Jamgön Kongtrül Treasury of Knowledge

From Shangpa Resource Center

Excerpt from shes bya kun la khyab pa'i mdzod by Jamgön Kongtrül Lodrö Thayé.

Book 4 part 3 (root text)
ཡེ་ཤེས་ཌཱ་ཀི་པཎ་གྲུབ་བརྒྱ་ལྔ་བཅུའི། །ཐུགས་མཛོད་མཐར་ཐུབ་ལྔ་ལྡན་ཁྱུང་པོས་བླངས། །བཤད་རྩོད་སྒྲུབ་པའི་ལམ་གསུམ་ཕྱི་མའི་བཅུད། །གསེར་ཆོས་རྩ་བར་གྱུར་པའི་ཆོས་སྐོར་ལྔ་།
སྔ་ཕྱིའི་བུ་དྲུག་བཤེས་གཉེན་ཁྲི་བཅོ་བརྒྱད། །སྨིན་ཞིང་གྲོལ་མཛད་ཆིག་བརྒྱུད་རྡོ་རྗེའི་རྒྱ། །རིན་ཆེན་བདུན་པ་ཆོས་རྗེ་སྟོན་པས་བཀྲོལ། །མཁས་གྲུབ་རྣམ་གསུམ་གནས་རྙིང་གདན་ས་སློབ་བརྒྱུད།
ཐང་རྒྱལ་ནི་གུའི་བཀའ་བབས་སྔ་ཕྱི་གསུམ།
ཉེ་རིང་ཉེར་ལྔ་གྲུབ་པའི་དཔའ་བོས་གསན། །ཌཱ་ཀིས་རྗེས་བཟུང་ངོ་མཚར་ཉེ་བརྒྱུད་བཅས། །གསང་བདག་སྒྲོལ་མགོན་བཀའ་སྲོལ་ཁྱད་པར་ཅན།
སྲིད་མཐའི་བྱང་སེམས་འབའ་ཞིག་ཕྲེང་བར་བརྒྱུད། །མ་ནོར་མ་བསླད་ཌཱ་ཀིའི་རྡོ་རྗེའི་ཚིག །དུས་ཀྱི་མཐར་ཡང་གྲུབ་པའི་འབྲས་བུ་སྨིན།
།མྱུར་མཛད་ཕྲིན་ལས་ལ་སོགས་མཐའ་ཡས་སོ།


Book 4 part 3 (commentary)
།ལྔ་པ་ཤངས་པ་བཀའ་རྒྱུད་ཀྱི་རིང་ལུགས་འཆད་པ་ལ་གཉིས། བཀའ་སྲོལ་ངོས་བཟུང་བ། བརྒྱུད་པ་སོ་སོའི་ཚུལ་སྨོས་པའོ།
།དང་པོ་ནི། ཡེ་ཤེས་ཌཱ་ཀི་པཎ་གྲུབ་བརྒྱ་ལྔ་བཅུའི། །ཐུགས་མཛོད་མཐར་ཐུབ་ལྔ་ལྡན་ཁྱུང་པོས་བླངས། །བཤད་རྩོད་སྒྲུབ་པའི་ལམ་གསུམ་ཕྱི་མའི་བཅུད། །གསེར་ཆོས་རྩ་བར་གྱུར་པའི་ཆོས་སྐོར་ལྔ་།
།རྡོ་རྗེ་འཆང་དངོས་ལས་ཆོས་གསན་པའི་ཡེ་ཤེས་ཀྱི་ཌཱ་ཀྱི་ནི་གུ་མ་དང་། སུ་ཁ་སིདྡྷི་རྣམ་པ་གཉིས། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་རྣམ་བཞི་སོགས་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ཆོས་ཀྱི་མཛོད་མ་ལུས་པ་མཐར་ཐུག་ལྔ་ལྡན་ཁྱུང་པོ་རྣལ་འབྱོར་གྱིས་བླངས།
དེའང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དེ་ཉིད་བོན་དང་རྙིང་མ་ལ་རིམ་གྱིས་མཁས་ཤིང་གྲུབ་པ་ཐོབ་ཀྱང་བྱང་ཆུབ་སྤྱོད་པའི་སྨོན་ལམ་དུས་སུ་སོན་པས་འཕགས་ཡུལ་ནས་མདོ་རྒྱུད་ཀྱི་ཟབ་ཆོས་བཙལ། གཏུམ་མོ་སྟོན་པའི་མཐར་ཐུག་དགྱེས་མཛད། ལས་རྒྱ་མཐར་ཐུག་བདེ་མཆོག །སྒྱུ་ལུས་འོད་གསལ་མཐར་ཐུག་གསང་འདུས། རྨི་ལམ་མཐར་ཐུག་མ་ཧཱ་མཱ་ཡཱ། ཕྲིན་ལས་མཐར་ཐུག་རྡོ་རྗེ་འཇིགས་མཛད་དེ་རྒྱུད་སྡེ་ལྔ་སྐུའི་གནས་ལྔར་དངོས་སུ་གྲུབ་པས་མཚོན་མདའ་བསྣུན་ཞབས་སོགས་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྣམས་དང་མི་གཉིས་པའི་གྲུབ་པའི་ས་ལ་བཞུགས་པ་དེས་གཙང་གཡས་རུ་ཤངས་ཀྱི་ཞང་ཞོང་དུ་གདན་ས་མཛད་པས་བླ་མ་ཤངས་པ་དང་། བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་དུ་གྲགས། དགུང་ལོ་བརྒྱ་དང་ལྔ་བཅུར་བཞུགས་ཤིང་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོས་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བའི་ལམ་སྲོལ་དེ་དག་བསྡུ་ན། བཤད་པ། རྩོད་པ། སྒྲུབ་པའི་ལམ་རིམ་གསུམ་དུ་འདུ་བ་སྟེ། བཤད་པའི་ལམ་རིམ་ལ། མདོ་དང་དེའི་བསྟན་བཅོས་རྒྱུད་རྒྱུད་འགྲེལ་དང་བཅས་པ། མཚན་ཉིད་ཐེག་པ་ལ་གྲུབ་མཐའ་ཆེན་པོ་བཞི། རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞི་ཚུལ་བཞིན་ཏུ་བཤད་པ་དང་། རྩོད་པའི་ལམ་རིམ་ལ་ཚད་མ་སྡེ་བདུན་སོགས་རྟོག་གེ་ཕྱི་རབས་པའི་ལུགས་ཀྱང་གསན་མོད། གཙོ་བོར་ཚད་མ་སྔ་རབས་པ་ལ་གྲགས་པ་ལྟར་གཏན་ཚིགས་ཆེན་མོ་བཞིས་མཚན་ཉིད་གསུམ་གཏན་ལ་འབེབས་ཅིང་། ཚད་མ་ཡང་མངོན་སུམ་རྗེས་དཔག་ཡིད་ཆེས་གསུམ་ཕྱེ་ནས། བརྒལ་ལན་རྣམ་པར་ངེས་པར་བྱེད་པ་དང་། །སྒྲུབ་པའི་ལམ་རིམ་ལ་རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཀྱི་ཉམས་ལེན་མཐའ་དག །བྱང་ཕྱོགས་སོ་བདུན་ཐུན་མོང་དང་ཁྱད་པར་གྱི་གནད་ཀྱིས་ཉམས་སུ་ལེན་ཚུལ་མན་ངག་ཏུ་དྲིན་ནས་སྟོན་པས། གངས་ཅན་ཏུ་བྱོན་པའི་སྟོན་པ་ཞིག་ལ་ཆོས་ཀྱི་སྒོ་མཐའ་ཡས་པ་དང་། འགྲན་ཟླ་མེད་པའི་ཕྲིན་ལས་ཅན་ཡིན་པས་བསམ་གྱིས་མི་ཁྱབ་བོ། །དེ་དག་ཐམས་ཅད་ལས་ཕྱི་མ་སྒྲུབ་པའི་ལམ་རིམ་གྱི་སྙིང་པོའི་བཅུད་ཙམ་ཞིག་དེང་སང་གི་བར་དུ་བཞུགས་པ་སྟེ། དེའང་ནི་དྷི་རྣམ་གཉིས་ཀྱི་གསེར་ཆོས་རྩ་བར་གྱུར་པའི་ཆོས་སྐོར་ལྔར་གྲགས་པ་སྟེ། ནི་གུ། སུ་ཁ། རྡོ་རྗེ་གདན་པ། མཻ་ཏྲི་པ། རཱ་ཧུ་ལའི་སྐོར་ལྔ་། མན་ངག་ཐོར་བུ་དང་བཅས་པ་རྣམས་སོ།
།གཉིས་པ་ལ་བཞི། རིང་བརྒྱུད། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད། ཁྱད་པར་འཕགས་ཚུལ་བསྟན་པའོ།
།དང་པོ་ནི། སྔ་ཕྱིའི་བུ་དྲུག་བཤེས་གཉེན་ཁྲི་བཅོ་བརྒྱད། །སྨིན་ཞིང་གྲོལ་མཛད་ཆིག་བརྒྱུད་རྡོ་རྗེའི་རྒྱ། །རིན་ཆེན་བདུན་པ་ཆོས་རྗེ་སྟོན་པས་བཀྲོལ། །མཁས་གྲུབ་རྣམ་གསུམ་གནས་རྙིང་གདན་ས་སློབ་བརྒྱུད།
