཀོད་དེ། རྩ་དབུ་མར་ཤེས་པ་ཡར་འགྲོ་མར་འགྲོ་བྱའོ།
།དེ་ལ་གོམས་པ་ལས་རྟགས་རྣམ་པ་བརྒྱད་འབྱུང་སྟེ། ལུས་ཤིང་བལ་རླུང་གི་ཁྱེར་བ་ལྟ་བུ་དང་། །ཉམས་ཤེལ་གྱི་སྣོད་ཆུས་བཀང་བ་ལྟ་བུ་འམ། བསྐྱོད་པ་ལྟ་བུ་དང་། ༼གང་ལྟར་ཡང་འགྱུར་བ་སྟོབས་པོ་ཆེའི་ལུས་ལྟ་བུ།༽།འགྲོ་བའི་དུས་སུ་རྐང་པ་ས་ལ་མི་རེག་པ་སྙམ་པ་དང་། །ཤེས་པ་ཕྱི་ནང་མེད་པར་ཤེལ་དག་པ་ལྟ་བུ་དང་། །རབ་ཏུ་དགའ་ཞིང་སྤྲོ་བ་རོ་ལ་མོའི་རྣམ་པ་ལྟ་བུ་དང་། །ཟོ་མདོག་རབ་ཏུ་བདེ་བ་འབྱུང་སྟེ། འདི་དག་གི་དུས་སུ་དབང་པོའི་ཚོགས་དང་། །བ་སྤུའི་བུ་ག་ཐམས་ཅད་དུ་རླུང་གང་དུ་གཏད་པར་འབྱུང་བར་འགྱུར་རོ།

།དེ་ནས་རླུང་ཟུང་དུ་ཞུགས་པར་བྱ་བ་ནི། དེའི་དུས་སུ་ཉམས་སུ་མྱོང་བ་སྐྱེས་པ་དང་། །སྣང་གྲགས་ཀྱི་ཆོས་ཐམས་ཅད་གཉིས་ཐ་མི་དང་པར་བྱའོ།
།དེ་ནས་དེ་དག་གིས་དུས་སུ་ཤེས་པ་མི་གསལ། ལས་ཀྱི་ཕྱག་རྒྱ་ལས་མཆོག་གི་དབང་པོ་སྒོ་ཕྱེ་ལ་ཅེས་པས། དེ་ནས་མྱོང་བའི་རྟོགས་པ་དང་། །སྣང་བ་ཐ་མི་དད་པར་རོ་མཉམ་མོ། །བདེ་བ་ཤས་ཆེན་སྟེང་འོག་བསྡལས་ལ་ཤེས་པ་ནང་དུ་གཏད་ལ། དམིགས་པ་གང་ཡང་མི་གཏད་དོ། །དེས་སྐྱེ་མེད་དུ་རོ་མཉམ་མོ། །དེ་ནས་གཉིས་མེད་ཡིད་ལ་མི་བྱེད་པར་རོ་མཉམ་པ་ནི། ཕྱག་རྒྱ་ཆེན་པོ་སྟེ་གཞན་ལ་གསལ་ལོ།
བླ་མ་ཤངས་པ་གདུ་གུ་པའི་གདམས་པ་རྫོགས་སོ། །ཨྀཐི།།