Rin po che'i mdzod dkar chag baiDUR+Ya'i lde'u mig

From Shangpa Resource Center
Revision as of 08:02, 28 January 2022 by Sengue (talk | contribs)








Resource ID SCv6p51
Title dpal ldan shangs pa bka' brgyud kyi gser chos rin po che'i mdzod yongs su phye ba'i dkar chag baiDUR+Ya'i lde'u mig
Topics Catalogue
Author Jamgön Kongtrül Lodrö Thayé
Link BDRC W23922
BDRC W21808
BDRC W8LS32723
Traductions (PDF files) French

༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་རིན་པོ་ཆེའི་མཛོད་ཡོངས་སུ་ཕྱེ་བའི་དཀར་ཆག་བཻཌཱུཪྻའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།།

ཐབས་མཆོག་སྣང་བའི་དྲ་བ་བདེ་བ་ཆེ། །ཤེས་རབ་སྟོང་ཉིད་ཕྱག་རྒྱར་སྡོམ་མཛད་པ། །བརྟན་གཡོ་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །དཔལ་ལྡན་བླ་མས་བྱང་ཆུབ་བར་དུ་སྐྱོངས། །རྡོ་རྗེ་བཙུན་མོ་མི་ཡི་ལང་ཚོ་ཅན། །མཁའ་སྤྱོད་ཡེ་ཤེས་དབང་མོ་རྣམ་པ་གཉིས། །འཕགས་བོད་མཁས་གྲུབ་གཉིས་སྐྱེས་བྱེ་བའི་ཁྲོད། །མཚན་དོན་རབ་བརྗིད་ཁྱུང་པོ་ལོ་ཙཱར་འདུད།
།ཟུང་འཇུག་རྒྱལ་སར་སྐུ་ཚེ་གཅིག་ལ་གཤེགས། །གཟུང་འཛིན་མདུད་པ་གཉུག་མའི་དབྱིངས་སུ་བཀྲོལ། །རྒྱུད་མཆོག་རྣམས་ཀྱི་བདག་པོའི་གནས་ཐོབ་པ། །རིན་ཆེན་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ།
།སྒྲུབ་བརྒྱུད་ཤིང་རྟའི་ལམ་སྲོལ་མཁའ་ལྟར་ཡངས། །ཁྱུང་པོའི་གསེར་ཆོས་ཉི་ཟླ་བཞིན་དུ་དཀོན། །གང་ལ་སྣང་དེར་སྙིང་གི་མུན་ཁང་བརྟོལ། །རྣམ་པར་གྲོལ་བའི་ནམ་མཁའ་ལངས་པར་མཛད། །རྡོ་རྗེའི་རྒྱ་ཡིས་བཏབ་པའི་ཚིག་གི་མཛོད། །ཡེ་ཤེས་ཌཱ་ཀིའི་ཁ་རླངས་ངད་ཆགས་པས། །སྒྲ་བཞིན་ལོངས་སུ་སྤྱོད་པའི་སྐལ་ལྡན་འབྲས། །དུས་ཀྱི་མཐར་ཡང་མི་ཆུང་ཡོངས་འདུའི་གཉེན། །སྙིགས་མའི་བསྐལ་པས་བཅིངས་པའི་པྲེ་ཏ་ཀ །མགྲིན་པར་བདུད་རྩིའི་ཟས་མཆོག་ཐོབ་མིན་པས། །ཀྱེ་མ་ཟབ་དོན་འོ་མའི་མཚོ་འགྲམ་དུ། །ལྟོག་སྐམ་ངལ་བ་ཆེད་དུ་བསྟེན་པ་མང་།
།དེ་ལྟས་གྲངས་ལྡན་ཆེན་པོར་རློམས་པ་དག །རང་ནོར་ཕྱི་སའི་ཕུང་པོར་འཛིན་མཐོང་ན། །འདི་དོན་གཉེར་བའི་བསོད་ནམས་བློ་གྲོས་མེད། །གཅིག་ཏུ་ལས་འཕྲོའི་ཉག་བྲག་ཕྲ་བར་ཟད། །སྐྱེ་བ་སྐྱེ་བར་སྨོན་ལམ་ཡོངས་བཟུང་བས། །ནོར་བུའི་མཛོད་ལ་དོན་གཉེར་བློ་མཆིས་པ། །སླར་འབྱུང་དེ་དག་ཐེ་ཚོམ་སྒྲོག་བརྡལ་ཞིང་། །གྲུབ་པའི་གཞུང་ལམ་གསལ་བའི་བཙས་འདི་བསྐྲུན།

།དེ་ལ་གངས་ཅན་ལྗོངས་འདིར་ཐུབ་བསྟན་ཉིན་མོར་མཛད་པ་བཤད་རྒྱུད་འདེབས་པའི་བཀའ་ཆེན་བཅུ་དང་། རྡོ་རྗེ་འཆང་གི་མྱུར་ལམ་ཚང་ལ་མ་ནོར་བ་སྟོན་པ་སྒྲུབ་བརྒྱུད་ཤིང་རྟའི་ལམ་སྲོལ་ཆེན་པོ་བརྒྱད་དུ་གྲགས་པ་ལས། ཕྱི་མའི་ཡ་གྱལ་ཉི་ཟླའི་དཀྱིལ་འཁོར་དང་གྲགས་པ་མཚུངས་པར་ལྡན་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་དང་། དེ་འཛིན་པའི་སྐྱེས་ཆེན་གྲུབ་ཐོབ་ཀྱི་ཕྲེང་བས་བསིལ་ལྡན་གྱི་སྨན་ལྗོངས་གཏམས་པ་ལྟར་གྱུར་མོད།
དེང་གི་དུས། ཐུབ་བསྟན་ལུང་གི་གཤམ་ཅུང་ཟད་ཅིག་བཞུགས་ཤིང་རྟགས་ཙམ་འཛིན་པའི་སྔ་ལྟས་སྟོན་མཇུག་གི་སིར་བུ་ལྟར་བརྡོ་བས། མདོ་སྔགས་བཤད་སྒྲུབ་ཀྱི་གྲྭ་ཕལ་ཆེར་ཟད་སར་འཁྱོལ། ཆོས་ལྟར་བཅོས་པའི་རྡུལ་ཕྲེང་ཀུན་ནས་འཁྲིགས་ཏེ་ཁྱིམ་པ་དག་ལྟ་ཅི་སྨོས། བསྟན་པ་འཛིན་པར་རློམས་པ་རྣམས་ཀྱང་ལྟར་སྣང་ཆོས་བརྒྱད་ཀྱི་འཁོར་ལོས་སྒྱུར་ཅིང་འཇིག་རྟེན་གྱི་བགྱི་བ་ལྷུར་བཞེས་ཏེ། དམ་པའི་ཆོས་དང་འབབ་པའི་ཆུ་གཉིས་ཉེ་བར་མཁོ་བ་ན་ལོངས་སྤྱད་པ་ཙམ་ལས་གཉེར་ཁ་མཛད་པ་དཀོན་ཅིང་། ཅི་སྟེ་མཛད་དུ་སྲིད་ན་ཐུབ་བསྟན་གྱི་རྒྱལ་སྲིད་ལ་ང་ཁྱོད་ཀྱི་རིས་སུ་བཅད་པའི་གཉེར་ཁས་མདོ་སྔགས་ནོར་བུའི་བང་མཛོད་དུ་མ་ཆུད་གཟོན་པའི་ལས་དང་། ཕལ་ཆེར་སྐལ་པ་ཤིན་ཏུ་དམན་པའི་དགུན་གྱི་ནམ་ཟླར་ཟབ་གསང་སྦྲང་རྩིའི་ཆར་སྤྲིན་བགས་ཀྱིས་ཡལ་བས། ཤངས་པའི་གསེར་ཆོས་ཕལ་མོ་ཆེ་མཁའ་ལ་སྤྱོད་པའི་རྟེན་གྱི་གཙོ་བོར་ཕེབས་ཟིན་པས་དཔེ་ལུང་གཉིས་ཀའི་རྒྱུན་ཆད་པ་མང་ཞིང་། འགའ་ཞིག་དཔེ་བཞུགས་ཀྱང་དབང་ལུང་གི་རྒྱུན་མི་བཞུགས་པ་དང་། གང་བཞུགས་དག་ལའང་ཡུན་རིང་གནས་པར་གྱུར་ན་ཅི་མ་རུང་སྙམ་པའི་སེམས་ཁྲལ་བྱེད་པ་ཆེས་ཉུང་བས། མགྲོན་པོའི་ལམ་རྒྱག་བཞིན་མཐར་གྱིས་མཛད་པར་འགྱུར་བར་དོགས་ནས། གཙོ་བོར་བསྟན་པ་ཡུན་རིང་དུ་གནས་པ་དང་། དབང་ལུང་ཡོད་མེད་ཤན་ཕྱེད་པ་དང་། རྩ་བ་ཡན་ལག་གི་ཁྱད་པར་དང་། ཕྱིས་བྱུང་གི་ཡི་གེའི་ཕུང་པོ་རྣམས་ལས་མེད་དུ་མི་རུང་བ་དག་ཀྱང་ངེས་པར་བྱ་བའི་སླད་དུ་དཀར་ཆག་འདི་བཏབ་པའང་དོན་ཡོད་པ་ཡིན་ནོ།

།འདི་ལ་གསུམ། ཆོས་ཀྱི་བྱུང་ཚུལ་སྐོར་སྨོས་པ། གདམས་ངག་གི་རྐང་གྲངས་བྱེ་བྲག་ཏུ་བསྡམ་པ། གླེགས་བམ་གྱི་བཞུགས་བྱང་དམིགས་སུ་བཤད་པའོ།