གྲུབ་ཆེན་ཁྱུང་པོའི་སྔ་བུ་ལྔ་། ཕྱི་བུ་གཅིག་དང་དྲུག་གི་གཙོས་བཤེས་གཉེན་ཁྲི་ཕྲག་བཅོ་བརྒྱད་སོགས་ས་ཆེན་པོའི་རྡུལ་དང་མཉམ་པའི་གདུལ་བྱ་སྨིན་ཞིང་གྲོལ་བར་མཛད་པ་སྟེ། དེ་ལ་སྔ་བུ་ལྔ་ནི། དྲི་མེད་ཤེས་རབ་ཀྱི་སྡོང་པོ་རྨེའུ་སྟོན་པ། ཕན་སེམས་ཡལ་ག་གཡོར་པོ་རྒྱ་མོ་ཆེ། སྙིང་རྗེའི་ལོ་འདབ་དངུལ་སྟོན་རིན་དབང་། བྱམས་པའི་མེ་ཏོག་ལ་སྟོད་དཀོན་མཆོག་མཁར། འོད་གསལ་སྙིང་པོ་ཞང་སྒོམ་ཆོས་སེང་རྣམས་དང་། ཕྱི་བུ་གཅིག་ནི་སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པ་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་ཏེ། རྡོ་རྗེ་འཆང་གི་གསང་ཚིག་ཆིག་བརྒྱུད་ཀྱི་བཀའ་ནི་རྨོག་ལྕོགས་པ་ཁོ་ན་ལ་བབས། དེ་ནས་རིམ་བཞིན་དབོན་སྟོན་སྐྱེར་སྒང་པསངས་རྒྱས་གཉན་སྟོན། འགྲོ་མགོན་སྟོན་པའི་བར་དུ་བརྒྱུད་དེ་རྡོ་རྗེ་འཆང་དང་ཡེ་ཤེས་ཌཱ་ཀིས་ལུང་བསྟན་པ་བཞིན་ཏུ་ཚིག་བརྒྱུད་རྡོ་རྗེའི་རྒྱ་རིན་ཆེན་བདུན་པར་གྱུར་པ་འགྲོ་མགོན་ཆོས་རྗེ་སྟོན་པས་བཀྲོལ་ཏེ་ཛམྦུའི་གླིང་དང་གླིང་ཕྲན་ཚུན་ཆད་གྲུབ་ཐོབ་ཀྱི་སློབ་མས་ཁྱབ་པ་ལས། གཙོ་བོ་གཙང་མ་ཤངས་སྟོན། བསམ་ལྡིང་བ་གཞོན་ནུ་གྲུབ། འཇག་ཆེན་རྒྱལ་མཚན་འབུམ་སྟེ་མཁས་གྲུབ་རྣམ་པ་གསུམ་གྱིས་བརྒྱུད་པའི་རྐང་བཟུང་ཞིང་གདམས་ངག་ཡི་གེར་བཀོད།
ཤངས་སྟོན་སློབ་མ་ཁྱུང་པོ་ཚུལ་མགོན་སོགས་རིན་ཆེན་རྣམ་བདུན་ཕྱི་མར་གྲགས་པ་ངོ་མཚར་བའི་བརྒྱུད་པ་དང་། འཇག་བསམ་གཉིས་ཀྱི་གདན་ས་སློབ་བརྒྱུད་མཐའ་ཡས་པ་བྱོན་ཞིང་། གཞན་ཡང་ཆོས་རྗེ་སྟོན་པའི་དངོས་སློབ་གསེར་གླིང་པ་བཀྲ་ཤིས་དཔལ་ལས་གྱེས་པ་དང་། ཆེ་བ་བཅུ་དང་ལྡན་པ་ལ་སྟོད་གནས་རྙིང་གི་གདུང་རབས་ལ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཅུ་རྩ་བརྒྱད་བྱོན་ནས་བསྟན་འགྲོའི་དོན་བྱེད་པར་ལུང་བསྟན་པའི་ཐོག་མའི་རབས་སུ་གྱུར་པ་ལ་སྟོད་པ་དཀོན་མཆོག་མཁར་གྱི་གདན་ས་པ་རིམ་བྱོན་དང་སློབ་བརྒྱུད་ལས་གྱེས་པ་སོགས་མཐའ་ཡས་སོ།
།གཉིས་པ་ནི། ཐང་རྒྱལ་ནི་གུའི་བཀའ་བབས་སྔ་ཕྱི་གསུམ།
ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཕྱི་མ་གྲུབ་ཆེན་བརྩོན་འགྲུས་བཟང་པོའམ་ཐང་སྟོང་རྒྱལ་པོ་སོགས་སྐུ་གཅིག་ལ་མཚན་ལྔ་ལྡན་པ་དེ་ཉིད་ཀྱིས། རིང་བརྒྱུད་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་ནས་རི་གོང་སྟོད་བརྒྱུད་དུ་གྲགས་པའི་སྙན་བརྒྱུད་རྣམས་བྱང་སེམས་སྦྱིན་པ་བཟང་པོ་ལས་གསན་ནས་ཐུགས་ཉམས་སུ་བཞེས་པས། ཡེ་ཤེས་མཁའ་འགྲོ་དངོས་ཀྱིས་རྗེས་སུ་བཟུང་བའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་སྟེ། དང་པོ་གཙང་གི་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ཏེ། ཆོས་དྲུག །ཕྱག་ཆེན། ལམ་ཁྱེར། འཆི་མེད། བླ་མ་མགོན་པོ་དབྱེར་མེད་རྣམས་ཀྱི་ཁྲིད། གཉིས་པ་མདོག་སྨད་སྲིན་རྫོང་ཤུག་སྡོང་གི་རྩ་བར་དེ་དག་སོ་སོའི་དབང། གསུམ་པ་མཁའ་སྤྱོད་ཀྱི་གདམས་པ་ཡི་གེ་མེད་པའི་བརྡ་ཐབས་སུ་བྱུང་བ་བཅས་བཀའ་བབས་སྔ་ཕྱི་བར་གསུམ་མང་མཁར་བ་བློ་གྲོས་རྒྱལ་མཚན་སོགས་ལས་སོ་སོར་བརྒྱུད་དེ་ད་ལྟའི་བར་བཀའ་བརྒྱུད་ཟམ་མ་ཆད་པར་བཞུགས་སོ།
།གསུམ་པ་ནི། ཉེ་རིང་ཉེར་ལྔ་གྲུབ་པའི་དཔའ་བོས་གསན། །ཌཱ་ཀིས་རྗེས་བཟུང་ངོ་མཚར་ཉེ་བརྒྱུད་བཅས། །གསང་བདག་སྒྲོལ་མགོན་བཀའ་སྲོལ་ཁྱད་པར་ཅན།
།ཉེ་བརྒྱུད་དག་པའི་སྣང་བར་རྡོ་རྗེ་བཙུན་མོ་ནི་གུཔྟས་ཞལ་དངོས་སུ་བསྟན་ཏེ་གདམས་ངག་ཁྱད་པར་ཅན་ལན་གཉིས་སྩལ་བ་དང་། རིང་བརྒྱུད་འཇག་བསམ་གཉིས་དང་ཐང་རྒྱལ་སོགས་བརྒྱུད་པའི་རྣམ་གྲངས་ཉེར་བཞི་སྟེ། བརྒྱུད་སྲོལ་ཉེར་ལྔ་ཁྲིད་ཐེངས་བརྒྱ་ལྷག་བཅས་འཇམ་མགོན་གྲུབ་པའི་དཔའ་བོའི་དཔལ་ལྡན་ཀུན་དགའ་གྲོལ་མཆོག་གིས་གསན། ཁྲིད་ཚུལ་ལན་གྲངས་བརྒྱ་ལྷག་སྩལ་བས་བསྐལ་ལྡན་དུ་མ་གྲུབ་པའི་ས་ལ་བཀོད། དེ་ལྟར་རིང་བརྒྱུད། ཉེ་བརྒྱུད་གཉིས། ཡེ་ཤེས་ཌཱ་ཀིས་གྲོལ་མཆོག་ཞབས་རྗེས་སུ་བཟུང་བའི་ངོ་མཚར་ཤིན་ཏུ་ཉེ་བརྒྱུད་བཅས་ཀྱི་བཀའ་བབས་ཤིང་། རྩ་བ་ཤངས་པའི་སྙན་བརྒྱུད་ཀྱི་གསེར་ཆོས་གཙང་མ་ལ། གདམས་ངག་རྣོ་སོ་ཉེ་བརྒྱུད་མཁའ་འགྲོའི་ཁ་རླངས་ཅན་གྱིས་ཟུར་བརྒྱན་པ་ཟབ་དོན་ཐང་བརྡལ་མ་སོགས་གསང་བདག་སྒྲོལ་བའི་མགོན་པོའི་བཀའ་སྲོལ་ཁྱད་པར་ཅན་འདི་ནི་ད་ལྟའི་སྐབས་ཁྲིད་ཚུལ་གཞན་དག་ལས་རྣམ་པ་དུ་མས་ཁྱད་པར་དུ་འཕགས་པ་ཡིན་ནོ།
།བཞི་པ་ནི། སྲིད་མཐའི་བྱང་སེམས་འབའ་ཞིག་ཕྲེང་བར་བརྒྱུད། །མ་ནོར་མ་བསླད་ཌཱ་ཀིའི་རྡོ་རྗེའི་ཚིག །དུས་ཀྱི་མཐར་ཡང་གྲུབ་པའི་འབྲས་བུ་སྨིན།
།བཀའ་བརྒྱུད་འདི་གཞན་ལས་འཕགས་པའི་ཁྱད་ཆོས་གསུམ་དང་ལྡན་པ་ཡིན་ཏེ། བརྒྱུད་འཛིན་ཁྱད་པར་དུ་འཕགས་པ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཕྲེང་བར་བརྒྱུད་པ་ལས་གང་ཟག་ཐ་མལ་པས་བར་དུ་མ་ཆོད། གདམས་ངག་ཁྱད་པར་དུ་འཕགས་པ་དོན་མ་ནོར་ཞིང་ཚིག་མ་བསླད་པ་ཡེ་ཤེས་ཌཱ་ཀིས་ཐེམས་སུ་བཏབ་པའི་རྡོ་རྗེའི་ཚིག་རྐང་སོ་སྐྱེའི་བློས་བརྟགས་ཀྱིས་བཅོས་བསྒྱུར་དང་རྩོམ་པ་མ་ཕོག །བྱིན་རླབས་ཁྱད་པར་དུ་འཕགས་པ་སྙིགས་མའི་དུས་ཀྱི་མཐར་ཐུག་འདིར་ཡང་བརྩོན་འགྲུས་ལྡན་ཞིང་དམ་ཚིག་མ་ཉམས་པ་ལ་གྲུབ་པའི་འབྲས་བུ་སྨིན་པ་མངོན་སུམ་དུ་མཐོང་བས་བཤད་ཚོད་ཙམ་དུ་མ་ལུས་པའོ།