།དང་པོ་ལ་བཞི། རིང་བརྒྱུད། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད། བརྒྱུད་པ་ཕྱི་མ་རྣམས་ལས་བྱུང་ཚུལ་ལོ།
།དང་པོ་ནི། མཁས་གྲུབ་ཀྱི་རྒྱལ་པོ་མཐར་ཐུག་ལྔ་ལྡན་ཁྱུང་པོ་རྣལ་འབྱོར་དེ་ཉིད་བོན་དང་རྙིང་མ་ལ་རིམ་གྱིས་མཁས་ཤིང་གྲུབ་པ་ཐོབ་ཀྱང་། སྔོན་གྱི་ལས་འཕྲོ་དང་། བྱང་ཆུབ་སྤྱོད་པའི་སྨོན་ལམ་དུས་སུ་སོན་པས་དགུང་ལོ་ལྔ་བཅུ་བཞེས་པ་ན་འཕགས་ཡུལ་དུ་ཕེབས་ཏེ། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་རྣམ་བཞི་སོགས་མཁས་གྲུབ་བརྒྱ་དང་ལྔ་བཅུ་ལས་མདོ་སྔགས་ཀྱི་ཆོས་མ་ལུས་པ་གསན། ཁྱད་པར་རྡོ་རྗེ་འཆང་དངོས་ཀྱིས་རྗེས་སུ་བཟུང་བའི་ཡེ་ཤེས་ཌཱ་ཀི་རྣམ་པ་གཉིས་ལས་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་སྟེར་བའི་གདམས་ཟབ་ཐུན་མོང་མ་ཡིན་པར་རྫོགས་པར་ནོས་ཏེ། གཡས་རུ་ཤངས་ཀྱི་ཞང་ཞོང་རྡོ་རྗེ་གདན་དུ་གདན་ས་མཛད་པས་བླ་མ་ཤངས་པ་དང་། བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་དུ་གྲགས། འཁོར་ལོ་ལྔ་རྒྱུད་སྡེ་ལྔར་གྲུབ་པས་གཞན་ལ་དངོས་སུ་སྟོན་པས་མཚོན་པདྨ་བཛྲ་སོགས་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྣམས་དང་མི་གཉིས་པའི་གྲུབ་པའི་ཆོ་འཕྲུལ་རྒྱུན་མི་འཆད་པ་ཤུགས་ལས་བརྡོལ། དགུང་ལོ་བརྒྱ་དང་ལྔ་བཅུའི་བར་དུ་མདོ་སྔགས་ཀྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བས་ས་ཆེན་པོའི་རྡུལ་དང་མཉམ་པའི་འགྲོ་བ་སྨིན་པར་མཛད་པ་ལས། བཤེས་གཉེན་ཁྲི་ཕྲག་བཅོ་བརྒྱད་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཞིང་ཁྱད་པར་སྲས་ཀྱི་ཐུ་བོ་རྣམ་པ་དྲུག་གིས་བརྒྱུད་པའི་རྐང་བཟུང་བ་ལས་མཆོག་ཏུ་གྱུར་པ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ་གཅིག་བརྒྱུད་ཀྱི་བཀའ་བབ་སྟེ། འགྲོ་མགོན་སངས་རྒྱས་སྟོན་པའི་བར་དུ་སྙན་དུ་བརྒྱུད་པ་ལ་རིན་ཆེན་རྣམ་བདུན་སྔ་མར་གྲགས། དེའི་སློབ་མ་མཁས་གྲུབ་རྣམ་གསུམ་ནས་བཀའ་རྒྱ་གྲོལ་ཏེ་སྙན་བརྒྱུད་ཡི་གེར་བཀོད། ལུང་བསྟན་ལྟར་ཆོས་ཀྱི་ཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ་སྟེ་བརྒྱུད་སྲོལ་མཐའ་ཡས་པ་གྱེས། མཁས་གྲུབ་ཤངས་སྟོན་ནས་རྒྱ་སྒོམ་ལེགས་རྒྱལ་བར་དུ་བརྒྱུད་པ་འདི་ལ་རིན་ཆེན་རྣམ་བདུན་ཕྱི་མའི་མཚན་དུ་ཆགས་ཤིང་དོན་ལའང་གྲུབ་པའི་གོ་འཕང་སྔ་མ་རྣམས་དང་མཉམ་ངེས་པ་ཡིན་ཅིང་། སྨད་བརྒྱུད་དུ་གྲགས་པ་འདི་ཁྱུང་པོ་ལན་གསུམ། རྨོག་ལྕོག་པ་ལན་གཉིས་སུ་བཟླས་པ་ཚང་བས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་གསུངས། བརྒྱུད་སྲོལ་དེ་དག་ལས་བྱུང་བའི་ཆོས་ཀྱི་རྣམ་གྲངས་དེང་སང་བཞུགས་པ་དེ་དག་ལས། སྙན་བརྒྱུད་དང་མགོན་པོ་སོགས་ཉམས་ལེན་ཚུལ་བཞིན་བྱེད་པ་ཐོ་རེ་བ་མཆིས་ཤིང་། བཤད་པའི་རྣམ་གྲངས་ཙམ་མ་ཡིན་པར་གཞན་ལས་ཁྱད་པར་དུ་འཕགས་པའི་མྱོང་རྟགས་ཡིད་ཆེས་ཀྱིས་བརྒྱན་པའི་རྒྱུན་ཀྱང་བཞུགས་བཞིན་པའོ།
།གཉིས་པ་ནི། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཕྱི་མ་གྲུབ་ཆེན་བརྩོན་འགྲུས་བཟང་པོའམ། ཐང་སྟོང་རྒྱལ་པོ་སོགས་སྐུ་གཅིག་མཚན་ལྔ་ལྡན་པ་དེ་ཉིད་ཀྱིས། རིང་བརྒྱུད་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་མུས་ཆེན་རྒྱལ་མཚན་དཔལ་བཟང་ནས་རི་གོང་སྟོད་རྒྱུད་དུ་གྲགས་པའི་སྙན་བརྒྱུད་རྣམས་བྱང་སེམས་སྦྱིན་པ་བཟང་པོ་ལས་གསན་ནས་ཐུགས་ཉམས་སུ་བཞེས་པས། ཡེ་ཤེས་མཁའ་འགྲོ་]]དངོས་ཀྱིས་རྗེས་སུ་བཟུང་བའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་སྟེ། དང་པོ། གཙང་གི་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ཏེ། ཆོས་དྲུག །ཕྱག་ཆེན། ལམ་འཁྱེར། འཆི་མེད། བླ་མ་མགོན་པོ་དབྱེར་མེད་རྣམས་ཀྱི་ཁྲིད། གཉིས་པ་མདོ་སྨད་སྲིན་རྫོང་ཤུག་ལྡོང་གི་རྩ་བར་དེ་དག་སོ་སོའི་དབང་། གསུམ་པ་མཁའ་སྤྱོད་ཀྱི་གདམས་པ་ཡི་གེ་མེད་པའི་བརྡ་ཐབས་སུ་བྱུང་བ་བཅས་མང་མཁར་བ་བློ་གྲོས་རྒྱལ་མཚན་དང་། རྒྱ་སྒོམ་ལེགས་པ་རྒྱལ་མཚན་སོགས་ལས་སོ་སོར་བརྒྱུད་དེ་ད་ལྟའི་བར་བཀའ་བརྒྱུད་ཟམ་མ་ཆད་པར་བཞུགས་སོ།
།གསུམ་པ་ནི། ནག་པོ་སྤྱོད་པའི་རྣམ་པར་འཕྲུལ་པ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་ཀྱི་རིང་བརྒྱུད་འཇག་བསམ་གཉིས་ལས་བྱུང་བའི་བརྒྱུད་པའི་རྣམ་གྲངས་ཉེར་བཞི་དང་། ཁྲིད་ཐེངས་ལན་གྲངས་བརྒྱ་ལྷག་གསན་ཅིང་ཕྱིས་སུ་དག་པའི་སྣང་བར་ཟུང་འཇུག་གི་སྐུ་ཅན་རྡོ་རྗེ་བཙུན་མོ་ནི་གུཔྟས་སྙན་བརྒྱུད་ཀྱི་གདམས་ངག་སྔ་མ་ལས་ཀྱང་ཁྱད་པར་དུ་གྱུར་པས་ཟུར་བརྒྱན་ཏེ་སྩལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཁྲིད་ཚུལ་འདི་ཁོ་ན་ལན་གྲངས་བརྒྱ་ལྷག་མཛད་ཅིང་སྐལ་ལྡན་དུ་མ་སྨིན་གྲོལ་གྱི་རྒྱལ་སར་བཀོད་པ་ལས་ཐུགས་སྲས་ཀྱི་གཙོ་བོ་ཆོས་སྐུ་ལྷ་དབང་གྲགས་པ་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ལ་བརྒྱུད་དེ་ཡིག་ཆ་ཟུར་དུ་མ་འཁོད་ཀྱང་གདམས་ངག་གི་ངོ་བོ་བཞུགས་བཞིན་པ་ཉིད་དོ།
།གཞན་ཡང་བྱང་སེམས་ཆུ་སྒོམ་པ་ལ་ནི་གུ་མས་དངོས་སུ་སྩལ་བ་སོགས་གདམས་ངག་ཡི་གེར་མ་འཁོད་པའི་རིགས་དང་། འཁོད་ཀྱང་ཡོངས་སུ་མ་གྲགས་པའི་རིགས། ཐོར་བུ་ནི་མང་བར་ངེས་ཏེ། བརྒྱུད་པ་ནས་བརྒྱུད་པར་ཞལ་གཟིགས་དང་ཆོས་ཀྱི་སྣང་བ་བར་མ་ཆད་པ་ལ་སྤྱོད་པའི་ཕྱིར་རོ།
བོ་དོང་འཇིགས་བྲལ་ཆེན་པོ་ལ་ནི་དྷི་གཉིས་ཀྱིས་དངོས་སུ་བསྩལ་བའི་ཚེ་དབང་དང་སྒྲུབ་ཐབས། རས་ཆེན་དཔལ་འབྱོར་བཟང་པོ་ལ་གནང་བའི་གཏུམ་མོ་དང་འཕོ་བ་ཞག་བདུན་མ་སོགས་ཀྱང་ཤངས་ཆོས་མ་ཡིན་ཀྱང་བྱུང་ཁུངས་དང་གདམས་ངག་གི་རྐང་གཅིག་པས་འདིའི་ཕྱོགས་སུ་བསླན་ནོ།
།བཞི་པ་ནི། དབོན་སྟོན་སྐྱེར་སྒང་པ་ལ་ཐུགས་རྗེ་ཆེན་པོ་དང་རྟ་མགྲིན་གསང་སྒྲུབ་ཀྱི་བཀའ་བབ་པ་དང་། སངས་རྒྱས་གཉན་སྟོན་ལ་བླ་མ་དུར་ཁྲོད་པའམ་ལ་སྟོད་པ་ཤེས་རབ་མགོན་པོས་གནང་བའི་འཆི་མེད་ཀྱི་གདམས་སྐོར་རྣམས་ནི་དེ་དག་ལས་རིམ་པར་བརྒྱུད་པའི་སྨིན་གྲོལ་ཕལ་ཆེར་ཚང་བར་བཞུགས་ཤིང་འབྱུང་ཁུངས་མི་གཅིག་ལ། དབོན་སྟོན་གྱི་ཟབ་ཆོས་གདམས་ངག་གི་རྐང་ཡང་ཐ་དད་རུང་ཤངས་ཆོས་ཀྱི་བསྡེབས་སུ་ཆུག་ཅིང་། གཉན་སྟོན་གྱིས་ཁུ་སྒོམ་ཆོས་སེང་དང་། སངས་རྒྱས་སྟོན་པས་སུམ་རས་ལས་གཅོད་ཡུལ་གྱི་གདམས་ངག་གསན་ཏེ་བརྒྱུད་པ་ད་ལྟའི་བར་མཆིས་པ་སོགས་ཤངས་པ་བཀའ་བརྒྱུད་ཕྱི་མ་རྣམས་ལ་གདམས་ངག་གི་ཆུ་བོ་ནི་མང་དུ་འདུས་པ་ཞིག་སྟེ་འདིར་བགྲང་བྱ་མ་ཡིན་ནོ།

།གཉིས་པ་གདམས་ངག་གི་རྐང་གྲངས་བྱེ་བྲག་ཏུ་བསྡམ་པ་ལ་བཞི། ཐོག་མ་གང་ཞིག་བྱུང་། ད་ལྟ་ཇི་ཙམ་བཞུགས། བཤད་སྒྲུབ་གང་ལ་དྲིལ། ཡིག་ཆའི་ཁྱད་པར་བཤད་པའོ།
།དང་པོ་ནི། མཁས་གྲུབ་ཐམས་ཅད་ཀྱི་རྒྱལ་པོ་ཁྱུང་པོ་རྣལ་འབྱོར་དེ་ཉིད་ཀྱིས་རྒྱ་གར་མཁས་པ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ལོངས་པས། མདོ་སྔགས་བཤད་སྒྲུབ་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་པ་དེ་ཐམས་ཅད་ཀྱང་བསྡུ་ན། བཤད་པ། རྩོད་པ། སྒྲུབ་པའི་ལམ་རིམ་གསུམ་དུ་འདུ་བ་སྟེ།
བཤད་པའི་ལམ་རིམ་ལ། མདོ་དང་དེའི་བསྟན་བཅོས་ཀྱི་རྒྱུད་རྒྱུད་འགྲེལ་དང་བཅས་པ། མཚན་ཉིད་ཐེག་པ་ལ་གྲུབ་མཐའ་ཆེན་པོ་བཞི། རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་ཆེན་པོ་བཞི་ཚུལ་བཞིན་དུ་བཤད་པ་དང་།
རྩོད་པའི་ལམ་རིམ་ལ་ཚད་མ་སྡེ་བདུན་སོགས་རྟོག་གེ་ཕྱི་རབས་པའི་ལུགས་ཀྱང་གསན་མོད། གཙོ་བོར་ཚད་མ་སྔ་རབས་པ་ལ་གྲགས་པ་ལྟར་གཏན་ཚིགས་ཆེན་པོ་བཞིས་མཚན་ཉིད་གསུམ་གཏན་ལ་དབབ་ཅིང་། ཚད་མ་ཡང་མངོན་སུམ། རྗེས་དཔག །ཡིད་ཆེས་ཚད་མ་དང་གསུམ་ཕྱེ་ནས། བརྒལ་ལན་རྣམ་པར་ངེས་པར་བྱེད་པ་དང་།
སྒྲུབ་པའི་ལམ་རིམ་ལ་རྒྱུ་ཕར་ཕྱིན་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཀྱི་ཉམས་ལེན་མཐའ་དག །བྱང་ཕྱོགས་སོ་བདུན་ཐུན་མོང་དང་ཁྱད་པར་ལམ་གྱི་གནད་ཀྱིས་ཉམས་སུ་ལེན་ཚུལ་མན་ངག་ཏུ་དྲིལ་ནས་སྟོན་པས་གངས་ཅན་དུ་བྱོན་པའི་སྟོན་པ་ཞིག་ལ་ཆོས་ཀྱི་སྒོ་མཐའ་ཡས་པ་དང་། འགྲན་ཟླ་མེད་པའི་ཕྲིན་ལས་ཅན་ཡིན་པས་བསམ་གྱིས་མི་ཁྱབ་བོ།
།གཉིས་པ་ནི། དེ་དག་ལས་དེང་སང་ཇི་ཙམ་བཞུགས་ཤེ་ན། ལམ་རིམ་གསུམ་ལས་སྒྲུབ་པའི་ལམ་རིམ་རྩ་བ་ཙམ་ཞིག་བཞུགས་པར་ཟད་དེ་དེ་ལའང་། ནི་གུསུ་ཁརྡོ་རྗེ་གདན་པམཻ་ཏྲཱི་པརཱ་ཧུ་ལའི་ཆོས་སྐོར་ལྔ། མན་ངག་ཐོར་བུ་དང་བཅས་པ་བཞུགས་ཤིང་། དེ་རྣམས་སྡེ་ཚན་དུ་བསྡམས་པའི་བརྡར་བཞག་པ་ལས་ཁྱུང་པོ་ཉིད་ཀྱིས་ཇི་ལྟར་གསན་པའི་ཆོས་སྐོར་ཚང་བ་ནི་མ་ཡིན་ཏེ་ཐོག་མ་ནས་ཀྱང་བརྒྱུད་སྲོལ་གཅིག་ལ་ཚང་བར་འབྱོན་དུ་མ་བཏུབ་ན། ད་ལྟ་ལྟ་སྨོས་ཀྱང་ཅི་དགོས་པས་སོ།
།གསུམ་པ་ནི། ད་ལྟ་བཞུགས་པ་དེ་དག་འཆད་ཚུལ་དང་ཉམས་ལེན་གང་དུ་དྲིལ་ཞེ་ན། དེའང་དབང་པོ་དང་བློ་གྲོས་དད་བརྩོན་གྱི་བྱེ་བྲག་གིས་རྣམ་པ་བཞིར་མཛད་དེ། ཆོས་ཀྱི་སྒོ་མ་ཚང་བ་མེད་པའི་རྒྱས་པ། སྤྱིར་ཉེ་བར་བསྡུས་པའི་འབྲིང་པོ། གནད་ཉེ་བར་དྲིལ་བའི་བསྡུས་པ། དོན་མཐིལ་དུ་བསྟན་པའི་ཤིན་ཏུ་བསྡུས་པ་སྟེ་བཞིར་ཕྱེ་ནས་སྟོན་ཞིང་།
དང་པོ་ལ་དེང་སང་གི་ཤངས་ཆོས་ཡོད་དོ་འཚལ་དང་།
གཉིས་པ་ལ་གཞུང་བཀའ་ཉེར་ལྔ། རྩ་བ་ཆོས་དྲུག་ སྡོང་པོ་གའུ་མ། །ཡལ་ག་ལམ་འཁྱེར་ མེ་ཏོག་མཁའ་སྤྱོད་གཉིས། །འབྲས་བུ་ལུས་སེམས་འཆི་མེད་གྱུར་པ་སྟེ། །བཀའ་བརྒྱུད་ཤངས་པའི་ཉམས་ལེན་གཙོ་བོ་ཡིན། །ཞེས་པ་ལྟར་གསེར་ཆོས་བཞི། མཁའ་སྤྱོད་དཀར་དམར་དང་བཅས་པ་ཆ་ལག་ཚང་བར་སྟོན་པ་ཡིན་ཅིང་།
གསུམ་པ་ལ་སྨིན་བྱེད་སྒྱུ་ལུས་དབང་མོ་ཆེ་དང་། སྒོས་བཀའ་དྲུག །ནི་གུ་ཆོས་དྲུག་དམིགས་པ་མཐའ་དག་གིས་བརྒྱན་པ།
བཞི་པ་ནི། སྒྱུ་ལུས་དབང་མོ་ཆེ་གཅིག་ཉིད་ལ། སྤྱི་དང་བྱེ་བྲག་ཆོས་དྲུག་གི་བཀའ་དྲུག་ཀྱང་ཚང་བའི་ཡིད་ཆེས་བསྐྱེད་ནས། དམིགས་ཆེན་བྱང་ཆུབ་སྒྲུབ་ལམ་དང་། དམིགས་ཕྲན་ལམ་གྱི་ཉེར་མཁོ་སོ་སོར་ཕྱེ་ནས་དམིགས་ཆེན་གཟེར་མགོ་བཅུ་བདུན་དུ་བསྡམས། དེ་དག་ཀྱང་ཆོས་ཚན་ལྷག་མ་བཞིའི་ཉམས་ལེན་གྱི་གནད་དྲིལ་ནས་འདུས་ཚུལ་གྱི་སངས་རྒྱས་ལག་བཅང་དུ་སྤྲོད་པར་མཛད་ཅིང་། ཧྲིལ་གྱིས་དྲིལ་བས། སྨིན་བྱེད་དབང་གི་སྐོར། གྲོལ་བྱེད་ལམ་གྱི་སྐོར། རྒྱབ་བརྟེན་ལུང་གི་སྐོར། བཀའ་སྲུང་མགོན་པོའི་སྐོར་བཞིར་བསྡུས་ཏེ་བཤད་སྒྲུབ་ཏུ་དྲིལ་བ་ཡིན་ནོ།
།བཞི་པ་ནི། ལམ་རིམ་གསུམ་གྱི་ཆོས་སྤྱིར་ཡོངས་སུ་གྲགས་པའི་ཡིག་ཆ་ཟུར་པ་ཆེར་མ་བྱོན་ཅིང་། ཤངས་ཆོས་བྱེ་བྲག་པའི་སྐོར་རྣམས་ལས་ཡེ་ཤེས་ཌཱ་ཀི་རྣམ་པ་གཉིས་ཀྱི་ཞལ་ལུང་སོགས་རྩ་བའི་སྙན་བརྒྱུད་རྣམས་འགྲོ་མགོན་སངས་རྒྱས་སྟོན་པའི་བར་ཡི་གེར་འཁོད་པ་མེད་ཅིང་།
སངས་རྒྱས་སྟོན་པ་ནས་བཀའ་རྒྱ་གྲོལ་ཏེ་ཐུགས་སྲས་ཐུ་བོ་མཁས་གྲུབ་རྣམ་པ་གསུམ་ལས། བསམ་སྡིངས་པ་གཞོན་ནུ་གྲུབ་དངོས་ཀྱིས་ཁྲིད་ཡིག་མཛད་པ་དང་། གཙང་མ་ཤངས་སྟོན་ཚུལ་ཁྲིམས་མགོན་གྱི་གསུང་རྣམས་འཇག་ཆེན་རྒྱལ་མཚན་འབུམ་གྱིས་ཡི་གེར་བཏབ་ནས་སྤྱན་སྔར་ཞུ་ཡིག་མཛད། སྤྱིར་མཁས་གྲུབ་རྣམ་པ་གསུམ་ལས་ཀྱང་སྙན་བརྒྱུད་ཡི་གེར་འགོད་པའི་བཀའ་དྲིན་ཆེ་བ་ནི་མཁས་བཙུན་རྒྱལ་མཚན་འབུམ་ཉིད་ཡིན། སངས་རྒྱས་སྟོན་པའི་ཞལ་སློབ་སློབ་དཔོན་གནས་རྙིང་པ་ཨའི་སེང་གེ་དང་སྤྲུལ་སྐུ་རིན་ཆེན་བློ་གྲོས་ཀྱི་གསུང་ལས་བྱོན་པ་གསེར་གླིང་པ་བཀྲ་ཤིས་དཔལ་བས་ཡི་གེར་མཛད་པ་རྣམས་ཀྱང་རྩ་བའི་ཡིག་ཆ་ཡིན།
དེས་ན་གྲུབ་ཆེན་ཁྱུང་པོ་དངོས་ཀྱི་སྐབས་སུ་བྱོན་པའི་རྒྱ་གཞུང་དང་གསུང་སྒྲོས། རྨོག་ལྕོག་པའི་རིན་ཆེན་འོད་ཕྲེང་། སྐྱེར་སྒང་པའི་གསང་སྒྲུབ་སྐོར་གཉིས། འགྲོ་མགོན་ཆོས་རྗེའི་དྲི་མེད་འོད་ཕྲེང་དང་ཉམས་སྨྱོང་ཞུས་ལེན་གཙོ་བོར་གྱུར་པའི་རིན་ཆེན་བདུན་བརྒྱུད་ཀྱི་གསུང་རབ་ཡོད་དོ་ཅོག་ནི་རྩ་བ་ཡིན་པ་སྨོས་མ་དགོས། མཁས་གྲུབ་རྣམ་གསུམ་གནས་རྙིང་པ་བཅས་ཀྱི་གསུང་རྣམས་ཀྱང་རྩ་བ་དང་མཚུངས་པས་ཅིས་ཀྱང་བསྡུ་བར་འོས་པ་ཡིན།
མཁས་གྲུབ་རྣམ་གསུམ་ལས་གྱེས་པའི་བརྒྱུད་པ་སོ་སོའི་ཡིག་ཆ་མཐའ་ཡས་པ་ནི་བསྡུ་བར་མི་ནུས་ཤིང་དེང་སང་བརྒྱུད་སྲོལ་རྐང་ཚུགས་ལོགས་སུ་མེད་པས་དོ་གལ་ཡང་མི་ཆེ། རིན་ཆེན་རྣམ་བདུན་ཕྱི་མ་ནས་རྗེ་གྲོལ་མཆོག་ཞབས་ལ་བརྒྱུད་པ་དང་། མུས་ཆེན་རྒྱལ་མཚན་བཟང་པོ་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་བརྒྱུད་པ་གཉིས་ཀྱི་ཡིག་ཆ་ནི་འདིར་བསྡུ་བྱའི་སྙིང་པོ་ཡིན་རུང་། རྗེས་འབྲང་སོ་སོས་ཡིག་ཚོགས་དུ་མ་སྤེལ་བ་ནི་སྡུད་པར་དཀའ་ཞིང་དགོས་གནད་ཆུང་བས་སྔ་མའི་དོན་འདྲིལ་གྲོལ་བྱེད་ལ་ཇོ་ནང་རྗེ་བཙུན་རིན་པོ་ཆེ་དང་། ཕྱི་མ་གྲུབ་ཆེན་ཉིད་ཀྱི་ཡིག་ཆ། གཉིས་ཀའི་སྨིན་བྱེད་རྗེ་ཞྭ་ལུ་པ་དང་། དེ་དག་གི་ཁ་འགེངས་འཇམ་དབྱངས་བླ་མས་མཛད་པ་སོགས་མེད་དུ་མི་རུང་བ་རྣམས་སྙིང་པོར་བཟུང་།
མགོན་པོའི་སྐོར་ལ་སྨད་ལུགས་པའི་ཡིག་ཆ་ཉུང་ཞིང་། སྟོད་ལུགས་པའི་ཡིག་ཚོགས་རྒྱ་ཆེ་བ་ལས་ད་ལྟ་མགོན་མཐིང་ལ་གནས་རྙིང་བེ་བུམ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བསྒྲིགས་པའི་གཞུང་པོད། མགོན་དཀར་ལ་རྒྱ་གཞུང་གསལ་བྱེད་དང་བཅས་པ་ཙམ་ཞིག་གཙོ་བོར་བཟུང་བར་བྱ་བ་ཡིན་ནོ།

།གསུམ་པ་གླེགས་བམ་གྱི་བཞུགས་བྱང་དམིགས་སུ་བཤད་པ་ལ་གཉིས། སྨིན་གྲོལ་གྱི་རྒྱུན་བཞུགས་པའི་སྐོར། མི་བཞུགས་པའི་སྐོར་རོ།
།དང་པོ་ལ་གཉིས། གང་ལས་བྱུང་བ་བརྒྱུད་པའི་རྣམ་ཐར་དང་། བརྒྱུད་པ་དེ་ལྡན་གྱི་གདམས་ངག་དངོས་སོ།
།དང་པོ་ནི། སངས་རྒྱས་རྡོ་རྗེ་འཆང་དང་། ཡེ་ཤེས་མཁའ་འགྲོ་ནི་གུ་མ་བཅས་ཀྱི་རྣམ་ཐར་རྨོག་ལྕོག་པ་ཕྱི་མ་ཀུན་དགའ་འོད་ཀྱིས་མཛད་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ། དབོན་སྟོན་སྐྱེར་སྒང་པ་བཅས་ཀྱི་རྣམ་ཐར། སྐྱེར་སྒང་པའི་རྣམ་ཐར་བཀའ་རྒྱ་མ། རི་གོང་པ་སངས་རྒྱས་གཉན་སྟོན་དང་། འགྲོ་མགོན་སངས་རྒྱས་སྟོན་པའི་རྣམ་ཐར། དེའི་རྣམ་ཐར་མྱ་ངན་འདས་ཆུང་མ། ནང་གི་རྣམ་ཐར་ བཅས། དེ་དག་གི་རྩ་བ་རྣམས་ཁྱུང་པོ་སོགས་སོ་སོའི་ཞལ་གསུང་མ་ཡིན་ཅིང་། འཕྲོས་མྱ་ངན་ལས་འདས་བྱུང་དང་གཞན་རྣམས་སློབ་མས་ལྷན་ཐབས་སུ་སྦྱར་བ་ཡིན་ནོ། །དེ་དག་ནི་བཀའ་བབ་ཤིང་རྟའི་ལམ་སྲོལ་དང་པོ་ལས་རིན་ཆེན་རྣམ་བདུན་གྱི་རྣམ་ཐར་ལོ་རྒྱུས་ཁོ་ན་ཙམ་སྟེ།
གཞན་རིན་ཆེན་རྣམ་བདུན་གསར་མར་གྲགས་པ་གཙང་མར་ཤངས་སྟོན་སོགས་དང་། བཀའ་བབ་བར་པ་གྲུབ་ཆེན་རིན་པོ་ཆེ་ལྕགས་ཟམ་པའི་རྣམ་ཐར་ལ་སོགས་པ་དང་། བཀའ་བབ་ཕྱི་མ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྣམ་པར་ཐར་པ་རང་གི་མྱོང་བ་རྒྱན་གྱི་མེ་ཏོག་ལ་སོགས་པ་རྣམས་ནི་ལུང་རྒྱུན་མ་ཆད་པར་བཞུགས་ཀྱང་ཡན་ལག་གི་ཡི་གེའི་ཚོགས་ཧ་ཅང་ཆེ་ན།
རྩ་བ་དངོས་ཀྱང་འབྲི་བ་དང་འཆད་པའི་རྩོལ་བ་ལ་རེ་བ་དང་བྲལ་བ་དེང་དུས་ཀྱི་གཤིས་ཡིན་པས། སྐབས་འདིར་དེ་དག་གི་སྙིང་པོ་བསྡུས་པ། ཤངས་པ་བཀའ་བརྒྱུད་ཕྱི་མ་རྣམས་ཀྱི་རྣམ་ཐར་སྙིང་པོ་བཻཌཱུརྱའི་ཕྲེང་བ། རྗེ་བཙུན་སྒྲོལ་བའི་མགོན་པོའི་རྣམ་ཐར་བསྟོད་པ་དད་པའི་ལྗོན་ཤིང་ཙམ་བཞུགས་སོ།

།གཉིས་པ་གདམས་སྐོར་དངོས་ལ་གཉིས། རྒྱ་གཞུང་གཙོ་བོར་གྱུར་པའི་རྩ་བའི་ཡིག་རྙིང་དང་། གསལ་བྱེད་ཉེར་མཁོའི་ལྷན་ཐབས་ཕྱིས་སུ་བྱུང་བའོ།
།དང་པོ་ལ་གསུམ། ནི་གུ་མའི་སྐོར། སུ་ཁའི་སྐོར། ཐོར་བུའི་སྐོར་རོ།
།དང་པོ་ལ་ལྔ། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་འཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད། དེ་རེ་རེ་ལ་སྨིན་གྲོལ་གྱི་ཆོས་སྡེ་གཉིས་གཉིས་སུ་བཞུགས་པ་ལས།
དང་པོ་ཆོས་དྲུག་གི་སྨིན་བྱེད་དབང་གི་ཆོས་སྡེར་གཏོགས་པའི་སྐོར་ལ།
ཁྱུང་པོ་རྣལ་འབྱོར་པའི་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་ཞེས་པ་མགོར། ན་མོ་གུ་རུ། བླ་མ་དམ་པའི་ནས། ཡེ་ཤེས་ཀྱི་ཌཱ་ཀི་མའི་གསུང་ཇི་ལྟ་བ་བཞིན་བཀོད་པ་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ་ཞེས་པའི་མཐའ་ཅན།
བདེ་མཆོག་ལྷ་ལྔའི་མཆོད་འགྲིགས། བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ནས། ཚུལ་ཁྲིམས་མགོན་པོས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན།
འཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས། བླ་མ་དམ་པའི་ཞབས་བཏུད་སོགས་ནས། སྔགས་འཆང་རྒྱལ་མཚན་འབུམ་གྱིས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན།
འཁོར་ལོ་སྡོམ་པའི་ཏིང་ངེ་འཛིན་གྱི་དབང་བསྐུར་མགོར་རྒྱ་སྐད་ཅན། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་སྡོམ་པ་རྒྱ་མཚོའི་རྒྱུད་ལས་ཕྱུང་ཞིང་ཁྱུང་པོ་རྣལ་འབྱོར་གྱིས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ།
བདེ་མཆོག་ལྷ་ལྔའི་དབང་བཞིའི་འགྲིགས་མགོར། བླ་མ་ཡི་དམ་དབྱེར་མེད་ནས། དྷྭ་ཛ་ལཀྵས་བཀོད། དགེ་བས་བདེ་མཆོག་སོགས་ཀྱི་མཐའ་ཅན།
དཔལ་རྒྱུད་སྡེ་ལྔའི་རྒྱ་གཞུང་མགོར་རྒྱ་སྐད་ཅན། པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང་ལོ་ཙཱ་བ་གླན་དར་བློས་བསྒྱུར་ཅིང་། སླད་ནས་ལོ་ཆེན་རིན་ཆེན་བཟང་པོས་གཏན་ལ་ཕབ་པ།
རྒྱུད་སྡེ་ལྔའི་མངོན་རྟོགས་གཏོར་མ་དང་བཅས་པ་མགོར་བླ་མ་དམ་པ་རྣམས་ལ་ནས་ཁྱུང་པོ་རྣལ་འབྱོར་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན།
རྒྱལ་བ་ལོངས་སྐུ་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །ཨྀཐི། བླ་མ་རིན་པོ་ཆེའི་ནས། ཐོབ་པར་གྱུར་ཅིག་གི་མཐའ་ཅན། རྒྱུད་སྡེ་ལྔའི་སྐོར་འདི་རྣམས་རྡོ་རྗེ་གདན་པའི་ཆོས་སྐོར་ཡིན་ཀྱང་། དེའི་ཆོས་སྐོར་དེང་སང་འདི་ཙམ་ལས་མི་བཞུགས་པས་བྱིན་རླབས་ཁོག་དབུབ་ཀྱི་བཀའ་དང་འབྲེལ་ཆགས་སུ་བགྲང་བའོ།
འགྲོ་མགོན་ཆོས་རྗེ་སྟོན་པས་མཛད་པའི་དབང་བསྐུར་སྔོན་འགྲོ། བླ་མ་དམ་པའི་ཞབས་བཏུད་སོགས་ནས། བརྩོན་འགྲུས་སེང་གེས་གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན།
འཇུག་སྒོ་ཡོན་ཏན་ཀུན་འབྱུང་སྒྱུ་ལུས་ཀྱི་བཙུན་པ་གངས་པས་སྦྱར་བྱང་གི་ཚིག་ཡོད་པ། འདིའི་མཇུག་ཏུ། མཆོད་གཏོར་སྐབས་སུ་མཁོ་བའི་བསྟོད་ཐུང་ཡོད།
སྒྱུ་ལུས་དབང་མོ་ཆེ་ན་མོ་གུ་རུ་ཙཀྲ་སམྦ་ར་སོགས་ནས། ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ་སོགས་དང་ཉམས་སུ་མྱོང་བར་བྱས་སོའི་མཐའ་ཅན།
ཆོས་དྲུག་སྒོས་བཀའ་ཚན་དྲུག་མགོར་བླ་མ་སོགས་ནས། མཐར། རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། ཨྀཐི། ཞེས་པ་ཐམས་ཅད་ལ་ཡོད་པ།
འཕོ་བ་དང་བར་དོ་སྤྱིའི་བཀའ། ན་མོ་གུ་རུ་ནས། རྗེས་ཀྱི་ཆོས་རྣམས་བྱའོ་ཞེས་པའི་མཐའ་ཅན།