།མྱུར་མཛད་ཕྲིན་ལས་ལ་སོགས་མཐའ་ཡས་སོ།
།མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་ཁོ་ན་ལ་མཚོན་ན་སྔོན་དུས་སྟོད་ལུགས་པས་ཕལ་ཆེར་ལ་ཁྱབ། ཕྱིས་སུ་སྨད་ལུགས་རི་གོང་བརྒྱུད་པ་ཆེས་འཕེལ་ཏེ་གདན་སའི་བརྒྱུད་པ་ལས་ཕག་གྲུ། ཀཾ་ཚང་། ཚོགས་སྡེ་བཞི་སོགས་ལ་ཁྱབ་ཅིང་། བསམ་ལྡིང་པ་ལས་ལྷོ་གཅོད་ཀྱི་བརྒྱུད་པ་སོ་སོར་འཕེལ་བ་དང་། འཇག་པ་ལས་སྟོད་བརྒྱུད་སྨད་བརྒྱུད་བར་བརྒྱུད་གསུམ་བྱུང་ཞིང་ཁྱད་པར་རྗེ་ཙོང་ཁ་པས་འཇག་ཆེན་བྱམས་པ་དཔལ་བ་དང་། རིག་པའི་དབང་ཕྱུག་དགེ་ལེགས་དཔལ་བས་མུས་ཆེན་ནམ་མཁའི་རྣལ་འབོར་ལས་གསན་ཏེ་དབུས་གཙང་ཁམས་གསུམ་རྒྱ་སོག་ཡན་ཆད་དུ་ཁྱབ། སོགས་ཁོངས་ནས་བརྒྱུད་པ་ཕྱི་མ་ལས་འོངས་པ་སྐྱེར་སྒང་ཐུགས་རྗེ་ཆེན་པོ་དང་རྟ་མགྲིན་གསང་སྒྲུབ། གཉན་སྟོན་པའི་འཆི་མེད་འཁྲུལ་འཁོར་སོགས་ཀྱིས་ཀྱང་གྲུབ་མཐའ་ཕལ་མོ་ཆེར་ཁྱབ་པ་སོགས་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཕྲིན་ལས་ནི་མཐའ་ཡས་སོ།


Book 8 part 4 (root text)
།ཤངས་ལུགས་བཤད་རྩོད་སྒྲུབ་པའི་ལམ་རིམ་གསུམ། །ཕྱི་མར་ནི་དྷི་མཻ་ཏྲི་ཨ་བྷ་ཡ། །ར་ཧུ་ལ་ཡི་སྐོར་ལྔ་ཐོར་བུ་བཅས། །ཉམས་ལེན་གཙོ་བོ་ནི་གུའི་གསེར་ཆོས་ལྔ་། །ཐུན་མིན་དག་བྱེད་སྟོང་རས་རྒྱུད་སྦྱངས་ནས། །རྩ་བ་གཏུམ་མོ་དྲག་དང་འཇམ་པོ་ཡིས། །ཟས་ཟ་གོས་གྱོན་གདན་འདིངས་རྟ་རུ་ཞོན། །མོས་གུས་ལྷ་སྐུ་འགྲོ་དྲུག་སྒྱུ་མར་འཆར། །རང་ཟིན་དབང་བཞི་འཆུགས་མེད་གནད་དགུ་ཡིས། །རྨི་ལམ་བཟུང་སྦྱོང་གཏན་འབེབས་རྣམ་ཐར་འབྱོངས། །རྩ་བ་ཡན་ལག་ལོ་མ་མེ་ཏོག་གིས། །སྲབ་མཐུག་འོད་གསལ་སྐུ་གསུམ་ལམ་དུ་ཁྱེར། །དེ་བཞིན་ཉིད་དང་ཟུང་འཇུག་བྱིན་རླབས་སྟོབས། །འཆུགས་མེད་མཁའ་སྤྱོད་ལམ་ནས་གོང་དུ་འཕོ། །ཆོས་ལོངས་སྤྲུལ་གསུམ་སྤྱི་གནད་འཆུགས་མེད་ཀྱིས། །དབང་པོའི་རིམ་མཐུན་བར་དོ་གསུམ་ལ་གྲོལ། །སྔོན་འགྲོ་རང་བབས་གསུམ་གྱི་ཞི་ལྷག་བསྐྱེད། །དངོས་གཞི་ངོ་སྤྲོད་སྐྱོན་ཞི་རང་སར་གྲོལ། །རྗེས་ཤེས་གསལ་སྟོང་སྐུ་གསུམ་རང་ཤར་དང་། །ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྡོང་པོའོ། །ཅིར་སྣང་བླ་མ་སྣང་གྲགས་ལྷ་དང་སྔགས། །སྣང་སེམས་སྒྱུ་མ་རྨི་ལམ་མོས་གུས་དང་། །དག་སྣང་བདེན་མེད་ལམ་ཁྱེར་ཡལ་གའི་ཆོས། །མེ་ཏོག་མཁའ་སྤྱོད་དཀར་དམར་སྙིང་རྗེའི་རྒྱུན། །ཁྱད་འཕགས་གསོལ་འདེབས་ཀྱིས་བསྐུལ་འཁོར་ལོ་བཞིར། །ཆགས་གྲོལ་བདེ་སྟོང་མར་མེ་རབ་ཏུ་སྦར། །རང་སེམས་མ་སྐྱེས་པས་ན་འཆི་བ་མེད། །ལུས་ཉིད་བེམ་པོ་འཆི་བའི་གདགས་གཞིས་སྟོང་། །འཆུགས་མེད་དབྱིངས་སུ་སྡོམ་པ་འབྲས་བུར་གསུངས། །སུ་ཁའི་ཆོས་དྲུག་ལྷ་བཞི་དྲིལ་སྒྲུབ་དང་། །བླ་མགོན་དབྱེར་མེད་ལ་སོགས་ཟབ་ཆོས་མང་།

Book 8 part 4 (commentary)
།ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྒོམ་རིམ་བསྟན་པ་ལ་གཉིས། ལམ་རིམ་གྱི་རྣམ་གྲངས་སྤྱིར་བསྟན། སྒྲུབ་པའི་ཉམས་ལེན་བྱེ་བྲག་ཏུ་སྨོས་པའོ།
།དང་པོ་ནི། ཤངས་ལུགས་བཤད་རྩོད་སྒྲུབ་པའི་ལམ་རིམ་གསུམ། །ཕྱི་མར་ནི་དྷི་མཻ་ཏྲི་ཨ་བྷ་ཡ། །རཱ་ཧུ་ལ་ཡི་སྐོར་ལྔ་ཐོར་བུ་བཅས།
མཁས་གྲུབ་ཀྱི་རྒྱལ་པོ་ཁྱུང་པོའི་བཀའ་སྲོལ་ལས་བྱོན་པའི་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་མདོ་སྔགས་བཤད་སྒྲུབ་ཀྱི་ལུགས་སྲོལ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་པ་དེ་དག་ཀྱང་མདོར་བསྡུ་ན། བཤད་དང་། རྩོད་པ། སྒྲུབ་པའི་ལམ་རིམ་གསུམ་དུ་འདུ་སྟེ། དེའི་ཚུལ་ནི་གོང་དུ་བཤད་པ་ལྟར་རོ།
།དེ་དག་ལས་ཕྱི་མ་སྒྲུབ་པའི་ལམ་རིམ་ལ། ནི་གུ། སུ་ཁ་སིདྡྷི། རྡོ་རྗེ་གདན་པ། མཻ་ཏྲི་པ། རཱ་ཧུ་ལའི་ཆོས་སྐོར་ལྔ་། མན་ངག་ཐོར་བུ་དང་བཅས་པ་བཞུགས་ཤིང་། དེ་རྣམས་ཀྱང་གཙོ་ཆེར་སྡེ་ཚན་ཏུ་བསྡམས་པའི་བརྡར་བཞག་པ་ལས་ཁྱུང་པོ་ཉིད་ཀྱིས་ཇི་ལྟར་གསན་པའི་ཆོས་སྐོར་ཚང་བ་ནི་མ་ཡིན་ཏེ་ཐོག་མ་ནས་ཀྱང་བརྒྱུད་སྲོག་གཅིག་ལ་ཚང་བར་འབྱོན་ཏུ་མ་བཏུབ་ན། ད་ལྟ་ལྟ་སྨོས་ཀྱང་ཅི་དགོས་པས་སོ།
།གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ།
།དང་པོ་ནི། ཉམས་ལེན་གཙོ་བོ་ནི་གུའི་གསེར་ཆོས་ལྔ་།
།སྒྲུབ་པའི་ལམ་རིམ་ཉམས་ལེན་གྱི་གཙོ་བོ་ནི། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུགས་མེད་དེ་གསེར་ཆོས་ལྔར་གྲགས་པ་ཡིན་ནོ།
།གཉིས་པ་ལ་དྲུག །རྩ་བ་གསེར་ཆོས་ལྔ་། །ཞར་བྱུང་སུ་ཁ་སོགས་ཀྱི་གདམས་ངག་བཤད་པའོ།
།དེའི་དང་པོ་ལ་བདུན། སྔོན་འགྲོ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་རྣམས་སོ།
།དང་པོ་ནི། ཐུན་མིན་དག་བྱེད་སྟོང་རས་རྒྱུད་སྦྱངས་ནས།
།བརྒྱུད་པ་རིན་པོ་ཆེ་འདི་པའི་ལུགས་སུ་བྱིན་རླབས་དབང་གི་གཞི་ཞེས་གྲགས་པ་ལྟར་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བས་རྒྱུད་སྨིན་པའི་གང་ཟག །དད་པ་བརྩོན་འགྲུས་སྐྱོ་ཤས་ངེས་འབྱུང་སྟེ་ཐུན་མོང་གི་སྔོན་འགྲོའི་ཆོས་རྣམས་ལེགས་པར་ལྡན་པས་ཐུན་མིན་དག་བྱེད་ཨའི་སྟོང་རས་རྒྱུད་སྦྱོང་སྟེ། དག་བྱེད་ཅེས་པའི་དོན་ཡེ་ཤེས་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་པ་ལས།
རང་རྒྱུད་དྲི་མ་ཉམས་ཆགས་འདག འདི་ནི་སྟོང་རའི་མཚན་ཉིད་ཡིན། །ཞེས་པ་ལྟར།
རང་རྒྱུད་ཀྱི་སྡིག་སྒྲིབ་ཉེས་ལྟུང་སོགས་དྲི་མ་མཐའ་དག་སྦྱོང་བར་བྱེད་པའི་རྣལ་འབྱོར་ཁྱད་པར་ཅན་ཞིག་ཡིན་ལ།
ཐེམ་ཡིག་ལས། སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ།
ཞེས་གསུངས་པ་ལྟར་གསོལ་འདེབས་གསུམ་སྔོན་ཏུ་འགྲོ་བས། དམིགས་པ་དག་བྱེད་པའི་ཨའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་ཏེ་ཕྱི་མ་ལ་དམིགས་པར་བཞག་པ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པ་སྟེ། ལུགས་འདིར་འདི་ལྟ་བུ་གཞན་ལའང་མང་ངོ་།
།དེ་ནས་ཟབ་ལམ་དངོས་ལ་འཇུག་པར་བྱ་སྟེ།
རྡོ་རྗེའི་ཚིག་རྐང་ལས། དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤེས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་འཚང་རྒྱ་འགྱུར། ཞེས་གསུངས་སོ།
།གཉིས་པ་ནི། རྩ་བ་གཏུམ་མོ་དྲག་དང་འཇམ་པོ་ཡིས། །ཟས་ཟ་གོས་གྱོན་གདན་འདིངས་རྟ་རུ་ཞོན།
།གསེར་ཆོས་འདིའི་རྩ་བ་ཆོས་དྲུག་གི་ཐོག་མ་ཐབས་ལམ་བདེ་དྲོད་རང་འབར་གྱི་མཚན་ཉིད་ནི།
བདེ་དྲོད་རང་བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན།
།ཞེས་པ་ལྟར་ཨ་ཧཾ་འབར་འཛག་གིས་རྡོ་རྗེའི་ལུས་ལ་བདེ་དྲོད་བསྐྱེད་དེ་སྟོང་གསལ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེད་པར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེའང་རང་ལུས་ཐབས་ལྡན་དང་གཞན་ལུས་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཀྱི་སྒོ་ནས་ཡས་བབ་ཟག་བཅས་དང་། མས་བརྟན་ཟག་མེད་དགའ་བཞི་འཕོ་འགྱུར་མེད་པ་བསྐྱེད་ལ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་བརྟན་པར་བྱ་སྟེ།
དེ་ལ་གཏུམ་མོ་མེ་རྒོད་དྲག་པོའི་སྦྱོར་བས་རྩ་རྒོད་རླུང་རྒོད་འདུལ་ནས་དྲོད་བཙན་ཐབས་སུ་བསྐྱེད་པ་གཏུམ་མོ་རང་གི་སྔོན་འགྲོ་སྔོན་ཏུ་སོང་ནས། སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་དང་སྦྲེལ་བ་དཔྱིད་ཐིག་འབར་འཛག་འཇམ་པོའི་རྣལ་འབྱོར་གྱིས་དངོས་གཞི་ཟས་སུ་ཟ་བ། ཡན་ལག་ཏུ་གོས་སུ་གྱོན་པ། གདན་ཏུ་འདིངས་པ། རྟ་རུ་ཞོན་པ་རྣམས་སྤྱོད་ལམ་གང་དང་འཚམས་པར་ཉམས་སུ་ལེན་ཞིང་། རྗེས་སྲིད་པའི་དབང་ཞུ་བ། གེགས་རང་གྲོལ། ཐོན་ཆོས་བྱིན་རླབས་བླ་མའི་གཏུམ་མོ་རྣམས་ཀྱི་གྲུབ་པ་ཡིན་ནོ།
།གསུམ་པ་ནི། མོས་གུས་ལྷ་སྐུ་འགྲོ་དྲུག་སྒྱུ་མར་འཆར།
།སྒྱུ་ལུས་ཆགས་སྡང་རང་གྲོལ་གྱི་མཚན་ཉིད་ནི།
སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན།
།ཞེས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་ནས་ཆགས་སྡང་རང་སར་གྲོལ་བའི་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེའི་གདམས་པ་ལ། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པ་གསུམ་གྱི་དང་པོ་ལ། མོས་གུས་བླ་མ་ལམ་ཁྱེར་དང་། ཅི་སྣང་བདེན་མེད་ལམ་ཁྱེར་གཉིས། གཉིས་པ་ལ་རང་ལུས་སྣང་སྟོང་ལྷ་སྐུ། ཅིར་སྣང་སྒྱུ་མའི་ལམ་ཁྱེར་གཉིས། གསུམ་པ་ལ་སད་པ་བཞི་དང་བྲལ་བས་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་ཏིང་ངེ་འཛིན་གནད་བརྒྱད་ལྡན་སྒོམ་ཞིང་། ནད་གདོན་སྒྱུ་མར་ལམ་དུ་ཁྱེར་བས། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རྣམས་ཤུགས་ལས་འབྱུང་བར་འགྱུར་རོ།
།བཞི་པ་ནི། རང་ཟིན་དབང་བཞི་འཆུགས་མེད་གནད་དགུ་ཡིས། །རྨི་ལམ་བཟུང་སྦྱོང་གཏན་འབེབས་རྣམ་ཐར་འབྱོངས།
།རྨི་ལམ་ཉིང་འཁྲུལ་རང་དག་གི་མཚན་ཉིད་ནི།
ཉིང་འཁྲུལ་བདེན་མེད་བདེ་བར་ཤར། །འདི་ནི་རྨི་ལམ་མཚན་ཉིད་ཡིན།
།ཞེས་ཉིང་འཁྲུལ་ཐམས་ཅད་བདེན་མེད་དུ་ཤར་ཏེ། རྨི་ལམ་གྱི་འཁྲུལ་བ་ཐམས་ཅད་རང་ཡལ་ལ་འགྲོ་བའི་རྣལ་འཁྱོར་ཁྱར་པར་ཅན་ཞིག་ཡིན་ལ། དེའི་གདམས་ངག་གི་ཐོག་མར་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་འཆུགས་མེད་ཀྱི་གནད་དགུ་ལ་བརྟེན་ནས་རྨི་ལམ་དུ་ཤར་ཚད་ངོས་བཟུང་། འཁྲུལ་འབྱམས་སད་འབྱམས་བདེ་འབྱམས་སྟོང་འབྱམས་ཀྱི་གེགས་རྣམས་ལ་མོས་གུས་ཚོགས་གསོག་ལ་སོགས་པས་བསལ།