གཉིས་པ་གྲོལ་བྱེད་གདམས་པའི་སྐོར་ལ།
ཆོས་དྲུག་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཕྱིས་རིན་ཆེན་བཟང་པོས་གཏན་ལ་ཕབ་པ། ཁྱུང་པོའི་མཆན་དཀྱུས་ཤོར་ཅན་དང་། ཡང་བུདྡྷ་ཤྲཱིས་གཞུང་ཆེན་༼མཆན༽སོ་སོར་ཕྱེས་ནས་མཆན་ཅུང་ཟད་བཏབ་པ་ལ་སླར་ཡང་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་ཞིབ་ཏུ་དཔྱད་པ་བཅས་འདྲ་མིན་གཉིས།
ཆོས་དྲུག་གི་ཚིག་གསལ་༼མཆན་ཅན་༽ཁྱུང་པོས་མཛད་པ། བླ་མ་དམ་པ་ནས། ཅུང་ཞིག་གསལ་བར་བྱས་པ་རྫོགས་སོ་སོགས་ཀྱི་མཐའ་ཅན།
ཆོས་དྲུག་ཐེམ་ཡིག །རྡོ་རྗེ་འཆང་གིས་ནས། ཌཱ་ཀི་ནི་གུ་མས་ཇི་ལྟར་གསུངས་པ་བཞིན་དུ་བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན།
གཞི་ལམ་འབྲས་བུའི་རྣམ་བཞག་༼མཆན་ཅན།༽ བཞི་ལམ་སོགས་ནས། ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ་རྫོགས་སོའི་མཐའ་ཅན།
ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ན་མོ་གུ་རུ་ནས། ༼མཆན་ཅན།༽ བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པ་པོའི་མཐའ་ཅན།
སྒྱུ་ལུས་དྲུག་ལྡན་ན་མོ་གུ་རུ། ༼མཆན་ཅན།༽ དོན་དམ་མ་གཏོགས་པའི་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོའི་མཐའ་ཅན།
ཆོས་དྲུག་གི་ས་བཅད་རྒྱས་པ་ན་མོ་གུ་རུ་དེ་བ་ནས། མ་ཏིས་རང་གི་དྲན་པ་གསོ་ཕྱིར་བྲིས་པ། འགྲུབ་པར་མཛད་དུ་གསོལ་གྱི་མཐའ་ཅན།
ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ། བླ་མ་དམ་པའི་ཞབས་ལ་ནས། སྔགས་འཆང་ཤྲཱི་ལ་དྷྭ་ཛས་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན།
ཆོས་དྲུག་གི་ཞལ་ཤེས་གནད་ཀྱི་ལྡེའུ་མིག་བླ་མ་དང་འཇམ་པའི་དབྱངས་ནས། སྤྲང་པོ་རི་ཁྲོད་པས་བྲིས་པའོའི་མཐའ་ཅན།
རྗེ་བཙུན་མུ་ཏིག་ཕྲེང་བའི་ཞལ་གདམས་ཀྱི་རིམ་པ། བླ་མ་དམ་པ་ནས། ཞལ་གདམས་བཀའ་རྒྱ་མའོ་དཔེ་འདི་གཞན་ལ་མི་བསྟན། ཨྀཐིའི་མཐའ་ཅན།
གཏུམ་མོ་སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱི་སྐོར། ན་མོ་གུ་རུ་དངོས་གཞི་ལ་སོགས་ནས། བདེ་དྲོད་ཀྱི་ཞལ་སྦྱོར་རོ།
།བོགས་འདོན་གྱི་སྐབས་སུ་ནས། དེ་ནི་གེགས་སེལ་ཡིན་ནོ་ཞེས་པའི་མཐའ་ཅན།
གཏུམ་མོའི་ལྷན་ཐབས། ཐབས་ལམ་དངོས་གཞིའི་སྐབས་སུ་ནས། གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་གསུངས་སོ། །བླ་མ་གྲུབ་ཐོབ་ནས། ལྷན་ཐབས་ཀྱི་གདམས་པ་དགེའོའི་མཐའ་ཅན།
སྒྱུ་ལུས་གདན་ཐོག་གཅིག་མ། བླ་མ་དམ་པ་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན།
སྒྱུ་ལུས་ཀྱི་སྦྱང་བ་རྣམ་གཉིས། འགྲོ་སྐྱོབ་རྡོ་རྗེ་ཕག་མོ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན།
ཞལ་ཤེས་བླ་མའི་གཏུམ་མོ་འདིར་ཞལ་བྱུང་བ་ནས། གསང་ངོ་། །ཨྀཐིའི་མཐའ་ཅན།
སྒྱུ་མ་རབ་ཏུ་གསལ་བར་བྱེད་པའི་སྙིང་པོ་རིན་པོ་ཆེ་འོད་ཀྱི་ཕྲེང་བ་མཉམ་མེད་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ། ན་མོ་རཏྣ་ནས་རྫོགས་སོའི་མཐའ་ཅན།
ཉམས་མྱོང་མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར་རི་གོང་དུ་བཀོད་པ་ན་མོ་རཏྣ་གུ་རུ་སྣང་ཞིང་སྲིད་པ་ནས། རྫོགས་སོའི་མཐའ་ཅན།
སངས་རྒྱས་གཉན་སྟོན་ལ་འགྲོ་མགོན་སྟོན་པས་ཞུས་ལེན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ་བླ་མ་དམ་པ་ནས། ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན་དང་།
ཞུས་ལེན་རིན་ཆེན་སྒྲོན་མེ་དུས་གསུམ་ཤེས་བྱའི་ནས་རྫོགས་སོའི་མཐའ་ཅན།
སྒྱུ་ལུས་འཛིན་པ་རང་གྲོལ་ཆོས་རྗེ་སྟོན་པས་མཛད་པ་༼མཆན་ཅན་༽ན་མོ་གུ་རུ་ཡེ་ཤེས་ཀྱི་མཁའ་འགྲོ་ནས་རྫོགས་སོའི་མཐའ་ཅན།
ནི་གུ་ཆོས་དྲུག་གི་ཞལ་ཤེས་དང་གཏམ་རྒྱུད་ལྷན་ཐབས་མཁས་གྲུབ་ཆོས་རྗེ་དང་ཤངས་སྟོན་ལ་སངས་རྒྱས་སྟོན་པས་གསུངས་པ་རྣམས་མཁས་གྲུབ་པ་དང་མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཟིན་བྲིས་མཛད་པ་ཕྱོགས་གཅིག་ཏུ་བསྡེབས་པ། བླ་མ་དམ་པའི་ནས་རྫོགས་སོའི་མཐའ་ཅན།
ནི་གུ་མའི་དམིགས་པ་གསུམ་སྐོར། བླ་མ་དམ་པ་ནས་གདམས་པ་ཡིན་ནོ་ཞེས་པའི་མཐའ་ཅན།
དམིགས་པ་ལྔ་སྐོར་སྐྱབས་འགྲོ་སེམས་བསྐྱེད་སོགས་ནས། ཞལ་གདམས་ཡིན་ནོའི་མཐའ་ཅན།
ཉམས་མྱོང་ཡོན་ཏན་རྒྱ་མཚོ་ན་མོ་རཏྣ་གུ་རུ། མཁའ་ལྟར་དག་པ་ནས། སངས་རྒྱས་སྟོན་པའི་གསུང་བཞིན་ཏུ་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན།
སྒྱུ་མ་ལམ་རིམ་དྲི་མེད་སྙིང་པོ་མཁའ་འགྲོ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་བློས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་སོའི་མཐའ་ཅན།
སྒྱུ་མ་ལམ་རིམ་གྱི་ས་བཅད་བླ་མ་དམ་པའི་ནས། ཁྱུང་པོ་རྣལ་འབྱོར་པས་བཀོད་པ་རྫོགས་སོའི་མཐའ་ཅན།
སྒྱུ་མ་ལམ་རིམ་གྱི་འགྲེལ་པ་ཡེ་ཤེས་མཁའ་འགྲོ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། གླན་ལོ་ཙཱ་བས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་གྱིས་ཞུས་ནས་དག་པར་བྱས་པའོའི་མཐའ་ཅན།
སྒྱུ་ལུས་དྲུག་ལྡན་ན་མོ་གུ་རུ་དོན་དམ་རྟོག་པའི་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ་ཞེས་པའི་མཐའ་ཅན།
སྒྱུ་ལུས་ཀྱི་འབྱམས་གཅོད་རྩ་འགྲེལ། ༼མཆན་ཅན།༽ བླ་མ་རྣམས་ལ་ཕྱག་འཚལ་ལོ་སྤྱིར་སྒྱུ་ལུས་ནས། ཉམས་སུ་བླང་བར་ཞུ། ཨྀཐི། མཚན་མའི་རྟོག་པ་ནས། ༼མཆན་ཅན།༽ འབྱམས་གཅོད་རྫོགས། ཨྀཐིའི་མཐའ་ཅན།
འབྱམས་གཅོད་ཀྱི་བསྡུས་དོན། ༼མཆན་ཅན།༽ སྒྱུ་ལུས་ཀྱི་འབྱམས་གཅོད་ལ་བཞི་སྟེ་སོགས་ནས། བསྡུས་དོན་ནོའི་མཐའ།
ཆོས་དྲུག་གི་གསུང་སྒྲོས་སྒྱུ་ལུས་གནད་ལ་དབབ་པ་ཞེས་བྱ་བ། བླ་མ་དམ་པའི་ནས། བཙུན་པ་རྒྱལ་མཚན་འབུམ་གྱིས་ལྷག་ཆད་མེད་པར་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན།
བླ་མའི་ཞལ་ཤེས་འོད་གསལ་འཆར་སྒོ་ངོས་འཛིན། བླ་མ་ཡི་དམ་ནས། གཞན་དོན་ལྷུན་གྲུབ་ཤོག་གི་མཐའ་ཅན།
ཁྱད་འཕགས་འཆར་སྒོ་ངོས་འཛིན་སངས་རྒྱས་སྟོན་པས་མཛད་པ། སངས་རྒྱས་ཐམས་ཅད་ནས། རེ་ཞིག་རྫོགས་སོའི་མཐའ་ཅན།
འཆུག་མེད་བར་དོ་གསུམ་གྱི་གདམས་པ། ༼མཆན་ཅན།༽ བླ་མ་དམ་པའི་ཞབས་པད་ལ་སོགས་ནས། མི་རབས་བདུན་དུ་ཚིག་བརྒྱུད་ལས་མ་སྤེལ་ཅིག་གི་མཐའ་ཅན་བཅས་སོ།

།གཉིས་པ་སྡོང་པོ་ཕྱག་ཆེན་གྱི་སྐོར་ལ།
ཕྱག་རྒྱ་ཆེན་པོ་གའུ་མའི་བཀའ། བླ་མ་རྣམས་ལ་ནས། ཟབ་ལམ་ཡིན་གསུངས་སོའི་མཐའ་ཅན།
ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་མཚན་དང་བཅས་པ།
ཁྲིད་ཡིག་བླ་མ་ཌཱ་ཀི་ནས། ལོ་ཟླས་སངས་རྒྱས་མངོན་དུ་བྱེད་ཅེས་པའི་བར། ན་མོ་གུ་རུ་རྗེས་ཀྱི་ཆོས་ལ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོའི་མཐའ་ཅན།
སྙན་བརྒྱུད་༼མཆན་ཅན།༽ ན་མོ་གུ་རུ་དང་པོ་༼ལྷ་སྐུ་དང་སྔགས་ཀྱི་སྤྲོ་བསྡུ་བྱ་བ་ཞེས་པའང་སྣང་༽ནི་རང་ལུས་ནས། མར་བཞིན་ནོ། །ཨྀཐི། སྔོན་འགྲོའི་ཚད་ལས་རྗེས་ཀྱི་མན་ངག་དམ་པའོ། །ཨྀཐིའི་བར།
རང་གྲོལ་ཕྱག་རྒྱ་ཆེན་པོ་ནི་གུ་མས་མཛད་པ། ཡིད་བཞིན་ནོར་བུ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ནས་ཞུས་སོའི་མཐའ་ཅན།
ཕྱག་ཆེན་གའུ་མའི་ཁྲིད་ཡིག་མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ། བླ་མ་ཡི་དམ་ནས་འགྲུབ་པར་གྱུར་ཅིག་གི་མཐའ་ཅན།
སྙན་བརྒྱུད་ཀྱི་གདམས་པ་སྣང་བ་རང་སེམས་ཀྱི་ཁྲིད། བླ་མ་དམ་པའི་ཞབས་སོགས་ནས། མཛད་པ་ཞུ་ཞེས་པའི་མཐའ་ཅན་བཅས།

གསུམ་པ་ཡལ་ག་ལམ་འཁྱེར་རྣམ་གསུམ་སྐོར་ལ།
བླ་མ་ལམ་འཁྱེར་གྱི་བཀའ་བླ་མ་དམ་པའི་ནས། བླ་མ་ལམ་འཁྱེར་གྱི་དབང་བཞི་རྫོགས་སོའི་མཐའ་ཅན།
ཡི་དམ་ལམ་འཁྱེར་གྱི་བཀའ་ན་མོ་ཙཀྲ་སམྦ་ར་ནས། ཡི་དམ་ལམ་འཁྱེར་གྱི་དབང་བཞི་རྫོགས་སོའི་མཐའ་ཅན།
སྒྱུ་མ་ལམ་འཁྱེར་གྱི་བཀའ་ན་མོ་གུ་རུ་དེ་བ་ནས་རྫོགས་སོའི་མཐའ་ཅན།
འཆུག་མེད་ལམ་འཁྱེར་གསུམ་གྱི་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན་|གླན་ལོ་ཙཱས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོའི་མཐའ་ཅན།
ལམ་འཁྱེར་གསུམ་གྱི་ཞལ་གདམས། དེ་ལ་ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་ལས། ངང་ལ་བཞག་གོའི་མཐའ།
འཆུག་མེད་ལམ་འཁྱེར་གསུམ་གྱི་ཁྲིད་ཡིག་ཚིག་དོན་གསལ་བ་མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ། བླ་མ་དམ་པ་དུས་གསུམ་སངས་རྒྱས་ནས། ཕན་ཐོགས་པར་གྱུར་ཅིག་གི་མཐའ་ཅན་བཅས།

བཞི་པ་མེ་ཏོག་མཁའ་སྤྱོད་དཀར་དམར་སྐོར་ནི།
མཁའ་སྤྱོད་དཀར་མོའི་དབང་ཆོག་ན་མོ་གུ་རུ་མཁའ་སྤྱོད་མའི་དབང་སོགས་ནས། རྗེས་ཀྱི་ཆོས་རྣམས་བྱའོའི་མཐའ་ཅན།
མཁའ་སྤྱོད་མའི་བཀའ་བྱེད་ལུགས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས། བྱང་ཆུབ་ཏུ་བསྔོའོ་སོགས་ཀྱི་མཐའ་ཅན།
མཁའ་སྤྱོད་དམར་མོའི་བཀའ། ན་མོ་གུ་རུ། རྗེ་བཙུན་མ་འདིའི་བྱིན་རླབས་སོགས་ནས། མཁའ་སྤྱོད་མའི་དབང་བསྐུར་རྫོགས་སོའི་མཐའ་ཅན།
མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་༼མཆན་ཅན།༽ རྒྱ་སྐད་ཅན་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོའི་མཐའ་ཅན།
བླ་མ་དམ་པ༴ རྟེན་གྱི་གང་ཟག་སོགས་ནས། དཔལ་ལྡན་ཨ་ཏི་ཤའི་ལུགས་སོའི་མཐའ་ཅན།
ན་མོ་གུ་རུ་ཡང་ལུགས་གཅིག་ལ་ནས། ཁྱུང་པོ་རྣལ་འབྱོར་པའི་ལུགས་སོའི་མཐའ་ཅན།
ལུས་གསང་བྱིན་རླབས་ན་མོ་གུ་རུ་འདི་ལ་གསུམ་དུ་ནས། སྦྱོར་རྗེས་གཉིས་སྔར་དང་འདྲའོའི་མཐའ།
དམ་ཚིག་གསོ་ཐབས་ན་མོ་ནས་བྱང་ཆུབ་ཏུ་བསྔོའོའི་བར།
གཏོར་ཆོག་ན་མོ་ནས། སྦྱིན་དུ་མི་རུང་ངོའི་བར།
མཁའ་སྤྱོད་རིལ་བུ་སྒྲུབ་ཐབས་ན་མོ་ནས། མ་ཆད་པར་བྱའོ་སོགས་ཀྱི་བར།
འཕོ་བ་ན་མོ་ནས་ཡིན་ནོ་གསུངས་སོ། །མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་སོའི་མཐའ་ཅན།
བསྟོད་པ་རྒྱ་སྐད་ཅན། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ།
མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་སྟོང་ཉིད་སྙིང་རྗེ་ནས། བླ་མ་རཱ་ཧུ་ལའི་གདམས་པ་རྫོགས་སོའི་བར།
ལག་མཆོད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནས། དེ་སྐད་གསུངས། ཨྀཐིའི་བར་དང་།
གཞན་གྱི་གྲིབ་སེལ་ན་སོགས་ནས། ལོགས་སུ་གསལ་ལོའི་མཐའ་ཅན།
འཕོ་བ་ཡེ་ཤེས་སྐར་ཁུང་གི་ཕྱག་ལེན་འཕོ་བ་ཡེ་ཤེས་ནས། ནུས་ཚད་དུ་བསྒོམ་པར་བྱའོ་འི་མཐའ།
མཁའ་སྤྱོད་དམར་མོའི་འཕོ་བ་ན་མོ་གུ་རུ་མཁའ་སྤྱོད་ནས། ངེས་ཤེས་བསྐྱེད་གསུངས་སོའི་མཐའ་ཅན་
མཁའ་སྤྱོད་སུམ་ཕྲུག་༼མཆན་ཅན།༽གི་གདམས་པ། བླ་མ་ཡི་དམ་ནས། དྲན་འདུན་བཏང་ངོ་། །མཁའ་སྤྱོད་སུམ་ཕྲུགས་རྫོགས་སོའི་མཐའ་ཅན་བཅས།

ལྔ་པ་འབྲས་བུ་འཆི་མེད་འཆུག་མེད་ཀྱི་སྐོར་ལ།
ལུས་འཆི་མེད་ཀྱི་དབང་གི་རྒྱ་གཞུང་རྒྱ་སྐད་ཅན་པཎྜི་ཏ་ཨེ་ཏེ་པ་དང་རྨ་ལོ་ཙཱ་བས་བསྒྱུར་བ།
དབང་ཆོག་ན་མོ་གུ་རུ་མཎྜལ་དཔེའུ་ཆུང་ནས། བཤད་པ་ཞིབ་རྒྱས་གསུངས་སོའི་བར།
སེམས་འཆི་མེད་རང་གྲོལ་གྱི་དབང་ཆོག་བླ་མ་དམ་པའི་ཞབས་བཏུད་སོགས་ནས། འཆི་མེད་རང་གྲོལ་གྱི་དབང་བཞི་རྫོགས་སོའི་མཐའ་ཅན།
ལུས་འཆི་མེད་ཀྱི་རྩ་བ་འཆི་མེད་གྲུབ་པ་ཞེས་བྱ་བ་དཔལ་བིར་ཝ་པས་མཛད་པ་རྒྱ་སྐད་ཅན། དཔལ་དུར་ཁྲོད་པ་དང་རྨ་ལོ་ཙཱ་བས་ཏེ་ཏོའི་དུར་ཁྲོད་དུ་བསྒྱུར་བའོའི་མཐའ་ཅན་
འཆི་མེད་གྲུབ་པའི་འགྲེལ་པ་རྒྱ་སྐད་ཅན་རྒྱ་གར་ལྷོ་ཕྱོགས་པ་དུར་ཁྲོད་པ་ཀ་མ་རཱུ་པའམ་ཨེ་ཏེ་པའམ་རྒྱ་འགྲེས་པ་ཞེས་ཀྱང་གྲགས་པའི་པཎྜི་ཏ་དང་རྨ་ལོ་ཙཱ་བས་ཏེ་ཏོའི་དུར་ཁྲོད་དུ་བསྒྱུར་བ།
འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་ཉི་མ་༼མཆན་ཅན།༽ བླ་མ་དམ་པའི༴ བདེ་ཆེན་རྒྱལ་པོ་སོགས་ནས། བཱིརྻ་སིཾ་ཧས་ལྷག་ཆད་མེད་པ་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན།
སེམས་འཆི་མེད་ཀྱི་རྒྱ་གཞུང་༼མཆན་ཅན།༽ རྒྱ་སྐད་ཅན་གླན་ལོས་བསྒྱུར་ཞིང་ལོ་ཆེན་རིན་བཟང་གིས་གཏན་ལ་ཕབ་པ། འཆི་མེད་ཚིག་རྐང་རྫོགས་སོའི་མཐའ་ཅན།
མདོ་རྒྱུད་མན་ངག་ནས་རྗེ་བཙུན་རཏྣ་བཱིརྱས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ༴ ༼མཆན་ཅན།༽ ན་མོ་གུ་རུ་ཉིན་པར་སྣང་སྟོང་ནས། རྗེ་བཙུན་དྷརྨ་སིཾ་ཧས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན། རང་གྲོལ་བདེ་ཆེན་ནས། རྗེ་བཙུན་དྷརྨ་པྲཛྙཱས་མཛད་པ་རྫོགས་སོ་སོགས་ནས། བླ་མ་རྣམ་གསུམ་གྱིས་མཛད་པའི་རང་སེམས་འཆི་མེད་རང་གྲོལ་གྱི་མན་ངག་ཟབ་མོ་ཡང་དག་པ། ཨྀཐིའི་མཐའ་ཅན། རྒྱལ་བ་དུས་གསུམ་ནས། རྗེ་བཙུན་བཱིརྱ་སིཾ་ཧས་བུ་དམ་པ་སློབ་མས་ཡང་རབ་ཀྱི་དོན་དུ་བཀོད་པ་འདི་རྫོགས་སོགས་ཀྱི་མཐའ།
མཁས་གྲུབ་ཆོས་རྗེའི་དྲུང་དུ་ནས། འདི་ཆེ་བ་ལགས་གསུངས་སོ་བར།
རྡོ་སྟོན་འཆི་མེད། ན་མོ་གུ་རུ་འཁྲུལ་སྣང་འདི་ལ་ནས། ཉམས་སུ་མྱོང་བར་བྱས་པའོ། །ཨྀཐིའི་མཐའ་ཅན།
རང་སེམས་འཆི་མེད་རང་གྲོལ་གྱི་ཁྲིད་ཡིག་བླ་མ་དང་ཡི་དམ་སོགས་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ། །སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག་གི་མཐའ་ཅན་བཅས་སོ།

།གཉིས་པ་ཡེ་ཤེས་མཁའ་འགྲོ་སུ་ཁ་སིདྡྷིའི་ཆོས་སྐོར་ལ།
སུ་ཁ་སིདྡྷིའི་ལོ་རྒྱུས་རྒྱ་སྐད་ཅན། གསང་ལ་སྒྲུབས་ཤིག་གསུངས་སོའི་མཐའ་ཅན།
སུ་ཁའི་གསང་སྒྲུབ་རྒྱ་གཞུང་རྒྱ་སྐད་ཅན། གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའི་མཐའ་ཅན།
གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། ཐུགས་ནས་འོད་གསལ་ནས། གནད་ཀྱི་གསང་སྒྲུབ་རྫོགས་སོའི་མཐའ་ཅན་སངས་རྒྱས་གཉན་སྟོན་གྱི་མཛད་པ།
སུ་ཁའི་དབང་ཆོག་ན་མོ་གུ་རུ། གཞན་ལ་བྱིན་རླབས་ནས། དབང་གི་ཟིན་བྲིས་རྫོགས་སོའི་མཐའ་ཅན།
ན་མོ་གུ་རུ་ལྟེ་བའི་འོག་ཏུ་ཆོས་འབྱུང་ནས། གསང་ངོ་། །ཨྀཐི། རང་ངོ་བོ་བདེ་མཆོག་ནས། ཕྱག་རྒྱ་ཆེན་པོ་བསྒོམ། ཨྀཐི། ན་མོ་གུ་རུ་རང་སྐད་ཅིག་གིས་བདེ་མཆོག་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོའི་མཐའ་ཅན།
ཞལ་གདམས་ཀྱི་སྐོར་ལས་ཐོག་མར་དབང་བཞིའི་ཞལ་གདམས་ན་མོ་གུ་རུ་གསང་སྒྲུབ་ལྟེ་བ་ནས། མངོན་འཚང་རྒྱ། ཨྀཐི།
ངོ་སྤྲོད་ཞལ་གདམས་༼མཆན་ཅན།༽ བླ་མ་དམ་པ་ནས། སྣང་བ་དབང་དུ་འདུའོ། །གསང་སྒྲུབ་ཞལ་གདམས་རྫོགས་སོའི་བར།
སྒྲུབ་པའི་ཞལ་གདམས་བླ་མ་དམ་པའི་ནས། སུ་ཁ་སིདྡྷི་ནས་བརྒྱུད་པའོ་བར། ལྟེ་བ་སྤྲུལ་འཁོར་བླ་མ་དམ་པའི་ནས། མི་འབྱུང་མི་སྲིད་པའི་ཞལ་གདམས་སོ། །ཉེར་སྒྲུབ་ཀྱི་སྐབས་སུ་ནས། བདེ་བ་དེ་རང་ལ་བསྡུའོ། །ཨྀཐིའི་བར།
མཁའ་འགྲོ་སུ་ཁ་སིདྡྷིས་གཉན་སྟོན་དྷརྨ་པྲཛྙཱ་ལ་གདམས་པ་གཟེར་གསུམ་གྱི་མན་ངག་༼མཆན་ཅན།༽ གུ་རུ་རཏྣ་ཙཀྲ་ནས། བཀའ་རྒྱ་ཡོད། ཨྀཐིའི་མཐའ་ཅན།
སུ་ཁ་སིདྡྷིའི་ཆོས་དྲུག་གུ་རུ་བཛྲ་ཡོ་གི་ནཱི་ནས་བཟོད་པར་གསོལ་གྱི་མཐའ་ཅན་བཅས།