ཅི་འདོད་དུ་ཟིན་ནས་ལུས་ཀྱིས་སེམས་སྦྱོང་བ། སེམས་ཀྱིས་ལུས་སྦྱོང་བ། བདག་མེད་མ་དང་འདུན་པས་སྦྱོང་བ་རྣམས་ཀྱིས་རྨི་ལམ་གྱི་རྩལ་སྦྱོང་ཞིང་འོད་གསལ་དང་བསྲེ། འབྱུང་བ་ནི་དང་སེམས་ཕྲ་རགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་ཐུག་ཕྲད་དང་གང་འདུལ་དུ་སྤེལ་ཞིང་སྤྲུལ། འབྱུང་བ་བཞི་དང་སེམས་ཕྲ་རགས། ལྷ་སྐུ་སྣ་ཚོགས་པ་རྣམས་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བས་བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། སྣང་ལ་རང་བཞིན་མེད་པའི་མཚན་ཉིད་གསུམ་ལྡན་གྱི་ལྷ་སྐུ་རང་ཤར་དུ་བསྒྲུབ། དབང་པོ་རབ་འབྲིང་ཐ་གསུམ་དང་སྦྱར་བའི་དམིགས་མེད་གསལ་མཁྱེན། གང་བསམ་གསལ་མཐོང་། ཡིད་ལུས་མཁའ་ལྡིང་དང་དམིགས་པའི་ཡུལ་སྣང་གསལ་བྱེད་ཀྱི་གདམས་པ་གསུམ་པོས་ཡུལ་སྣང་གཏན་ལ་འབེབས་པས་རྨི་ལམ་གྱི་རྣམ་ཐར་འབྱོངས་པར་འགྱུར་རོ།
།ལྔ་པ་ནི། རྩ་བ་ཡན་ལག་ལོ་མ་མེ་ཏོག་གིས། །སྲབ་མཐུག་འོད་གསལ་སྐུ་གསུམ་ལམ་དུ་ཁྱེར།
།འོད་གསལ་ལ་གཏི་མུག་རང་སངས་ཀྱི་མཚན་ཉིད་ནི།
གསལ་སྟོང་ནམ་མཁའ་མཐའ་དབུས་མེད། །འདི་ནི་འོད་གསལ་མཚན་ཉིད་ཡིན།
།ཞེས་གསལ་སྟོང་དབྱེར་མེད་འཛིན་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་དབུས་མེད་པ་ལྟ་བུ་ཞིག་ཡིན་ལ།དེ་ཉིད་ཉམས་སུ་ལེན་པ་ལ་སྔོན་འགྲོ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་མདངས། གསོལ་འདེབས་མེ་ཏོག་འཆར་བྱེད་བཞིས་རྐང་བཟུང་།
དངོས་གཞི་འཛིན་པའི་ཐབས་གསུམ་གྱིས་སྲབ་མཐུག་གི་འོད་གསལ་བཟུང་། ཉིན་མཚན་སྐུ་གསུམ་རང་ཤར་གྱིས་ལམ་དུ་ཁྱེར། གསལ་སྟོང་མཉམ་རྗེས་ཉིན་མཚན་བདེ་སྟོང་དབྱེར་མེད་དུ་བསྲེ་བ་རྣམས་ལ་བསླབས་པས།
འོད་གསལ་གྱི་རྟོགས་པ་དང་པོ་གསལ་སྟོང་དབྱེར་མེད། གཉིས་པ་བདེ་སྟོང་དབྱེར་མེད། གསུམ་པ་ཟབ་ཞི་སྤྲོས་བྲལ། བཞི་པ་དབྱེར་མེད་མཐར་ཐུག་འོད་གསལ་རྣམས་རིམ་གྱིས་འཆར་ཏེ། མཐར་དག་པ་གཉིས་ལྡན་གྱི་འོད་གསལ་མངོན་ཏུ་འགྱུར་རོ།
།རྗེས་དམ་ཚིག་སྤྱི་དང་བྱེ་བྲག་བསྲུང་། གེགས་སེལ་ཉེས་སྐྱོན་རང་དག་དང་། བོགས་འདོན་ཐེ་ཚོམ་གཅོག་བྱེད་ཉམས་སུ་བསྟར།
ཁྱད་འཕགས་འཆར་སྒོ་ངོས་འཛིན་དང་། ཉམས་རྟོགས་ཉིན་མཚན་ཁྱད་པར་རྣམས་ཀྱིས་ས་མཚམས་བཟུང་བས་འཆར་ཚུལ་བཅུ་དྲུག་གི་སྒོ་ནས་བདེ་གསལ་མི་རྟོག་དབྱེར་མེད་པའི་འོད་གསལ་བཞི་པོ་མཐར་ཕྱིན་པར་འགྱུར་རོ།
དེ་ལས་འོད་གསལ་འཆར་ཚུལ་བདུ་དྲུག་ནི། ཉམས་རྟོགས་པའི་འོད་གསལ་གཉིས། དེ་གཉིས་ལ་ཉིན་མཚན་གྱི་འོད་གསལ་གཉིས་གཉིས་ཏེ་བཞི། བཞི་ཀ་ལ་སྣང་བཅས་དང་སྣང་མེད་གཉིས་ཏེ་དབྱེ་བས་བརྒྱད། སྣང་བཅས་བཞི་ལ་ཕྱི་དང་འབྲེལ་བ་བཞི་དང་མ་འབྲེལ་བ་བཞི་སྟེ་བརྒྱད། སྣང་མེད་ལ་སྲབ་མཐུག་གི་འོད་གསལ་གཉིས་གཉིས་དབྱེ་བས་བརྒྱད་དེ་བསྡམས་པས་བཅུ་དྲུག་གོ། །དེ་དག་ནི་བསྲེ་བ་སྒྱུ་ལུས་ཞེས་སམ་རྩ་བའི་ཆོས་བཞིར་གྲགས་པའོ།
།དྲུག་པ་ནི། དེ་བཞིན་ཉིད་དང་ཟུང་འཇུག་བྱིན་རླབས་སྟོབས། །འཆུགས་མེད་མཁའ་སྤྱོད་ལམ་ནས་གོང་དུ་འཕོ།
།འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་མཚན་ཉིད་ནི།
འཆི་ཀར་དྲན་པས་མངོན་འཚང་རྒྱ། །འདི་ནི་འཕོ་བའི་མཚན་ཉིད་ཡིན།
།ཞེས་འཆི་ཀར་དྲན་པ་ཙམ་གྱིས་མཁའ་སྤྱོད་ཆེན་པོར་བགྲོད་པར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེའི་གདམས་ངག་ནི། ཆོས་སྐུ་དེ་བཞིན་ཉིན་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་སྟོབས་དང་། འཆུགས་མེད་མཁའ་སྤྱོད་ཀྱི་ལམ་ནས་གོང་དུ་འཕོ་བ་སྟེ་གཞུང་རྡོ་རྗེའི་ཚིག་རྐང་གིས་བསྟན་པ་བཞི་དང་། ལྷན་ཐབས་ཀྱི་འཕོ་བ་ཡེ་ཤེས་སྐར་ཁུང་མ་རྣམས་སུ་ཡོད་དོ།
།བདུན་པ་ནི། །ཆོས་ལོངས་སྤྲུལ་གསུམ་སྤྱི་གནད་འཆུགས་མེད་ཀྱིས། །དབང་པོའི་རིམ་མཐུན་བར་དོ་གསུམ་ལ་གྲོལ།
།བར་དོ་རྒྱལ་བ་ལོངས་སྐུའི་མཚན་ཉིད་ནི།
སྣང་སྟོང་ཞེ་ན་བྲལ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན།
།ཞེས་སྣང་སྟོང་དབྱེར་མེད་ཞེན་བྲལ་བདེ་བ་ཆེན་པོའི་སྐུ་མངོན་ཏུ་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེ་ཉམས་སུ་ལེན་པའི་ཚུལ། འོད་གསལ་ཆོས་སྐུ་རང་ཤར། རྒྱལ་བ་ལོངས་སྐུ་རང་ཤར། སྤྲུལ་སྐུ་འགག་མེད་རང་ཤར། ཕྱི་མ་གཉིས་ལ་ཅི་རིགས་པར་བསྣན་དགོས་པའི་སྤྱི་གནད་འཆུགས་མེད་བཅས་ཀྱིས། དབང་པོ་རབ་འབྲིང་ཐ་མའི་རིམ་པ་དང་མཐུན་པར་བར་དོ་དང་པོ་ལ་སོགས་པའི་རིམ་པ་གསུམ་ལ་གྲོལ་ཚུལ་མཆོག་འབྲིང་དམན་གསུམ་དུ་གྱུར་རོ། །འདི་དག་གི་ངོ་བོ་ངེས་ཚིག་དབྱེ་བ་ལ་སོགས་པ་ནི་ནཱ་རོ་ཆོས་དྲུག་གི་སྐབས་སུ་སྨོས་ཟིན་པ་དང་ཁྱད་པར་མེད་པས་བསྐྱར་ནས་མ་སྨོས་སོ།
།གཉིས་པ་ཕྱག་ཆེན་ནི། སྔོན་འགྲོ་རང་བབས་གསུམ་གྱི་ཞི་ལྷག་བསྐྱེད། །དངོས་གཞི་ངོ་སྤྲོད་སྐྱོན་ཞི་རང་སར་གྲོལ། །རྗེས་ཤེས་གསལ་སྟོང་སྐུ་གསུམ་རང་ཤར་དང་། །ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྡོང་པོའོ།
།མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། མཆོག་གི་དངོས་གྲུབ་མི་རིང་བར་ལ་ཐོབ་པར་བྱེད་པའི་ཐབས་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་པ་ལ། སྐལ་པ་ཅན་གྱི་གང་ཟག་དཀྲི་ཚུལ་མང་དུ་ཡོད་པ་ལས། འདིར་རྡོ་རྗེ་འཆང་གིས་ཡེ་ཤེས་མཁའ་འགྲོ་མ་ལ་དངོས་སུ་གདམས་པའི་གསེར་ཆོས་ལྔའི་ནང་ཚན། མཁས་གྲུབ་ཁྱུང་པོས་བལ་པོའི་གའུ་སྙིང་འདྲ་བ་ཞིག་གི་ནང་དུ་ཤོག་དྲིལ་མགུལ་བར་འཆང་བའི་ཐུགས་གཙིགས་སུ་མཛད་པ་ལས་མཚན་གའུ་མར་གྲགས་པ་ལ།སྔོན་ཏུ་འགྲོ་བ་ཐབས་ཟབ་མོ་བླ་མའི་མོས་གུས་དང་། བཞག་ཐབས་སྒོ་གསུམ་རང་བབས་རྣམ་པ་གསུམ་གྱིས་སྐྱོན་མེད་པའི་ཞི་གནས་སྒྲུབ་ཅིང་སེམས་འཚོལ་སོགས་ཀྱིས་ལྷག་མཐོང་བསྐྱེད།
དངོས་གཞི་གསང་ཚིག་རྡོ་རྗེ་རྒྱ་ལྡན་གྱི་བྱིན་འབེབས་པས་ཡེ་ཤེས་སྐུ་ཐབས་སུ་ངོ་སྤྲོད་ཅིང་། སྐྱོན་བཞི་རང་སར་གྲོལ་བའི་སྒོ་ནས་སེམས་ཉིད་ཀྱི་བརྡར་ཤ་ཆོད་པར་བཅད་དེ།
སྐྱོན་བཞི་ནི། རང་སེམས་ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་ནས་ངོ་མ་ཤེས། རང་ལ་ཤར་ཡང་ཟབ་དྲགས་ནས་ངོས་མ་ཟིན། དྲན་པས་ཆོག་ཀྱང་སླ་དྲགས་ནས་ཡིད་མ་ཆེས། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་ནས་བློར་མ་ཤོངས་པའི་སྐྱོན་བཞི་ལས་གྲོལ་བའོ། །རྗེས་ཐ་མལ་ཤེས་པ་གདོད་ནས་གསལ་སྟོང་ཟུང་འཇུག་དེ་ཉིད་སྟོང་པ་ཆོས་སྐུ། གསལ་བ་སྤྲུལ་སྐུ། ཟུང་འཇུག་ལོངས་སྐུ་སྟེ་སྐུ་གསུམ་རང་ཤར་བར་ཐག་བཅད་ཅིང་ངེས་ཤེས་སྐྱེས་ནས་རང་བབ་དེ་ཀའི་ངང་བསྐྱང་ཞིང་། མོས་གུས་ཚད་མེད་དང་སྙིང་རྗེ་ཚད་མེད། ཐབས་ཁྱད་པར་ཅན་ཐ་མལ་ཤེས་པ། འོད་གསལ་ལྷ་སྐུ། ཟུང་འཇུག་ཤེས་པ་རླུང་དང་བསྲེ་བ་རྣམས་ལ་བརྟེན་ནས་བོགས་འདོན། ཉམས་ཀྱི་རྩིས་མ་བཅིངས་པ་དང་། སྣང་སྟོང་ཕྱོགས་རེར་མ་ཤོར་བ་ལ་འབད་ཅིང་ཐུན་མོང་མ་ཡིན་པའི་གེགས་བསལ་བས་རང་ཤར་གྱི་ཚད་གསུམ་གཏན་ལ་ཕེབས་སྐུ་བཞི་རང་གྲོལ་མངོན་ཏུ་འགྱུར་བ་ནི།ཕྱག་རྒྱ་ཆེན་པོ་གའུ་མའམ་རང་བབ་རྣམ་གསུམ་ཞེས་བྱ་བ་གསེར་ཆོས་ལྔ་ཡི་དཔག་བསམ་ལྗོན་པ་བཟང་པོ་ལས་ལྡོང་པོར་གྱུར་པ་ཉིད་དོ།
།གསུམ་པ་ལམ་ཁྱེར་རྣམ་གསུམ་ནི། ཅིར་སྣང་བླ་མ་སྣང་གྲགས་ལྷ་དང་སྔགས། །སྣང་སེམས་སྒྱུ་མ་རྨི་ལམ་མོས་གུས་དང་། །དག་སྣང་བདེན་མེད་ལམ་ཁྱེར་ཡལ་གའི་ཆོས།
།སྣང་བ་ལ་བརྟེན་ནས་བླ་མ་ཡི་དམ། སྒྱུ་མ་ལམ་དུ་ཁྱེར་བ་གསུམ་ཉམས་སུ་ལེན་པའི་ཚུལ། ཅིར་སྣང་ཐམས་ཅད་དཔལ་ལྡན་བླ་མའི་གསང་བ་གསུམ་གྱི་རོལ་པར་བལྟ་བ་དང་། གཟུགས་སྣང་དང་སྒྲ་གྲགས་ཐམས་ཅད་ཡི་དམ་ལྷའི་སྐུ་སྣང་སྟོང་འཇའ་གཟུགས་དང་གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་གདངས། སྣང་བ་སེམས། སེམས་སྒྱུ་མ་རྨི་ལམ་དུ་ཤེས་པས་ཉིན་མཚན་གྱི་རྣལ་འབྱོར་ལ་བསླབ་ཅིང་།
ཉམས་སུ་ལེན་པའི་ཐབས། ཐག་ཆོད་གསུམ་དང་ཟུང་འཇུག་ལ་རྟེན་པའི་མོས་གུས། འབྲལ་མེད་ཀྱི་གནད་དྲུག་དང་ལྡན་པའི་དག་སྣང་། ཚོགས་དྲུག་གི་འཆར་སྒོ་བདེན་མེད་གསལ་སྟོང་འཛིན་བྲལ་གྱི་རིང་ངེ་འཛིན་ལ་བརྩོན་པ་སྟེ།
དེ་ལྟར་ན་བླ་མ་ལ་བརྟེན་ནས་མོས་གུས། དེ་ལས་བཀའ་དྲིན། དེ་ལས་ཚོགས་གསོག །དེ་ལས་སྐུ་གསུམ་རང་ཤར།ཡི་དམ་ལ་བརྟེན་ནས་དག་སྣང་། དེ་ལས་ཚོགས་གསོག །དེ་ལས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་ཤར།
སྣང་བ་རང་སེམས་ལས་སྒྱུ་མ། དེ་ལས་རྨི་ལམ། དེ་ལས་འོད་གསལ་རང་ཤར་དུ་འབྱུང་ཞིང་།
གསུམ་ཀས་ལོ་ཟླ་ཙམ་ལ་གསལ་སྟོང་བདེ་ཆེན་སྐུ་གསུམ་རང་ཤར་མངོན་ཏུ་འགྱུར་བ་ནི་འཆུགས་མེད་ལམ་ཁྱེར་རྣམ་གསུམ་ཞེས་བྱ་བ་ཡན་ལག་གི་ཉམས་ལེན་ཡིན་པས་ཡལ་གའི་ཆོས་སུ་གྲགས་པའོ།
།བཞི་པ་མཁའ་སྤྱོད་གཉིས་ནི། མེ་ཏོག་མཁའ་སྤྱོད་དཀར་དམར་སྙིང་རྗེའི་རྒྱུན། །ཁྱད་འཕགས་གསོལ་འདེབས་ཀྱིས་བསྐུལ་འཁོར་ལོ་བཞིར། །ཆགས་གྲོལ་བདེ་སྟོང་མར་མེ་རབ་ཏུ་སྦར།
།གསར་ཆོས་བཞི་པ་མེ་ཏོག་མཁའ་སྤྱོད་དཀར་དམར་ཟུང་གི་ཉམས་ལེན་ནི། བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་བདེ་ཆེན་ཟག་པ་མེད་པའི་སྙིང་རྗེའི་མཐུ་རྩལ་གྱི་རྒྱུན། ཁྱད་འཕགས་གསོལ་འདེབས་རྡོ་རྗེའི་གདུང་ཚིག་གིས་བསྐུལ་ཞིང་། ལུས་གནས་འཁོར་ལོ་རྣམ་བཞིར་རྟེན་གྱི་བྱེ་བྲག་དང་མཐུན་པར་ཆགས་གྲོལ་གྱི་ལམ་སོ་སོ་ལ་བརྟེན་པའི་བདེ་སྟོང་མར་མེ་རབ་ཏུ་སྦར་བའི་ཏིང་ངེ་འཛིན་གྱིས་རྟེན་དེ་ཉིད་ལ་ཟུང་འཇུག་ཆེན་པོའི་མཁའ་ལ་སྤྱོད་པར་འགྱུར་བ་དང་། དབང་པོ་དམན་པ་རྣམས་སྐྱེ་གནས་ལྔ་ཅིག་ཅར་དུ་དགག་པའི་བཙན་ཐབས་ཀྱི་གསང་ལམ་ལ་བརྟེན་ནས་མཁའ་སྤྱོད་རྡོ་རྗེ་གྲོང་ཁྱེར་དུ་དཀའ་བ་མེད་པར་བགྲོད་པའོ།
།ལྔ་པ་ལུས་སེམས་འཆུགས་མེད་འཆི་མེད་ནི། རང་སེམས་མ་སྐྱེས་པས་ན་འཆི་བ་མེད། །ལུས་ཉིད་བེམ་པོ་འཆི་བའི་གདགས་གཞིས་སྟོང་། །འཆུགས་མེད་དབྱིངས་སུ་སྡོམ་པ་འབྲས་བུར་གསུངས།
རྒྱལ་བ་གཉན་སྟོན་ཆོས་རྗེ་ལ་བཀའ་བབས་པའི་ལུས་འཆུགས་མེད་དང་། ཁྱུང་པོ་ཉིད་ལས་བྱོན་པའི་སེམས་འཆི་མེད་ཟུང་དུ་འབྲེལ་བའི་གདམས་པ་ནི།
ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལུས་དང་སེམས་འདི་དབྱེར་མེད་དེ། །རྟེན་དང་བརྟེན་པ་འབྱུང་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཞེས་གསུངས་པའི་དོན་ཏེ།
དེ་ལ་ཐོག་མར་འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱིས་རྩ་ཐིག་རླུང་གསུམ་ལེགས་པར་སྦྱངས་པ་སྔོན་ཏུ་འགྲོ་བས་ལུས་ཐར་པའི་ལམ་དུ་གཟུང་བར་བྱ་བ་ནི།
སློབ་དཔོན་བིཪྺ་པའི་ཞལ་ནས། བསོད་ནམས་ཆེན་པོའི་བགོ་སྐལ་གྱིས། །མི་ཡི་ལུས་ནི་ངེས་པར་ཐོབ། །བླ་མའི་གསུང་གི་བྱིན་རླབས་ལས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །ཞེས་སོགས་གསུངས་པ་ལྟར་རོ།
།དངོས་གཞི་ནི་རྗེ་བཙུན་རྨོག་ལྕོགས་པའི་ཞལ་ནས། མདོ་རྒྱུད་མན་ངག་ཉམས་མྱོང་གིས། །མ་བསྒོམས་འཚང་རྒྱ་འཆི་མེད་གནད། །འདི་ལྟར་རྣམ་སྨིན་ལུས་འདི་ལ། །ཡེ་ཤེས་ལུས་ནི་རང་དག་འབྱུང་། །རྣམ་སྨིན་ལུས་ལ་ལྷ་ཡི་སྐུ། །གསལ་ལ་དེར་འཛིན་མེད་པར་བསྒོམ། །དེ་ཉིད་སེམས་དང་དབྱེར་མེད་དེ། །སེམས་ལ་ངོ་བོ་མ་གྲུབ་པས། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཆི་བ་ཞེས་བྱ་རྣམ་རྟོག་ཡིན། །རྟོག་ཚོགས་འཁོར་འདས་ཆོས་མ་གྲུབ། །ཅེས་སོགས་གསུངས་པ་ལྟར།
རང་སེམས་ངོ་བོ་གང་དུའང་མ་གྲུབ་པའི་ཕྱིར་གདོད་མ་ནས་མ་སྐྱེས་པས་ན་འཆི་མེད་རང་གྲོལ་ཆེན་པོར་གྲུབ། རྣམ་སྨིན་གྱི་ལུས་ཉིད་ནི་བེམས་པོའི་ཚོགས་པ་ཡིན་པའི་ཕྱིར་སྐྱེ་འཆིའི་ཐ་སྙད་གདགས་པའི་གཞི་མ་ཡིན་པས་སྟོང་། དོན་ཏུ་ལུས་ཀྱང་སེམས་ཀྱི་སྣང་བ་ཙམ་ལས་བྱུང་བས་སེམས་སྐྱེ་འཆི་མེད་པར་རྟོགས་པའི་གདིང་འཆོས་པ་ན། ལུས་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འཁྲུལ་སྣང་གི་ལམ་དུ་འཆུགས་པ་མེད་པའི་དབྱིངས་སུ་བསྡམ་པར་འགྱུར་བའི་གདམས་ངག་དེ་ལྟ་བུས་ཚེ་འདི་ལ་ཟུང་འཇུང་གི་སྐུ་བརྙེས་ཤིང་། ཐོས་པ་ཙམ་གྱིས་ཀྱང་བར་དོར་རྒྱལ་བ་ལོངས་སྐུར་འཚང་རྒྱ་བ་གསེར་ཆོས་ལྔ་ལས་སྨིན་པ་འབྲས་བུ་ལྟ་བུར་གསུངས་སོ།
།དྲུག་པ་ཞར་བྱུང་སུ་ཁ་སོགས་ཀྱི་གདམས་ངག་བཤད་པ་ནི། སུ་ཁའི་ཆོས་དྲུག་ལྷ་བཞི་དྲིལ་སྒྲུབ་དང་། །བླ་མགོན་དབྱེར་མེད་ལ་སོགས་ཟབ་ཆོས་མང་།
།གཞན་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུཁ་སིདྡྷི་ལས་གསན་པའི་ཐབས་ལམ་ཆོས་དྲུག་དང་། ཕྱག་ཆེན་དག་པ་ཡེ་ཤེས། གྲུབ་ཆེན་རཱ་ཧུ་ལ་གུཔྟ་ལས་གསན་པའི་ལྷ་བཞི་དྲིལ་སྒྲུབ་དང་། བླ་མ་མགོན་པོ་དབྱེར་མེད་ཀྱི་གདམས་སྐོར། སོགས་ཁོངས་ནས་རྡོ་རྗེ་གདན་པ་ཨ་བྷ་ཡའི་ཟབ་ཆོས་རིན་ཆེན་རྒྱ་མཚོའི་རྒྱུད་ཀྱི་དངོས་བསྟན་རྒྱུད་སྡེ་ལྔ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་ཟབ་མོའི་ལུས་དཀྱིལ་དང་བཅས་པ་ལ་སོགས་པ་བྱིན་རླབས་དང་སྨིན་གྲོལ་གྱི་རྒྱུན་མ་ཉམས་པའི་ཟབ་ཆོས་མང་ཞིང་།སྤྱིར་གྲུབ་ཆེན་ཁྱུང་པོས་འཕགས་ཡུལ་གྱི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུབས་བཅུད་རྫོགས་པར་བཞེས་པས་གངས་ཅན་ཏུ་བྱོན་པའི་སྟོང་པ་ཞིག་ལ་ཆོས་ཀྱི་སྒོ་མཐའ་ཡས་ཤིང་འགྲན་ཟླ་དང་བྲལ་བར་གྲགས་སོ། །འདིར་ནི་གུ་ཆོས་དྲུག །ཕྱག་ཆེན། ལམ་ཁྱེར། འཆུགས་མེད། འཆི་མེད་རྣམས་ལ་རྡོ་རྗེའི་ཚིག་རྐང་སོ་སོར་བཞུགས་པའི་སྔ་མ་གཉིས། ཕྱི་མ་གཅིག་བཅས་རྡོ་རྗེ་འཆང་གི་བཀའ་ཡིན་ལ། བར་མ་གཉིས་ཀྱི་སྔ་མ་ནི་གུ་མ་དང་། ཕྱི་མ་བིཪྺ་པའི་གསུང་བསྟན་བཅོས་རྡོ་རྗེའི་ཚིག་རྐང་ཡིན་ཞིང་བརྒྱུད་པ་གཞན་ལའང་འདི་འབྱུང་སྟེ། བདེ་མཆོག་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་ལྟ་བུ་བཀའ་དང་། ལས་འབྲས་རྡོ་རྗེའི་ཚིག་རྐང་། སྤྲོས་མེད་རྡོ་རྗེའི་ཚིག་རྐང་སོགས་བསྟན་བཅོས་སུ་སྣང་ངོ་། །གདམས་སྲོལ་འདི་ལ་གསོལ་འདེབས་དང་དམིགས་པའི་རྐང་གྲངས་རྣམས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཀྱིས་ཐེམས་ཡིག་གིས་བསྡམས་པར་མཛད་པས་གང་ཟག་ཕྱི་མས་རྟོག་བཟོས་འཆོས་སུ་མེད་པའི་ཤིན་ཏུ་ཁྱད་པར་འཕགས་པ་ཉིད་དོ། །སྤྱིར་ཤངས་པ་བཀའ་བརྒྱུད་པ་རྣམས་ཀྱི་རིང་ལུགས་ལ་ལམ་རྒྱས་བསྡུས་ཤིན་ཏུ་བསྡུས་པ་སྟེ་གསུམ་དུ་མཛད་ནས།
རྒྱས་པ་ནི་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ཞེས་གྲགས་པ་སྟེ།
དེ་དག་ཀྱང་སྔོན་འགྲོ་དག་བྱེད་སྟོང་ར། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་འཁྲུལ་པ་རང་དག །ཁྱད་པར་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། འཆུགས་མེད་ལམ་ཁྱེར་རྣམ་གསུམ། དག་སྣང་ལྷ་སྐུ་རང་ཤར། ཡུལ་སྣང་གང་བསམ་གསལ་མཐོང་། འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་ལོངས་སྐུ་རྫོགས་སྐུ། ཀུན་རྫོབ་སྒྱུ་མ་རྨིལམ། དོན་དམ་ཕན་མེད་གནོད་མེད། གཞན་དོན་གཟུགས་སྐུ་རང་ཤར་རྣམས་ཡིན་ཞིང་།