གསུམ་པ་ཞར་བྱུང་ཐོར་བུའི་སྐོར་ལ།
ལྷ་བཞིའི་ལོ་རྒྱུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཨེ་ལ་ནས། འཕུར་ནས་བཞུད་དོའི་མཐའ་ཅན་ཙམ་ལས་དཔེ་ལུང་གཉིས་ཀ་མ་འབྱོར་བ། ལྷ་བཞིའི་སྐོར་ལ་ཆོས་ཚན་ཉི་ཤུ་ཙམ་བཞུགས་པར་སྣང་བས། ལུང་རྒྱུན་རྙེད་དཀའ་ཡང་དཔེ་རྒྱུན་རྙེད་ན་འདིར་འགོད་པར་འོས་སོ།
།གསང་སྒྲུབ་སྐོར་གསུམ་དུ་གྲགས་པ། བདེ་མཆོག་གསང་སྒྲུབ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། གའུར་བཅངས་ཏེ་ལུས་དང་མ་བྲལ་བར་བྱས་སོའི་མཐའ་ཅན། རྣམ་འཇོམས་གསང་སྒྲུབ་གུ་རུ་དེ་བ་ཌཱ་ཀི་ནས། ཆོས་རྗེ་སངས་རྒྱས་སྟོན་པའི་གསུང་བཞིན་བྲིས་པའོ། །ན་མོ་གུ་རུ་རྗེའི་ཞལ་ནས་སོགས་ནས། ཁྲུས་ཆུའི་གདམས་པ་ཤིན་ཏུ་ཟབ་པ་ཡིན། ཨྀཐིའི་བར། ཕྱག་རྡོར་གསང་སྒྲུབ། ན་མོ་གུ་རུ་ནས། ཤིན་ཏུ་ཟབ། ཨྀཐིའི་བར།
གཞན་ཡང་ཤངས་པའི་ཚེ་སྒྲུབ་ན་མོ་གུ་རུ་མགོན་པོ་ཚེ་དཔག་མེད་བསྒྲུབ་པར་འདོད་པ་ནས། སྦུབས་སུ་ནུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདེ་ཆེན་ནས། འོད་རིག་ལ་སྦྱར་བར་བྱའོ་སོགས་ཀྱི་མཐའ་ཅན།
དུག་ལྔ་ལམ་འཁྱེར་གྱི་བཀའ། ན་མོ་གུ་རུ་བླ་མ་དམ་པའི་ནས་སྤྱི་འགྲོ་ལྟར་ཤེས་པར་བྱའོའི་མཐའ་ཅན།
བདེ་མཆོག་དབུ་མ་ཡིག་བདུན་གྱི་མན་ངག་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །སྤྱི་བོ་རུ་ནི་སོགས་ནས་བཤུས་པ་ཡིན་གསུངས་སོ། །ཡང་། ན་མོ་གུ་རུ་བདེ་མཆོག་བདེ་བ་ལས་སོགས་ནས། མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག་གི་མཐའ་ཅན།
བླ་མ་ཤངས་པའི་རླུང་གི་སྐོར་ལས། ཞང་ཞུང་པའི་རླུང་ཤིང་རྟ་ཅན། བླ་མ་དམ་པ། དང་པོ་རྗེ་བཙུན་༼མཆན་ཅན།༽ བྷི་ཏ་སོགས་ནས། ཤངས་པ་སྡུ་གུ་པའི་གདམས་པ་རྫོགས་སོའི་མཐའ་ཅན། ཡང་ཞང་ཞུང་པའི་རླུང་ཤིང་རྟ་ཅན། བླ་མ་དམ་པའི༴ མན་ངག་རིམ་པ་སོགས་ནས། ལེགས་པར་བྲིས་པའོ་རྫོགས་སོ། །ལྟ་བ་མ་བཅོས་ནས། མ་ཡེངས་པའོའི་མཐའ་ཅན། ཞང་ཞུང་པའི་རླུང་བུམ་པ་ཅན། བླ་མ་དམ་པ༴ ཐབས་ལམ་ཟབ་དོན་སོགས་ནས། གདམས་པ་རྫོགས་སོའི་མཐའ་ཅན། ན་མོ་གུ་རུ་དམིགས་རྟེན་བུམ་པ་ནས། བུམ་པ་ཅན་གྱི་ཞལ་གདམས་སོའི་མཐའ་ཅན། ན་མོ་གུ་རུ་སེམས་བསྐྱེད་ནས། ཁོང་སྟོང་གི་སྦྱོར་བ་ཞེས་བྱའོའི་མཐའ་ཅན། ན་མོ་གུ་རུ་སྔོན་འགྲོ་ནས། བླ་མ་རཱ་ཧུ་ལའི་གདམས་ངག །ཨྀཐིའི་མཐའ་ཅན། བླ་མ་ཞང་ཞུང་པའི་རླུང་ཕྱག་རྒྱ་བཅིངས་གྲོལ། འཁོར་ལོ་བཅིངས་གྲོལ་གྱི་གདམས་ངག་སོགས་ནས་མི་འཆོར་གསུངས་སོ། །ཨྀཐི། གསང་སྔགས་ཐབས་སོགས་ཀྱི་མཐའ་ཅན།
དམིགས་པ་རིན་ཆེན་སྒྲོམ་བུའི་བཀའ་ན་མོ་གུ་རུ་རྗེས་སུ་ཡི་རང་བའི་དབང་ནས། ཨའི་སེང་གེའི་བཀོད་པའོའི་མཐའ་ཅན།
རིན་ཆེན་སྒྲོམ་བུ་ན་མོ་གུ་རུ། ཉེས་པའི་དགྲ་བཅོམ་ནས། རིན་ཆེན་སྒྲོམ་བུའི་རྫོགས་སོའི་མཐའ་ཅན།
བླ་མ་དམ་པ༴ བདག་ཉིད་ཀྱིས་དུས་གསུམ་དུ་ནས། བླ་མ་སྐྱེར་སྒང་པའི་གསུང་སྒྲོས་ཇི་ལྟ་བ་བཞིན་ཡི་གེར་བཀོད་པ་སོགས་ཀྱི་མཐའ་ཅན།
སྐུ་གསུམ་ལམ་འཁྱེར་རྒྱ་སྐད་ཅན། བདེ་ཆེན་ལྷུན་གྲུབ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཟླ་བ་གསུམ་གྱི་བར་དུ་ཉམས་སུ་མྱོང་བར་བྱས་པའོ། །ཨྀཐིའི་མཐའ་ཅན།
སྐུ་གསུམ་གནས་ལུགས་བདེ་ཆེན་ལྷུན་གྲུབ་ནས། སངས་མི་རྒྱ་མི་སྲིད་དོ་ཞེས་པའི་མཐའ་ཅན།
ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས། ན་མོ་གུ་རུ། ཐབས་མཁས་ཐུགས་རྗེ་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན།
མཁས་བཙུན་གཞོན་ནུ་གྲུབ་ཀྱིས། རྣམ་རྟོག་དང་ཆོས་སྐུའི་བར་ན་སོགས་ནས། རིང་བའི་འདུ་ཤེས་མི་བྱ་ཞེས་གསུངས་སོའི་མཐའ་ཅན།
གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་རྒྱུན་གྱི་ཉམས་ལེན་དྲུག་པ། ༼མཆན་ཅན།༽ ཡོན་ཏན་རབ་རྫོགས་ནས། སངས་རྒྱས་སྟོན་པའི་གསུང་བཞིན་དུ་བཀོད་པའོ། །ཨྀཐིའི་༼མཆན་ཅན།༽
ཁྱུང་པོའི་མགུར་བརྒྱད་རྩ་བ། ན་མོ་གུ་རུ། གྲུབ་ཐོབ་ཆེན་པོ་རཱ་ཧུ་ལའི་གདམས་པ་སོགས་ནས། ཚོགས་གྲལ་དུ་གསུངས་པའོའི་བར། འགྲེལ་པ་དེ་ལ་དང་པོ་ཐིམ་པ་རྣམ་གསུམ་ནས། མགུར་བརྒྱད་གདམས་པ་རྫོགས་སོའི་མཐའ་ཅན།
གཞན་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ། བླ་མ་དམ་པ་ནས། གཞན་དོན་མི་འབྱུང་མི་སྲིད་དོ་གསུངས་སོ་སོགས་ཀྱི་མཐའ་ཅན།
རབ་གནས་བཀའ་རྒྱ་མ་སངས་རྒྱས་ལ་ཕྱག་འཚལ་ལོ་ནས། ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ་སོགས་ཀྱི་མཐའ་ཅན།
རབ་གནས་བཀའ་རྒྱ་མའི་ཞལ་གདམས། ན་མོ་གུ་རུ་བཛྲ་ཏཱ་རཱ་ནས། ཟབ་པས་གསང་བར་བྱའོ་སོགས་ཀྱི་མཐའ་ཅན།
མཎྜལ་བཀའ་རྒྱ་མ་བཀོད་པ་ཤིན་ཏུ་ནས། སྩལ་དུ་གསོལ་བར་
སྨོན་ལམ་བཀའ་རྒྱ་མ་རྒྱ་སྐད་ཅན། ཕྱོགས་བཅུ་དུས་གསུམ་ནས། འཕགས་པ་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོའི་མཐའ་ཅན།
བཀྲ་ཤིས་བཀའ་རྒྱ་མ་ཨོཾ་ཡོན་ཏན་རབ་རྫོགས་ནས། མཆོག་གི་བཀྲ་ཤིས་ཤོག་གི་མཐའ་ཅན་བཅས་ཀྱིས་རེ་ཞིག་རྫོགས་ཏེ་རྩ་བའི་སྐོར་རོ།
།ཕྱིས་འཕེལ་བའི་ཆོས་ཀྱི་རྣམ་གྲངས་ལས། དབོན་སྟོན་སྐྱེར་སྒང་པ་ལ་བཀའ་བབ་པའི་ཐུགས་རྗེ་ཆེན་པོའི་སྐོར་ལ། རིག་གཏད་ཀྱི་ཆོ་ག་ལོ་རྒྱུས་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། སྤྱོད་ལམ་གྱི་རྣལ་འབྱོར། ཁྲུས་ཆོག །ཟས་དང་གོས་ཀྱི་རྣལ་འབྱོར། ལུས་འབུལ་བ། བསོད་ནམས་བསོགས་པ། གཟུངས་ཆུ་བྱེད་ཚུལ། སྲུང་སྐུད་བྱ་བ། སྙིང་རྗེའི་སྲུང་བ། བགེགས་སྲུང་བ། དྲག་པོའི་སྲུང་བ། རྒྱལ་པོས་བདག་སྲུང་བ། ས་གཉན་དུ་སྡོད་ན་བསྲུང་ཚུལ། གཏོར་མ་བརྒྱ་རྩ། འབུལ་གཏོར་ཚན་པ་གསུམ། སྡིག་སྦྱོང་ཚན་པ་གཉིས། ཚ་ཚ་ཆུ་སྦྱིན་མར་མེའི་སྦྱིན་སྲེག །སྦྱིན་སྲེག་ཆེན་མོ། བསྙེན་པ་བྱེད་ཚུལ། ཝ་རུ་ཎ་ལ་གཏོར་མ་འབུལ་ཚུལ། ཝ་རུ་ཎའི་ཆར་འབེབས་ནོར་སྒྲུབ། གསང་སྒྲུབ་རྒྱལ་བ་རྒྱ་མཚོའི་རིག་གཏད། སྒྲུབ་ཐབས་གཏོར་མ་སོགས་ལས་ཕྲན་དང་བཅས།
རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་ཚན་པ་གཉིས། དབང་ཆོག་བསྟོད་པ། གཏོར་བཟློག །དགྲ་བགེགས་གནད་ལ་དབབ་པ། རྒྱལ་པོ་ཤི་ས་བསྟན་པ། འཁོར་ལོ་དཔེ་རིས་གཉིས། སྨྱག་ཤད་དམ་དབྱུག་པའི་ལས་སྦྱོར། བསྲུང་བ་བྱ་ཚུལ་རྣམས་སྨིན་གྲོལ་གྱི་རྒྱུན་ཚང་བར་བཞུགས་པ་མ་ཟད་གསང་སྒྲུབ་སྐོར་ལྔའི་གྲངས་ངེས་མཛད་པའི་སྐབས་འདི་གཉིས་སྔོན་མ་གསུམ་ལ་བསྣན་དགོས་པ་དང་། ཉེ་བར་མཁོ་བས་འདིར་བཞུགས་སུ་གསོལ་བའོ།

།གཉིས་པ་གསལ་བྱེད་ལྷན་ཐབས་སུ་སྦྱར་བའི་སྐོར་ལ། ཐོག་མར་
བརྒྱུད་པའི་གསོལ་འདེབས་གནས་སྦྱར་མར་གྲགས་པ་ཐང་རྒྱལ་ནས་བརྒྱུད་པ་ཚར་ལུགས་ཀྱི་ཁ་འགེངས་ཅན་སྟོད་ཆ་རྩ་བ་རྨོག་ལྕོག་པས་མཛད་པར་གྲགས།
བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞིང་སྦྱར་མ་ཇོ་ལུགས་ཀྱི་ཁ་བསྐངས་ཅན།
བརྒྱུད་པའི་གསོལ་འདེབས་ཨེ་ཡིག་ཆོས་འབྱུང་གནས་རྙིང་པ་ཨའི་སེང་གེས་མཛད་པ་རྒྱ་སྒོམ་ཡན་ཆད་ཁ་བསྐངས་ཅན།
བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བདེ་ཆེན་ལྷུན་གྲུབ་ཚར་ཆེན་རིན་པོ་ཆེས་མཛད་པ།
བརྒྱུད་འདེབས་བྱིན་རླབས་ཆར་འབེབས་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པ།
ནི་གུའི་གསོལ་འདེབས་དེས་མཛད་པ།
ཤངས་ཆོས་བརྒྱུད་པ་གསུམ་འདུས་ཀྱི་གསོལ་འདེབས་བྱ་བྲལ་བ་ངག་དབང་བསོད་ནམས་ཀྱིས་མཛད་པ་བཅས་སོ།

གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་སྐོར་ལ། ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས། ཕྱག་ཆེན་གའུ་མ། ལམ་འཁྱེར་རྣམ་གསུམ། ལུས་སེམས་འཆི་མེད། ཕྱག་དྲུག་ཡེ་ཤེས་མགོན་པོ་རྣམས་ཀྱི་ཁྲིད་ཡིགརྡོ་རྗེ་འཆང་ལས་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར་བཅས།

རྗེ་ཀུན་དགའ་གྲོལ་མཆོག་གི་གསུང་ལས་ནི་གུའི་རྒྱབ་ཆོས་གླུ་ཕྲེང་། ཆོས་དྲུག་ཕྱག་ཆེན་ལམ་འཁྱེར་འཆི་མེད། སུ་ཁའི་ཆོས་དྲུག་བདག་མེད་མའི་ནང་ཁྲིད་བཅས་ཁྲིད་བརྒྱ་ལས་ཁོལ་དུ་ཕྱུང་བ་སོ་སོའི་བརྒྱུད་འདེབས་བཅས།

ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་གྲོལ་བའི་དཔལ་སྟེར་དང་། མཁའ་སྤྱོད་དཀར་མོའི་འཕོ་ཁྲིད། ཞར་བྱུང་མཁའ་སྤྱོད་དམར་མོའི་འཕོ་ཁྲིད་བཅས།

སྙིགས་དུས་ཀྱི་གསང་བའི་བདག་པོ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་རབ་ལས།
བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས། དཀྱིལ་འཁོར་གྱི་ཆོ་གབདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད།
རྒྱུད་སྡེ་ལྔའི་སྒྲུབ་ཐབས་ལེའུ་ལྔ་པ། དཀྱིལ་འཁོར་གྱི་ཆོ་ག་དོན་གསལ་རྒྱས་བྱེད། ཞར་བྱུང་གི་དེ་དག་གི་ཚོགས་མཆོད་གྲོལ་མཆོག་ཞལ་ལུང་རྨོག་ལྕོག་པ་ཀུན་དགའ་ལྷུན་གྲུབ་ཀྱིས་བསྒྲིགས་པ། རྒྱུད་སྡེ་ལྔ་གཙོ་བསྡུས་པའི་མན་ངག་བླ་མ་གོང་མའི་ཕྱག་བཞེས།
ཆོས་དྲུག་གི་ཁྲིད་ཡིག་རྒྱས་པ་ཟབ་དོན་ཐང་མར་བརྡལ་བ། གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་ནང་གསེས་དང་བཅས་པ། འབྲིང་པོ་དམིགས་རྐང་བཅུ་བདུན་མ། བསྡུས་པ་སྟན་ཐོག་གཅིག་མ།
ནི་གུའི་འཁྲུལ་འཁོར་རྩ་འགྲེལ།
ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཁྲིད་ཡིག
ཟབ་དོན་སྟན་ཐོག་གཅིག་མའི་སྐོར།
ནི་གུའི་རྩ་བའི་ཆོས་བཞིའི་སྙིང་པོ།
གསེར་ཆོས་ཕྱི་མ་བཞིའི་སྙིང་པོ།
ཞར་བྱུང་ཉེར་འཁོའི་དབང་གིས་བཞག་པ།
ཁྲོ་རྒྱལ་རྟ་མཆོག་རོལ་པའི་ལས་བྱང་དྲེགས་པ་ཀུན་འདུལ།
ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་ཆོག་དང་བཅས་པ་ཕྲིན་ལས་གཏེར་མཛོད་རྣམས་སོ།

ཆོས་དྲུག་སྟན་ཐོག་གཅིག་མའི་ཁྲིད་ཡིག་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ།

ཆོས་སྤྱོད་ངག་དོན་གྱི་རིམ་པ་ངེས་གསང་སྙིང་པོའི་སྒོ་འབྱེད་རིག་འཛིན་ཚེ་དབང་ནོར་བུས་མཛད་པ།

ཆོས་དྲུག་བཀའ་བཅུའི་ཕྱག་ལེན་བཀླགས་ཆོག་ཏུ་བཀོད་པ་བདེ་ཆེན་མྱུ་གུའི་ཕྲེང་བ་དང་། གཞུང་བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོ་གཉིས་ཞྭ་ལུ་མཆོག་གི་སྤྲུལ་སྐུ་རིན་ཆེན་བློ་གསལ་བསྟན་སྐྱོང་གིས་མཛད་པ།

ཡེ་ཤེས་མཁའ་འགྲོ་ནི་གུ་མ་དང་སུ་ཁ་སིདྡྷི་ལ་བརྟེན་པའི་ཉེ་བརྒྱུད་ཚེ་སྒྲུབ་ཟབ་མོ་དབང་ཆོག་དང་བཅས་པ་འཆི་མེད་གྲུབ་པའི་མྱུར་ལམ་འཇམ་མགོན་བླ་མས་མཛད་པ།
ནི་གུ་ཆོས་དྲུག་གི་བརྒྱུད་འདེབས་ཉུང་བསྡུས་བདེ་ཆེན་འབེབས་པ།
སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་།
མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་གྲོལ།
ཤངས་པའི་གསེར་ཆོས་ཁྲིད་ཆེན་རྣམ་ལྔའི་སྔོན་འགྲོ་གསུང་རྒྱུན་མ་ཕྱོགས་སུ་བསྡེབས་པ་རྡོ་རྗེ་རྗེའི་གསང་ཚིག་
སུ་ཁ་ཆོས་དྲུག་གི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས།
སུ་ཁ་སིདྡྷིའི་བསྐྱེད་པའི་ལམ་ཟབ་དང་ཆོས་དྲུག་གི་ཁྲིད་ཡིག་ཟུང་འཇུག་མྱུར་ལམ་
ཟབ་ཆོས་ལྷ་བཞི་དྲིལ་སྒྲུབ་ཀྱི་ཁྲིད་ཡིག་ཡེ་ཤེས་འོད་འཕྲོ།
ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ།
རྟ་མགྲིན་ལས་བྱང་དྲེགས་པ་ཀུན་འདུལ་གྱི་ཟུར་འདེབས་པདྨ་རཱ་གའི་ཕྲེང་བ་བཅས་ཁོ་བོས་བྱས་པ་སྟེ་རེ་ཞིག་དེ་ཙམ་མོ།

།གཉིས་པ་ལུང་རྒྱུན་མི་བཞུགས་པའི་སྐོར་ལ།
བླ་མའི་དབང་བཞི་དང་དབང་བཞི་བླ་མའི་སྒྲུབ་ཐབས་
ལམ་འཁྱེར་གསུམ་གྱི་གསལ་བྱེད་ཌཱ་ཀིའི་ཞལ་གདམས།
རྗེ་བཙུན་མུ་ཏིག་ཕྲེང་བ། རྩ་གསུམ་གདམས་པ། དག་སྦྱོང་ཆོ་ག་
རྩ་མདུད་འགྲོལ་བ། རྩ་སྒོ་རླུང་འདོན། རྩ་བརྐྱང་བསྐུམ། རྩ་ཁ་འབྱེད་པ། ཐབས་ལམ་གཏུམ་མོ། རྩིབས་བརྒྱད་འཁོར་ལོ། ཐབས་ལམ་རྣལ་འབྱོར།
བར་ཆད་སྲུང་བ། ཀླུ་ལ་དངོས་གྲུབ་བླང་བ།
ནི་གུའི་དམིགས་ཕྲན་རྣམས་ཀྱི་བྱིན་རླབས་བྱེད་ཚུལ་ཞལ་ཤེས་དང་མན་ངག་ཉེར་མཁོའི་རིགས།
བདེ་མཆོག་མཁའ་སྤྱོད་རིག་འཛིན།
བདེ་མཆོག་ལྷ་ལྔའི་དབང་བསྐུར་ལྷན་ཐབས།
འཁོར་ལོ་སྡོམ་པ་བདེ་ཆེན་མྱུར་སྒྲུབ།
རླུང་བུམ་པ་ཅན་གྱི་གདམས་ངག་ཚན་བཞི།
ཞལ་གཟིགས་ཀྱི་ཆོས་སྐོར་ལས། སྐྱེ་མེད་རྣམ་གསུམ། བདུད་རྩི་བུམ་པའི་ཚེ་སྒྲུབ། སྙིང་རྗེ་མཁའ་ཁྱབ། གནོད་སྦྱིན་ཤིང་རྟའི་གདམས་ངག །གནོད་སྦྱིན་སྲོག་གི་སྙིང་པོ་དང་ཡིད་བཞིན་ནོར་བུའི་སྒྲུབ་ཐབས།

མ་ཧཱ་མུ་དྲ་ཞེས་བྱ་བ་ ཕྱག་རྒྱ་ཆེན་པོ་རང་བབ་རྣམ་གསུམ་གྱི་བསྙེལ་ཐོ་ཁྲིད་ཡིག་ རང་བབ་རྣམ་གསུམ་གྱི་ཁྲིད་ཚུལ་རྣམ་དག་ལམ་ལ་འཇུག་པ་མཁས་གྲུབ་བསམ་སྡིངས་པས་མཛད་པ།
ཕྱག་ཆེན་གའུ་མའི་ཁྲིད་ཡིག་རྡོ་རྗེའི་ཚིག་གི་མདུད་འགྲོལ་ལྐུགས་ལུང་པ་སངས་རྒྱས་དཔལ་བས་མཛད་པ།
གའུ་མའི་གསལ་བྱེད་གྲགས་པ་རྒྱལ་མཚན་གྱིས་མཛད་པ།
ལྷ་སྐུ་དང་སྔགས་ཀྱི་སྤྲོ་བསྡུ་བྱ་བ།
སྣང་སེམས་གཅིག་ཏུ་བསྲེ་བ་རྣམས་ཕྱག་ཆེན་སྐོར་གྱི་ཡིག་རྙིང་གལ་ཆེ་གྲས་སོ།

།ཕྱིས་འཕེལ་བའི་ཆོས་སྐོར་ལས་སངས་རྒྱས་གཉན་སྟོན་ལ་དུར་ཁྲོད་པས་གནང་བ། འཆི་མེད་འཕྲུལ་འཁོར་དང་དེའི་དམིགས་པའི་གནད་ལག་ལེན་བཅས་བཞུགས། འདིའི་རྒྱ་གཞུང་རྩ་འགྲེལ། དབང་ཆོག་རྒྱ་གཞུང་། འཁྲུལ་འཁོར་གསལ་བྱེད་ཉི་མ་རྣམས་གལ་གནད་ཆེ་རུང་ད་ལམ་དཔེ་མ་རྙེད་དོ།
།ཐབས་ལམ་འཁྲུལ་འཁོར་དང་འཆི་མེད་འཁྲུལ་འཁོར།
འཁྲུལ་འཁོར་སུམ་ཅུ་པ། བཅུ་གསུམ་པ། བརྒྱད་པ།
རང་སེམས་འཆི་མེད་རང་གྲོལ། དེའི་ཞལ་གདམས་དང་ལུང་སྦྱོར་ཡིད་བཞིན་ནོར་བུ།
སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ་མཉམ་མེད་སངས་རྒྱས་དཔལ་བཟང་གིས་མཛད་པ།
གེགས་སེལ་རིན་ཆེན་སྒྲོན་མེ།
སྨིན་ཀ་འཚོལ་བའི་ཡིག་ཆུང་།
གསང་སྔགས་འཁོར་ལོ་ལྔ་ལྡན།
ཕྱག་མཆོད་བཀའ་རྒྱ་མ།
རབ་གནས་བཀའ་རྒྱ་མ་དང་དེའི་ཞལ་གདམས་རིགས་གཉིས།
རྗེས་སུ་ཡི་རང་གི་དབང་བསྐུར། དེའི་ཞལ་གདམས་དང་གདམས་ངགརྗེས་སུ་ཡི་རང་བ་ཕྱིའི་བཀའ།
སྨོན་ལམ་བཀའ་རྒྱ་མའི་བྱིན་རླབས།
བླ་མ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས།
སྐྱེ་འགྲོའི་ངག་འགྲོལ།
རྡོ་རྗེ་རྣལ་འབྱོར་མ་ཐོད་པ་རྒྱ་མཚོའི་སྒྲུབ་ཐབས།
བླ་མ་ཤངས་སྟོན་གྱིས་རྒྱལ་མཚན་འབུམ་ལ་གདམས་པའི་གསུང་མགུར།
གྲོལ་མཆོག་ཞབས་ཀྱིས་མཛད་པའི་བླ་མ་ལམ་འཁྱེར་ཁྲིད།
ནི་གུ་ཆོས་དྲུག་ཁྲིད་ཡིག་གསལ་བའི་སྒྲོན་མེ།
ཆོས་དྲུག་དམིགས་རིམ་བསྙེལ་ཐོ།
ནི་གུའི་ཁྲིད་བཤད་ཐབས་འཆུག་མེད་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་ཤངས་ཆོས་ཀྱི་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་བཅས་སོ།

།དེང་སང་འདི་དང་འདི་རིགས་ལ་ལུང་རྒྱུན་མི་བཞུགས་ཤིང་དཔེ་རྒྱུན་ཡང་འདི་ཙམ་ལས་མ་རྙེད་མོད། སྤྱིར་རིན་ཆེན་བདུན་བརྒྱུད། མཁས་གྲུབ་རྣམ་གསུམ་དང་བཅས་པའི་གསུང་དངོས་དང་གསུང་སྒྲོས་ཡིན་ངེས་རྣམས་ཤངས་ཆོས་ཀྱི་རྩ་བ་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་སྤྲས་སུ་བྱ་བ་ཡིན་པས། སླད་ནས་བསབ་པར་འོས་པ་རྙེད་ན་འདི་དག་ཅི་རིགས་པར་བཞུགས་སུ་གསོལ་བར་བྱའོ།
སངས་རྒྱས་དཔལ་བ་དང་གྲོལ་མཆོག་ཞབས་སོགས་ཀྱི་གསུང་རྣམས་ལུང་མེད་རུང་བརྒྱུད་པ་སྔ་མའི་ཡི་གེ་དོན་ཆེན་དུ་སྣང་བས་དཀྱུས་སུ་བཀོད་ལ།
མཁས་གྲུབ་ཤངས་སྟོན་ནས་བརྩམས་བརྒྱུད་པའི་རྣམ་ཐར་ཕལ་ཆེར་དཔེ་དང་། འགའ་ཞིག་ལུང་རྒྱུན་ཀྱང་བཞུགས་རུང་མ་བཀོད་པའི་རྒྱུ་མཚན་གང་སྨོས་ལྟར།
ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བྱིན་རླབས་ཡིག་སྣ་གལ་དུ་ཆེ་རུང་ཡིག་ཆ་གསར་བསྒྲིགས་ཡོད་པས་ཚར་གཉིས་འབྲི་བ་ལ་དགོས་པ་མེད་པ་དང་། མཁྱེན་རབ་ཆོས་རྗེས་མཛད་པའི་སུ་ཁའི་ཁྲིད་ཡིག
འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ནི་གུའི་ཁྲིད་སྐོར་གྱིས་མཚོན་ལེགས་བཤད་ཕལ་ཆེར་ལུང་རྒྱུན་ཞི་བར་ཐིམ་པས་འབྲི་བས་ངལ་བ་ཙམ་ལས་འཆད་ཉན་རྟོགས་པའི་དགོས་པ་མི་འབྱུང་བར་བསམ་ནས་འདིར་སྡུད་པར་མ་ནུས་པས་རེ་ཞིག་དེ་ཙམ་མོ།

།གསུམ་པ་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐོར་ནི། གྲུབ་ཆེན་ཁྱུང་པོས་མངའ་བདག་མཻ་ཏྲཱི་པརཱ་ཧུ་ལ་གུཔྟཔཎྜི་ཏ་རོལ་པའི་རྡོ་རྗེ་སོགས་ལས་མཐའ་ཡས་པ་གསན་ཅིང་། སློབ་དཔོན་ཆོས་ཀྱི་ཤེས་རབ་སོགས་སློབ་མ་ཕལ་མོ་ཆེ་ལ་ཅི་རིགས་པ་སྩལ་བས་ཤངས་པའི་བརྒྱུད་འཛིན་ཀུན་གྱི་ཆོས་སྐྱོང་གཅིག་པུ་བར་སོང་སྟབས་བཀའ་སྲོལ་མཐའ་ཡས་པ་མཆིས་མོད།
གཙོ་ཆེ་བ་ལ་སྟོད་པ་དཀོན་མཆོག་མཁར་ནས་བརྒྱུད་པ་སྟོད་ལུགས་སམ་གནས་རྙིང་ལུགས་དང་། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུསཞང་སྒོམ་ཆོས་སེང་གཉིས་ཀ་ལ་དབོན་སྟོན་སྐྱེར་སྒང་པས་གསན་ནས་བརྒྱུད་པ་སྨད་ལུགས་སམ་རི་གོང་ལུགས་སུ་གྲགས་པ་གཉིས། ཕྱི་མ་ལའང་གདན་ས་པ་སློབ་དཔོན་ཨའི་སེང་གེ་ནས་བརྒྱུད་པ་ཕག་གྲུ་སོགས་ལ་དར་བ་དང་། མཁས་གྲུབ་འཇག་པ་ལས་སྟོད་སྨད་བར་གསུམ་གྱི་བརྒྱུད་སྲོལ་ཁྱད་པར་དགེ་ལུགས་པ་ལ་དར་བ་སོགས་དང་། མཁས་གྲུབ་བསམ་སྡིངས་པ་ལས་ལྷོ་གཅོད་ཀྱི་བརྒྱུད་པ་གཉིས་ལ་སོགས་པ་མཐའ་ཡས་མུ་མེད་ཀྱི་ལུགས་སྲོལ་ཅན་དུ་མཆིས་ཤིང་།
ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་རུང་གཙོ་བོར་བསྡུ་ན་གཉིས། དྲག་པོ་མཐུ་སྒྲུབ་དང་། ཞི་བ་ནོར་སྒྲུབ་བོ།

།དང་པོ་ལ། སྟོད་སྨད་ཀྱི་ལུགས་གཉིས་ལས་སྨད་ལུགས་བེ་བུམ་མཁས་གྲུབ་དགེ་ལེགས་དཔལ་བས་བསྒྲིགས་པ་དར་སྲོལ་ཆེ་བས་འདིར་སྨོས་མ་དགོས། སྟོད་ལུགས་བེ་བུམ་འདི་ལུང་རྒྱུན་མ་ཆད་ཙམ་བཞུགས་ཤིང་རྒྱུན་དཀོན་པས་འདིར་འགོད་པ་ལ།
ཀུ། བེ་བུམ་གྱི་དཀར་ཆག
ཁུ། མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས། རྒྱ་གཞུང་ཤ་བ་རི་པས་མཛད་པ། ༼མཆན་ཡོད།༽ ཕྱིར་ཟློག །གཏོར་དབང་། འཁོན་གྲིབ་སྦྱོང་བ། རྨི་ལམ་བཟློག་པ། མཚན་དོན་བརྒྱ་རྩའི་བསྟོད་པ་ཤ་བ་རི་པས་མཛད་པ། མཁའ་འགྲོ་འབུམ་བསྐུལ་དྷ་ན་སཾ་སྐྲྀ་ཏས་མཛད་པ། ཞིང་སྐྱོང་ནག་པོ་ཆེན་པོ་སྒྲུབ་ཡིག་རཱ་ཧུ་ལའི་གདམས་སྐོར། སྐུ་ཡི་སྒོ་ནས་གཟི་མདངས་བསྐྱེད་པ། གཏོར་ཆེན་གྱི་ཞལ་གདམས། མཚོན་ཆ་འཁོར་ལོའི་བྱིན་རླབས། སྤོས་སྦྱར་མན་ངག །མགོན་པོ་མངོན་འབྱུང་གི་རྒྱུད་ཀྱིས་ཞེས་པ་ནས་འབྱུང་བ་ཕྱོགས་བཅུ་མགོན་པོས་བསྐུལ། གཙང་རིས་མགོན་པོས་བསྐུལ། གཏོར་ཆུང་བསྟབ་པའི་མན་ངག །ཕྱག་བཤགས་རྡོ་རྗེ་གསལ་བའི་སྒྲོན་མེའམ་ཉི་མའི་སྙིང་པོ། ནག་པོ་ཆེན་པོའི་མངའ་གསོལ་ཤ་བ་རི་པས་མཛད་པ། བླ་མ་རཱ་ཧུ་ལའི་གདམས་པ་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ། ཕྱི་ནང་གསང་རྟེན་གྱི་མན་ངག །དབང་བཞི་ལུས་བསྒྲིགས། ཞི་བའི་སྦྱིན་སྲེག་ཇོ་སྲས་མར་གྲགས་པ་བླ་མ་དམ་པ་རིན་ཆེན་རྒྱལ་མཚན་གྱི་གསུང་བཞིན་བྲིས་པ་རྫོགས་སོའི་མཐའ་ཅན། དྲག་པོའི་སྦྱིན་སྲེག་༼མཆན་ཅན།༽ནང་གསེས་ཚན་གསུམ། གསང་བ་ལས་དྲུག་གི་ཞལ་གདམས། བསྐང་མདོས་ཤ་བ་རི་པས་མཛད་པ། དེའི་བརྗེད་བྱང་རབ་ལྡན་རིན་ཆེན་གྱིས་མཛད་པ། འཁོར་བཀའ་༼མཆན་ཅན།༽ ཉན་གསང་སྒྲུབ་བཞིའི་སྒྲུབ་ཐབས། ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་རི་ཁྲོད་དབང་ཕྱུག་གིས་མཛད་པ། བླ་མ་མཻ་ཏྲཱི་པའི་ལུགས་ཀྱི་ལྷ་མོའི་སྲོག་སྒྲུབ། འཁོར་སྤྱིའི་བཀའ་ཡིག །བསད་གསོ་གཉིས་ཀྱི་བཀའ་ཡིག་ཁོག་འབུབ། ལག་ལེན་མཐར་ཐུག་གནད་བདུན་ཞལ་གདམས། སྨྱོ་འབོག་བྱད་ཟོར་ཟློག་པ་ཆོམ་རྐུན་ཇག་ཆིངས་སོགས་ཀྱི་ཞལ་གདམས། ཤ་བ་རི་དབང་ཕྱུག་གིས་མཛད་པའི་བྱིན་རླབས་ནག་པོ་ཆེན་པོའི་སྒྲུབ་ཐབས་གསོ་བའི་ལས་མཐའ་ཅན། དབང་གི་རྒྱལ་པོ་དམར་པོའི་སྒྲུབ་ཐབས། བྱིན་རླབས་༼མཆན་ཅན།༽ རྗེས་གནང་བཀའ་ཡིག བྲིས་སྐུའི་བཞེངས་ཐབས། ཕྱག་དྲུག་མགོན་པོ་མཆིན་ཁའི་སྒྲུབ་ཐབས། སིནྡཱུ་རའི་དབང་སྡུད་ཀྱི་གནད་ཡིག །གནད་དབབ། ལྟ་སྒོམ་སྤྱོད་གསུམ། བསྟོད་པ་དཔལ་ལྡན་མགོན་པོ། ལས་སྦྱོར་དྲུག་གི་གནད་ཡིག །སྲུང་འཁོར་བཀའ་རྒྱ་མ། རབ་གནས་བཀའ་རྒྱ་མ། བཀྲ་ཤིས་བཀའ་རྒྱ་མ། རབ་གནས་ཀྱི་ཞལ་གདམས་བཀའ་རྒྱ་མ། ༼མཆན་ཅན།༽
གུ། མགོན་པོའི་གནད་ཡིག་རང་རྒྱུད་སྦྱོང་ཐབས།
ངུ། སྒྲུབ་ཆེན་ཆོས་འབྱུང་རིན་ཆེན་གྱིས་མཛད་པའི་ལེགས་ལྡན་ཕྱག་དྲུག་པའི་སྒྲུབ་མཆོད་རིན་ཆེན་ཕྲེང་བ།
ཅུ། ཐུན་མོང་མ་ཡིན་པ་སྣ་ཚོགས་མཁའ་འགྲོའི་ཕྲིན་ལས་སྒྲུབ་ཐབས།
ཆུ། སྣ་ཚོགས་མཁའ་འགྲོའི་སྒོ་ནས་ཚེ་དབང་བསྐུར་བ།
ཇུ། དུར་ཁྲོད་གསང་བ་མཆོག་གི་སྒྲུབ་ཐབས།
ཉུ། རྡོ་རྗེ་ནག་པོ་ཆེན་པོའི་དབང་གི་ཆོ་ག ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི་དབང་བསྐུར་རྗེས་གནང་།
ཏུ། རྡོ་རྗེ་ནག་པོ་ཆེན་པོའི་ཞལ་སྔ་ནས་གསུངས་པའི་འོད་ཟེར་ཆེན་པོའི་དབང་གི་ཆོ་ག
ཐུ། རྒྱ་ཅན་མགོན་པོའི་ཕྱི་དུར་ཁྲོད་ལམ་འཁྱེར་གྱི་མན་ངག
དུ། རྒྱན་ཅན་གྱི་ནང་དུར་ཁྲོད་ལམ་འཁྱེར་གྱི་མན་ངག
ནུ། དུར་ཁྲོད་གསང་བ་མཆོག་གི་སྒྲུབ་ཐབས།
པུ། རྒྱན་ཅན་མགོན་པོའི་འཁྲུལ་འཁོར་གྱི་བཀའ་འགྲེལ།
ཕུ། བླ་མ་རྡོ་རྗེ་ནག་པོ་ཆེན་པོའི་རྒྱན་སྒྲུབ་ཀྱི་མན་ངག་བཅས་ཏེ།
དེ་དག་ལས། ཀའི་རྟགས་ཅན་རྣམས་ནི་དཀར་ཆག་ཏུ་མི་གསལ་ཡང་དཀྱུས་ལ་ཆུག་པས་ལུང་རྒྱུན་བར་མ་ཆད་པར་བཀླག་པའི་སྲོལ་ཡོད་འདུག་གོ