དེ་དག་ཀྱང་བསྡུ་ན། ལུས་གསུམ་གདམས་པས་མ་ཟིན་ན། །འཁྲུལ་པ་འབའ་ཞིག་རྗེས་སུ་འཇུག །རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་པ་རྒྱལ་བའི་སྐུ། །ཇི་སྲིད་འཁོར་བ་མ་སྟོང་བར། །དེ་སྲིད་འགྲོ་དོན་རྒྱུན་མི་འཆད།
ཅེས་གསུངས་པས་ལུས་གསུམ་གྱི་གདམས་པར་འདུས་ལ། དེའང་ལུས་གསུམ་ནི། རྣམ་པར་སྨིན་པའི་ལུས། བག་ཆགས་ཀྱི་ལུས། ཡིད་ཀྱི་ལུས་དང་གསུམ་ཡིན་ལ། དེ་དག་གི་རྣམ་པར་གཞག་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་འཆུགས་མེད་བར་དོ་གསུམ་གྱི་གདམས་པ་ལས། དེ་ལ་རྣལ་འབྱོར་པའི་སྦྱང་གཞི་བར་དོའི་ལུས་གསུམ། སྦྱོང་བྱེད་བསྐྱེད་རྫོགས་རྨི་ལམ་འོད་གསལ་ཏེ།
ཡེ་ཤེས་རོལ་པའི་རྒྱུད་ལས། བར་དོ་དག་གི་ལུས་གསུམ་པོ། །བསྐྱེད་རྫོགས་རྨི་ལམ་འོད་གསལ་སྦྱང་། །ཞེས་པ་དང་།
དགེས་པ་རྡོ་རྗེ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། ཇི་ལྟར་བར་མའི་སྲིད་ཡིན་པས། །ཞེས་སོ།
།དེ་ལ་སྦྱང་གཞི་བར་དོའི་ལུས་གསུམ་ནི། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོའོ། །དང་པོ་ནི། སྐྱེ་ནས་མ་ཤིའི་བར་དུ་སྐྱེ་ཤི་བར་དོ་སྟེ་རྣམ་པར་སྨིན་པའི་ལུས་སོ། །ཅིའི་ཕྱིར་རྣམ་སྨིན་གྱི་ལུས་ཤེ་ན། དགེ་སྡིག་དུ་མའི་ལས་བསགས་པས་བདེ་སྡུག་སྣ་ཚོགས་སུ་སྨིན་ཞིང་མྱོང་བས་རྣམ་པར་སྨིན་པའི་ལུས་སོ། །གཉིས་པ་ནི། གཉིད་དུ་སོང་ནས་མ་སད་ཀྱི་བར་རྨི་ལམ་བར་དོ་བག་ཆགས་ཀྱི་ལུས་སོ། །ཅིའི་ཕྱིར་བག་ཆགས་ཀྱི་ལུས་ཤེ་ན། ཚེ་འདིའི་བག་ཆགས་སྣ་ཚོགས་རྨི་ལམ་དུ་འབྱུང་བས་རྨི་ལམ་བག་ཆགས་ཀྱི་ལུས་སོ། །གསུམ་པ་ནི། ཤི་ནས་སྐྱེ་བ་མ་བླངས་བར་དུ་སྲིད་པ་བར་དོ་ཡིད་ཀྱི་ལུས་སོ། །ཅིའི་ཕྱིར་ཡིད་ཀྱི་ལུས་ཤེ་ན། ཟས་སུ་དྲི་ཟ་ཞིང་སེམས་སྒྱུ་མ་ལྟ་བུ་དབང་པོ་ཚང་ཞིང་ཐོགས་པ་མེད་པའི་ཡིད་ཀྱི་ལུས་སོ། །གཉིས་པ་སྦྱོང་བྱེད་ནི། རྣམ་སྨིན་གྱི་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོས་སྦྱང་། བག་ཆགས་ཀྱི་ལུས་རྨི་ལམ་སྤྲུལ་སྒྱུར་ལ་སོགས་པས་སྦྱང་། ཡིད་ཀྱི་ལུས་འོད་གསལ་གྱིས་སྦྱང་བར་བྱའོ།
།ཡང་ན་ལུས་གསུམ་པོ་དེ་དག་རེ་རེ་ལའང་སྦྱང་གཞི་ལུས་ངག་ཡིད་གསུམ་ལ་སྦྱོང་བྱེད་བདེ་གསལ་མི་རྟོག་གསུམ་སྟེ། ཐོབ་བྱ་འབྲས་བུ་སྐུ་གསུམ་དབྱེར་མེད་དོ། །དེ་ལ་དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་འཚང་རྒྱ། འབྲིང་བག་ཆགས་ཀྱི་ལུས་ལ་འཚང་རྒྱ། ཐ་མ་རྣམ་སྨིན་གྱི་དུས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས་བར་དོར་འཚང་བར་བྱེད་པར་མཁས་གྲུབ་ཁྱུང་པོ་དང་། གཉན་སྟོན་སོགས་ཀྱིས་གསལ་བར་གསུངས་ཤིང་། རྣམ་སྨིན་གྱི་ལུས་གདམས་པའི་ཐབས་ཀྱིས་ཟིན་ན་བག་ཆགས་དང་། དེས་ཡིད་ལུས་རིམ་གྱིས་ཟིན་པར་འགྱུར་བས། ཐོག་མར་རྣམ་པར་སྨིན་པའི་ལུས་རྩ་རླུང་ཐིག་ལེའི་རང་བཞིན་ཅན་འདི་ལ་རང་ལུས་ཐབས་ལྡན་གྱི་མན་ངག་ཨ་ཧཾ་འབར་འཛག་གི་རྣལ་འབྱོར་དང་། གཞན་ལུས་ཤེས་རབ་ཀྱི་རྣལ་འབྱོར་ཁ་ག་མུ་ཁ་མཉམ་པར་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་བཞི་བཏུལ་བྱས་པས་ཟག་བཅས་ཡས་བརྟན་གྱི་དགའ་བཞི་དང་། ཟག་མེད་མས་བརྟན་གྱི་དགའ་བཞིའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ནོར་བུ་ལས་གཙུག་ཏོར་གྱི་བར་དུ་གཤེགས་ཏེ་ཡོངས་སུ་གང་བ་ན་ལུས་འཇའ་ལུས་རྡོ་རྗེའི་སྐུ་དང་། ངག་གཞོམ་དུ་མེད་པ་ནཱ་དའི་གླུ་དབྱངས། སེམས་རྟོག་མེད་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བས་དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག །དབང་པོ་འབྲིང་གིས་ཉིན་པར་སྒྱུ་ལུས་ཀྱི་དྲན་འདུན་དང་། མཚན་མོ་རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་སོགས་ཀྱིས་ཉིང་འཁྲུལ་རང་དག་ཏུ་སྦྱངས་པས་འབྲིང་བག་ཆགས་ཀྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག །ཐ་མས་རྣམ་སྨིན་དང་བག་ཆགས་ཀྱི་དུས་སུ་ཉམས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས་དབང་པོ་རབ་འབྲིང་ཐ་གསུམ་བར་དོ་གསུམ་རིམ་བཞིན་འཚང་རྒྱ་བ་ལ། དབང་པོ་ཐ་མ་ཡིད་ཀྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག
ཤིན་ཏུ་བསྡུས་པ་ནི། ལུས་གསུམ་རྒྱལ་བའི་སྐུ་གསུམ་དེ།
།རང་སེམས་འཆི་མེད་རང་གྲོལ་ལོ། །ཨེ་མ་དུས་གསུམ་རྒྱལ་བ་ཡི། །དགོངས་པ་རིན་ཆེན་མཛོད་ཡིན་ནོ། །ཞེས་གསུངས་པས།
སེམས་ཉིད་ཉག་གཅིག་གི་སྟེང་དུ་ཡེངས་མེད་དུ་འཇོག་པ་ཁོ་ནས་ལམ་གྱི་རིམ་པ་མཐའ་དག་བགྲོད་ནས་འབྲས་བུ་མཆོག་ལ་སྦྱོར་བར་གསུངས་སོ།
།བསྲེ་འཕོ་ཤེས་རབ་རྣམ་གསུམ་མམ་རྣམ་བཞིར་གྲགས་པ་ཉིད་ཉམས་ལེན་གྱི་གདམས་པ་དང་སྦྱོར་བའི་ཟབ་གནད་ཁྱད་པར་ཅན་ཇོ་ནང་རྗེ་བཙུན་ཆེན་པོའི་གསུང་རབ་ལས་འབྱུང་བ་དང་། ལུགས་འདིའི་སྤྱིའི་ལམ་རིམ་གྱི་རྣམ་གཞག་ཁྱད་པར་ཅན་སྒྱུ་མ་ལམ་རིམ་རྩ་འགྲེལ་ཡེ་ཤེས་མཁའ་འགྲོ་ཉིད་ཀྱིས་མཛད་པ་སོགས་ལས་རྟོགས་པར་བྱ་བ་གལ་ཆེའོ།