།གཉིས་པ་ལའང་། མགོན་པོ་གཟི་ལྡན། མཆིན་ཁ། མགོན་སེར་སོགས་མང་དུ་མཆིས་པ་ལས་གཙོ་བོར་གྱུར་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྐོར་ལ།
གྲུབ་ཆེན་ཁྱུང་པོས་མཛད་པའི་སྒྲུབ་ཐབས་༼མཆན་ཅན།༽ དགོས་འདོད་འབྱུང་བའི་གདམས་ངག་གི་རྒྱལ་པོ། བསྟོད་པ་དགོས་༼ཕྱོགས་བཅུ་དུས་གསུམ་མ།༽ འདོད་འབྱུང་བ་ཞེས་བྱ་བ་བྱིན་རླབས་ཁྱུང་པོས་མཛད་པ། ཡིད་བཞིན་ནོར་བུའི་ལོ་རྒྱུས་གཏོར་མའི་ཆོ་ག །མཆོད་འབུལ། བསྐང་བ། རྗེས་གནང་གི་ཡི་གེ །མཎྜལ་གཏོར་མའི་ཞལ་གདམས་ཅུང་ཟད་དང་བཅས་པ། ལས་ཚོགས་ཐུན་མོང་མ་ཡིན་པ། གཏེར་བུམ་བཅའ་ཐབས། དབང་སྡུད་འཁོར་ལོའི་མན་ངགསྦྱིན་སྲེག ཡང་གཏེར་བུམ་བཅའ་བའི་གདམས་ཟབ་རྒྱས་པ། བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་རྨོག་ལྕོག་པ་ཀུན་དགའ་འོད་ཀྱིས་མཛད་པ། རབ་གནས་ཞལ་གདམས་ནམ་མཁའ་སྟོབས་རྒྱལ་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བཅས།

ཡི་གེ་ཕྱི་མའི་སྐོར་ལ།
ཚར་ཆེན་བློ་གསལ་རྒྱ་མཚོས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། ཡང་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འཇམ་མགོན་ཀུན་དགའ་གྲོལ་མཆོག་གིས་མཛད་པ། གཉིས་ཀ་ལ་ཉེ་བར་མཁོ་བའི་མགོན་པོའི་བཀའ་ཆེན་བཅུ་གསུམ་དུ་གྲགས་པའི་བྱིན་རླབས་བྱེད་ཐབས་ཀྱི་ཡི་གེ །མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་དང་ཁྲིད་ཡིག །ཀྵེ་ཏྲ་པཱ་ལའི་རྗེས་གནང་། བརྒྱུད་པ་འདིའི་ལུགས་ཀྱི་བྱིན་རླབས་ཆེ་ཤོས་ཀྱི་གསོལ་འདེབས་ན་མོ་བུདྡྷ་བཅས་ཀྱིས་རེ་ཞིག་ལེགས་པར་གྲུབ་བོ།
།མགོན་པོ་དཀར་མཐིང་གཉིས་ཀ་ལ་ཕྱིས་ཀྱི་བླ་མ་རྣམས་ཀྱི་ཡིག་ཆ་ཇི་སྙེད་གཅིག་འདུག་པ་མཐའ་དག་འབྲི་བར་དཀའ་བས་དེ་དག་གི་སྙིང་པོ་སྡུས་པ་ཙམ་རེ་བྱུང་ན་གལ་གནད་ཆེ་བར་སྣང་།
ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་ཇི་སྙེད་པའང་བསྡུ་ན། ཁྱུང་པོ་རྣལ་འབྱོར་ཉིད་ནས་བརྒྱུད་པ་དང་། ཕྱིས་འཕེལ་བའི་ཆོས་ཀྱི་རྣམ་གྲངས་གཉིས་སུ་འདུ། སྔ་མ་ལ་ཡེ་ཤེས་མཁའ་འགྲོ་ཞལ་གཉིས་ལས་གསན་པ་དང་། གྲུབ་ཐོབ་གཞན་ལས་བརྒྱུད་པ་གཉིས་ལས། རྩ་བ་སྡོང་པོ་ཡལ་ག་མེ་ཏོག་འབྲས་བུ་ལྔའི་སྐོར་ཇི་སྙེད་པ་དང་། བདེ་མཆོག་གི་སྐོར་ཕལ་མོ་ཆེ། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་རིགས། བླ་མའི་དབང་བཞི། དུག་ལྔ་དང་སྐུ་གསུམ་ལམ་འཁྱེར། མུ་ཏིག་ཕྲེང་བ་སོགས་ཞལ་གདམས་ཉེར་ལྔ། ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས། བར་ཆད་གསལ་ཐབས། གཞན་དོན་མི་འགྲུབ་མི་སྲིད་པ། རྣམ་འཇོམས་དང་བདེ་མཆོག་གསང་སྒྲུབ། བཀྲ་ཤིས་སོགས་བཀའ་རྒྱའི་སྐོར་རྣམས་ནི་གུ་མས་བརྒྱུད་པའི་ཟབ་ཆོས་ཡིན།
སུ་ཁའི་སྐོར་རྣམས་སུ་ཁ་སིདྡྷི་དངོས་ལས་གསན་པ་དང་།
རྡོ་རྗེ་གདན་པ་ལས་བདེ་མཆོག །མཁའ་སྤྱོད་སྐོར་སོགས་མང་དུ་གསན་ཀྱང་ད་ལྟ་ཟུར་དུ་བཞུགས་པ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོ། རྗེས་སུ་ཡི་རང་གི་གདམས་སྐོར། དམིགས་པ་རིན་ཆེན་སྒྲོམ་བུ་ཙམ་མོ། །ཕྱི་མ་འདི་འཇམ་དཔལ་གྱིས་ཤངས་པ་ལ་ཉེ་བརྒྱུད་དུ་གནང་བའང་ཡིན།
ལྷ་བཞིའི་སྐོར། འཁོར་བཅིངས་གྲོལ། ཤིང་རྟ་དང་བུམ་པ་ཅན་གྱི་རླུང་སྐོར། ཕྱག་རྡོར་གསང་སྒྲུབ། མགོན་པོའི་སྐོར་རྣམས་རཱ་ཧུ་ལ་ལས་བརྒྱུད་པ་དང་། མཁའ་སྤྱོད་དཀར་དམར་ཡང་དེ་ཉིད་དང་། སྦས་པའི་རྣལ་འབྱོར་པ་ལས་རྫོགས་པར་གསན་ཀྱང་ཡིག་ཆ་ཟུར་པ་མི་བཞུགས།
མཻ་ཏྲཱི་པ་ལ་ཕྱག་ཆེན་དག་པ་ཡེ་ཤེས། སྐུ་གསུམ་ལམ་འཁྱེར་སོགས་གསན་ཀྱང་ཡིག་ཆ་སྔ་མ་རྣམས་སུ་འདུ་ཞིང་། མགོན་པོའི་སྐོར་གྱི་རྩ་བའི་བརྒྱུད་པའང་འདི་ལ་འདེད་དགོས་སོ།
།ཞལ་གཟིགས་ཀྱི་ཆོས་དང་གསུང་མགུར། ཕྱིས་བྱུང་རང་རང་ལ་བཀའ་བབ་པའི་ཆོས་རྣམས་ནི་སྡེ་ཚན་གྱི་སྡེ་པ་སོགས་རྟོགས་སླ་བར་ཟད་ལ།
མདོར་ན་དེང་སང་དཔེ་རྒྱུན་དང་ལུང་རྒྱུན་བཞུགས་པའི་ཤངས་ཆོས་ཁུངས་མ་ནི་འདི་ཙམ་དུ་སྣང་བས། ཐར་པ་དོན་དུ་གཉེར་བའི་བློ་ཅན་དག་གིས་འབྲི་བ་དང་། ཉམས་སུ་ལེན་པ་དང་། འཆད་པ་ལ་སོགས་པ་ཅུང་ཟད་རེ་ནུས་ནའང་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཟབ་མོའི་མཛོད་བཟུང་བ་ཡིན་པས་རང་དང་གཞན་གྱི་དོན་རླབས་པོ་ཆེ་འགྲུབ་པར་འགྱུར་བ་མ་ཟད། བསྟན་པའི་ཉག་ཐག་གང་ཕྲ་བ་དེ་ཉིད་འཛིན་པ་ལ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་ཉིན་རེ་བཞིན་བསྔགས་པའི་ལྗགས་ཟད་མི་ཤེས་པ་རྐྱོང་བར་མཛད་དོ།
།རིན་ཆེན་གསེར་གྱི་ཁུར་པོ་ཐེག་ཚད་དང་། །ལུས་སྲོག་ཐེད་དུ་བོར་བའི་དཀའ་སྤྱད་ཀྱིས། །མཁས་གྲུབ་ཕྱེད་དང་ཉིས་བརྒྱ་ཁྱད་པར་དུ། །ཡེ་ཤེས་མཁའ་འགྲོའི་གཅེས་པའི་དབྱིག་བསྡུས་པ།
།མི་མཆོག་མཐར་ལམ་པ་ཡི་ཕྲེང་བ་ཡིས། །གངས་ཅན་སྐྱེ་དགུ་གྲུབ་པའི་ཁང་བཟང་དུ། །རྡོ་རྗེའི་ལོངས་སྤྱོད་སྩལ་དང་སྩོལ་འདི་ལ། །གཏན་གྱི་དབུལ་སེལ་འདོད་རྣམས་དོན་གཉེར་འོས།
།རྒྱལ་བའི་གསང་མཛོད་ཌཱ་ཀིའི་ཐུགས་ཀྱི་ཁྲག །གྲུབ་མཆོག་བྱེ་བ་འབུམ་སྡེས་ཕྱག་བྱས་པ། །སྙིགས་འགྲོ་དབུལ་པོའི་སྐལ་བར་ཤོང་བ་ཡིས། །བསོད་ནམས་དུས་དེ་ནམ་ཞིག་ཚེས་པར་འགྱུར།
།ཆོ་འཕྲུལ་མངོན་པར་འབྱུང་བའི་ཐེག་པ་ནི། །ལྷ་མིའི་བསོད་ནམས་ལས་གྲུབ་མཆོད་པའི་སྡོང་། །མཁའ་སྡིང་མཐུ་ཡི་ཆར་ཡང་མི་བརྫི་བ། །བྱི་དོར་བྱས་པས་འདི་བསྟན་རབ་འབར་ཤོག
།ཡང་སྲིད་ཀུན་ཏུ་གསང་བའི་ཐེག་ཆེན་འདི། །ཡོངས་སུ་ཆུབ་ཅིང་སྲོག་ལས་གཅེས་པར་འཛིན། །མཁའ་མཉམ་སྐྱེ་དགུའི་གསོས་སྦྱིན་དེ་ཀུན་ཀྱང་། །བསྟན་པ་འདི་ལས་གསང་བ་མཆོག་འགྲུབ་ཤོག
།བརྟན་གཡོའི་སྲོག་ཏུ་ཀུན་ཁྱབ་བཀྲ་ཤིས་ཀྱི། །དཔལ་འབར་རྡོ་རྗེ་འཆང་ཆེན་གར་གྱི་ཕྲེང་། །ཐོག་མཐའ་བར་དུ་དགེ་བའི་རྫོགས་ལྡན་སྤྲིན། །སྙིགས་མའི་མཐར་ཡང་སྲིད་པ་གསུམ་འགེངས་ཤོག
།ཅེས་པ་འདིའང་རང་ཉིད་ཀྱི་དད་པའི་རྟེན་དུ་གླེགས་བམ་གྲ་ཚར་བཞེངས་པའི་རྒྱུ་དང་། ཀུན་མཁྱེན་བླ་མས་བཀའི་གནང་བ་སྩལ་བའི་རྐྱེན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། མི་ཕྱེད་དད་པའི་བློས་བཀའ་བརྒྱུད་རིན་པོ་ཆེ་སྙིང་གི་ཐིག་ལེར་བཅངས་པའི་སྤོང་བ་པ་འདུ་ཤེས་གསུམ་གྱི་རྣལ་འབྱོར་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། རྒྱལ་བའི་སྲས་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊཱི་གསུམ་པ་དཔལ་སྤུངས་གདན་སའི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་མགུལ། ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་བསྟན་པ་རིན་པོ་ཆེ་འདི་ཉིད་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།